གསེར་ཐར་རྫོང་གིས་ཆུ་དཔོན་ལམ་ལུགས་དོན་འཁྱོལ་བྱས་ཏེ་ཆུའི་ཐོན་ཁུངས་སྲུང་སྐྱོང་བྱས།

པད་མ་སངས་རྒྱས་ཀྱིས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 09-04


        གསེར་ཐར་རྫོང་གིས་ཁུལ་ཨུའི་1236 གི་གོང་འཕེལ་དམིགས་འབེན་ལ་དམ་པོར་དམིགས་ཤིང་། རྫོང་དེའི་ཆུ་དཔོན་ལམ་ལུགས་ཁྱོན་ཡོངས་ནས་སྐུལ་སྤེལ་བྱེད་པའི་གལ་ཆེ་བའི་རང་བཞིན་དང་དགོས་གཏུག་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱས་ནས། ཆུ་དཔོན་ལམ་ལུགས་ཀྱི་ལས་ཀ་དོན་འཁྱོལ་བྱས་པ་རེད། རྫོང་གི་མངའ་ཁོངས་ཀྱི་འབབ་ཆུ་གཙོ་བོ་18ལ་རྫོང་དང་ཤང་། གྲོང་ཚོ་བཅས་རིམ་པ་གསུམ་གྱི་ཆུ་དཔོན་བསྐོ་བཞག་བྱས་ཤིང་།  དེ་ལྷག་ཆུ་བོ་42 ལ་ཤང་དང་གྲོང་ཚོ་རིམ་པ་གཉིས་ཀྱི་ཆུ་དཔོན་བཞག་པས་ཆུ་བོ་ཆེ་ཆུང་60ལ་ཆུ་དཔོན་བཞག་ཡོད་པ་རེད། 
        དེ་དང་ཆབས་ཅིག་ཆུ་བོའི་ཐོན་ཁུངས་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཆུ་ལམ་གྱི་བྱེ་རྡོའི་ཐོན་ཁུངས་སྔོག་འདོན་བྱས་ཤུལ་ལ་བཅོས་སྐྱོང་ལས་ཀ་སྤེལ་བ་དང་། ཆུ་ལམ་ཐོག་བྱེ་རྡོ་རྐོ་བའི་ལམ་ལུགས་བཙུགས་ཏེ། ཆུ་ལམ་དུ་བྱེ་རྡོ་རྐོ་བའི་སྡེ་ཚན་དང་ཡང་ན་མི་སྒེར་གང་རུང་གིས་ངེས་པར་དུ་ཆུ་ལམ་དུ་བྱེ་རྡོ་སྔོག་འདོན་བྱེད་པའི་འབྲེལ་ཡོད་གཏན་འབེབས་དང་གོ་རིམ་ལྟར་བྱེ་རྡོ་རྐོ་བའི་ཆོག་མཆན་ལོན་དགོས་པ་ལས་རང་མོས་ཀྱིས་བྱེ་མ་སྔོག་འདོན་བྱེད་མི་ཆོག དེ་དང་ཆབས་ཅིག་བྱེ་མ་སྔོག་འདོན་བྱེད་པར་ཞིབ་བཤེར་མཆན་འགོད་བྱེད་མཁན་གཙོ་བོའི་འགན་འཁྲི་ཚད་ལྡན་བྱས་ཏེ་སྡེ་ཚན་ཁག་དང་། ཤང་(གྲོང་རྡལ) དང་། གྲོང་ཚོ་དང་ཚོ་ཆུང་བཅས་ཀྱིས་ཆོག་མཆན་སྤྲད་མི་ཆོག་པའི་བླང་བྱ་བཏོན་པ་རེད། སུས་སྔོག་འདོན་བྱས་ན་དེས་སྲུང་སྐྱོང་བྱ་རྒྱུ་དང་། སུས་གཏོར་བཤིག་བཏང་ན་དེས་བཅོས་སྐྱོང་བྱ་རྒྱུའི་རྩ་དོན་ལྟར། བྱེ་རྡོ་རྐོ་མཁན་གྱི་ཁེ་ལས་དང་མི་སྒེར་ལ་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་ལྟར་ཆུ་ལམ་ཤར་བགྲོད་དང་། སྐྱེ་ཁམས་ཁོར་ཡུག་སླར་གསོ་སོགས་ཀྱི་ལམ་ལུགས་ལག་བསྟར་ནན་པོ་བྱས་ཏེ་བདེ་འཇགས་ཀྱི་དོན་རྐྱེན་མི་འབྱུང་བར་སྔོན་འགོག་བྱ་དགོས་པའི་སྐུལ་མ་བཏང་བ་རེད། བྱེ་རྡོ་སྤུངས་བཞག་བྱེད་ས་དང་འཕྲུལ་འཁོར་སྒྲིག་ཆས་འཇོག་ས་ཚད་ལྡན་བྱས་ཏེ་དེ་དག་གང་བྱུང་དུ་བཞག་པའི་བྱ་སྤྱོད་མཐའ་གཅིག་ཏུ་གཏན་འགོག་བྱས་པ་རེད། ད་དུང་ལས་རེས་ལམ་ལུགས་དོན་འཁྱོལ་དང་། རྫོང་བྱེ་རྡོ་ར་བ་བཅོས་སྒྲིག་ཚོ་ཆུང་གི་ཁོངས་མིས་བྱེ་རྡོ་རྐོ་སའི་གཙོ་གནད་ས་ཚུགས་ལ་ཉིན་མཚན་སྦྲེལ་ནས་ཞིབ་བཤེར་བྱ་རྒྱུའི་ལམ་ལུགས་བཙུགས་ཏེ། ཆུ་ལོག་ཉེན་ཟོན་མི་སྣའི་ལས་རེས་གནས་ཚུལ་དང་། འཕྲུལ་འཁོར་སྒྲིག་ཆས་འཇོག་སའི་གནས་ཚུལ། བྱེ་རྡོ་སྤུངས་ཚུལ་སོགས་ལ་ཞིབ་བཤེར་བྱས་པར་བརྒྱུད་ནས་བདེ་འཇགས་མིན་པའི་བྱ་སྤྱོད་ཡོད་ན་འཕྲལ་མར་དག་ཐེར་ལེགས་བཅོས་བྱ་དགོས་པའི་འགན་དཀྲི་བ་དང་། བྱ་སྤྱོད་ཚབས་ཆེན་ཡིན་ན་འབྲེལ་ཡོད་འགན་འཁུར་མི་སྣ་ལ་འགན་འཁྲི་བདའ་འདེད་གཏང་རྒྱུ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1