འཛམ་གླིང་ཐོག་ཆེས་ཆེ་བའི་གེ་སར་གྱི་བྲག་སྐུ་རང་བྱོན་ཞིག་རྙེད་པ།

དཀོན་མཆོག་རྡོ་རྗེ། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 08-29


      

         གངས་ལྗོངས་ཉི་གཞོན་དྲ་བའི་འཕྲིན།( དཀོན་མཆོག་རྡོ་རྗེས་བྲིས་ཤིང་པར་བླངས། )ཉེ་སྔོན། སྡེ་དགེ་འཁོར་ལོ་མདོ་རུ་འགྲོ་སྐབས་ས་གནས་དེའི་སྡེ་དཔོན་གྱིས་མཛེས་ལྗོངས་སྐོར་གྱི་འདྲ་པར་རེ་རྒྱག་དགོས་པའི་རེ་བ་ལྟར། ང་རང་སྤྱི་ཟླ་བདུན་པའི་ཚེས་ཉེར་གཉིས་ཉིན་གྱི་ཞོགས་པར་གྲོང་མི་ཁ་ཤས་ཀྱི་ལམ་སྟོན་འོག་དེ་སྔོན་ཆད་རྒྱག་མཁན་ཕལ་ཆེར་འགྲོ་མ་མྱོང་བའི་མོང་ཡངས་ནང་ཞེས་པའི་ལུང་ཀྱོག་ཞིག་ཏུ་པར་རྒྱག་ཏུ་སོང་། བསམ་ཡུལ་ལས་འདས་པ་ཞིག་ནི། མོང་ཡངས་ཐང་ནས་སྤྱི་ལེ་བཞི་ཙམ་ཡོད་པའི་རི་གོང་མདོ་རུ་མ་སླེབས་ཙམ་གྱི་བྲག་ངོས་ཤིག་ཏུ་རང་བྱུང་ལས་གྲུབ་པའི་མི་མགོའི་བཟོ་དབྱིབས་འདྲ་པའི་ཡ་མཚར་པོའི་འདྲ་གཟུགས་ཤིག་མཐོང་། ཞིབ་ཏུ་ལྟ་དུས་མི་ཞིག་གི་ཁ་མིག་སྣ་དང་། མ་ནེ། ཐོད་པ། ཞྭ་སོགས་གསལ་པོ་མཐོང་རྒྱུ་འདུག་ལ་བྲག་སྐུ་རང་བྱོན་དེ་ནི་རྡོ་རྐོས་རི་མོ་དང་།  ཞལ་འབག ཞལ་ཐང་ནང་གི་གླིང་གེ་སར་རྒྱལ་པོའི་སྐུ་བརྙན་དང་ཧ་ཅང་འདྲ་པོ་འདུག འདྲ་པར་དེ་མི་སུས་མཐོང་ན་འདི་གེ་སར་གྱི་འདྲ་སྐུ་མ་རེད་དམ་ཟེར་མཁན་ཧ་ཅང་མང་པོ་འདུག་པས་འདིར་གེ་སར་གྱི་བྲག་སྐུ་རང་བྱོན་ཞེས་པའི་མིང་བཏགས་པ་ཡིན། 

        སྡེ་དགེའི་ཡུལ་ཕྱོགས་ནི་ཤར་ཁྲ་མོ་གླིང་དཀར་སྟོད་པའི་ཕ་ས་དང་། གླིང་གེ་སར་རྒྱལ་པོའི་འཁྲུངས་ཡུལ་ཡང་ཡིན་པས་གེ་སར་སྐོར་གྱི་རྗེས་ཤུལ་དང་གཏམ་རྒྱུད་མང་དག་ཡོད་པ་ནི་བཤད་མ་དགོས་པ་ཞིག་རེད། འཁོར་ལོ་མདོ་རྐྱང་པ་ལའང་གེ་སར་སྐོར་གྱི་བཤད་སྲོལ་དང་གཏམ་རྒྱུད་ཧ་ཅང་མང་། དཔེར་ན། ཡུལ་དེའི་མཚེར་གཤིས་ཞེས་པའི་ས་ཆ་དེ་ནི་ལྷ་རྟ་རྐྱང་ལུ་སྒ་རྒྱེབ་སྔོན་གྱི་ཕ་ཡུལ་ཡིན་པའི་བཤད་སྲོལ་དང་། ད་དུང་ལྷ་རྟ་རྐྱང་ལུའི་རྨིག་རྗེས་ཆེ་ཆུང་མང་པོ་ཡང་མཐོང་རྒྱུ་ཡོད།  དེ་ནས་རྡོ་རྩེ་མདའི་བཟང་དིལ་སྒང་ཞེས་པའི་ས་ཆ་རུ་ཕུ་བོ་རྒྱ་ཚ་ཞལ་དཀར་གྱི་ཤར་སྒོ་སྲུང་བའི་དམག་དཔོན་ཉི་མ་རང་ཤར་དང་། ནམ་མཁའ་སེང་གེའི་མཁའ་ཤུལ་ད་ལྟ་ལའང་མཇལ་རྒྱུ་ཡོད། སྡོམ་ཤོད་ཞེས་པའི་ས་ཆ་རུ་སེང་ལྕམ་འབྲུག་མོའི་བུ་རོ། འབྲུག་མིའི་ཐག་ཁྲི་དང་། འབྲུག་མོའི་ཚ་ཆུ་སོགས་ཀྱི་བཤད་སྲོལ་མང་པོ་ཡོད་འདུག  

        སྤྱིར་འཁོར་ལོ་མདོ་ནི་སྔོན་གླིང་གི་དུས་སྐབས་དང་སྡེ་དགེ་རྒྱལ་པོའི་དུས་སུ་འགག་དོག་མོ་སྲུང་བའི་ས་ཆ་གལ་ཆེན་ཞིག་ཡིན། སྡེ་དགེའི་རྒྱལ་རབས་དང་པོ་བོ་ཐར་བཀྲ་ཤིས་སེང་གེའི་བུ་མོ་གླིང་དཔོན་བདག་དྲུང་དུ་གནའ་མ་སྦྱིན་པའི་རིན་དུ་གླིང་ཚང་གིས་མཛོ་ཡི་ཉིན་རྨོས་ཀྱི་ས་ཞིག་ཐབས་རྩལ་གྱིས་ལོན་ཐབས་ཏེ་འཁོར་ལོ་མདོ་མན་ཆོད་སྡེ་དགེ་རུ་དབང་བར་བྱས་པར་གཞིགས་ན་འཁོར་ལོ་མདོ་ནི་ས་ཆ་གལ་ཆེན་ཞིག་ཡིན་པ་ཤེས་ཐུབ།   
        མོང་ཡངས་ཐང་ནི་སྡེ་དགེའི་མདུན་སྐོར་སུམ་ཅུའི་ནང་གི་ཏོ་རུ་ཚང་གི་སྡོད་གནས་ཡིན་ཞིང་། ད་ལྟ་མཁར་ཤུལ་གྱི་གྱང་ར་ཙམ་ལས་མེད་རུང་། གྱང་རའི་རྒྱ་ཁྱོན་དང་མཐོ་ཚད་སོགས་ལས་ཏོ་རུ་ཚང་གི་གཟི་བརྗིད་ཀྱི་ལོ་རྒྱུས་རི་མོ་ཞིག་ས་གནས་འདིར་བྲིས་ཡོད་པ་ཤུགས་ཀྱིས་ཤེས་ཐུབ།  
        མོང་ཡངས་ཐང་ནས་ཡར་ལུང་པའི་ཕུ་ལ་སོང་ན། རི་གོང་མདོ་དང་ཤྭ་རི་མདོ། ལྕང་ར་གཡུ་རྩེ། མཁན་ཆེན་རྟ་རྩེ། མོང་ཡངས་ཕུ། རྫ་ལུང་འགག མཁའ་ལྷུང་སྟེང། སྟོད་ལ་རས་སྐུང་མཚོ་ཆེན་དང་གབ་མཚོ་སོགས་མཚོ་དང་མཚེའུ་དུ་མས་བསྐོར་བ། བར་དུ་སྤང་ཐང་གཡུ་ཡི་མེ་ལོང་ལྟར་མཛེས་ཤིང་།  རང་བྱུང་གི་མེ་ཏོག་ལྡུམ་རས་མིག་འཕྲོག་པ།  སྨད་དུ་ནགས་རི་སྟུག་པོས་བསྐོར་ཞིང་རི་ཤྭ་རྣ་བགོ་གསུམ་དང། གཡི། གསའ། སྟག་གཟིག་དོམ་དྲེད་སོགས་རི་དྭགས་སྣ་ཚོགས་ཕ་གཞིས་སུ་ཆགས་ཡོད།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1