འབར་ཁམས་གྲོང་ཁྱེར་གྱིས་ཁོར་སྲུང་སྒྱུར་བཅོས་ལས་དོན་དམ་འཛིན་བྱས།

ཆོས་རྒྱས་ཀྱིས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-18


      འབར་ཁམས་གྲོང་ཁྱེར་གྱི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་ལེགས་པོ་ཡོང་ཆེད་དང་། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོང་རྟོག་ཞིབ་ལས་དོན་ལེགས་པར་སྒྲུབ་ཆེད་དང་། ཏང་སྲིད་དཔུང་བ་མཉམ་གཤིབ་ཀྱིས་ལས་གནས་གཅིག་ལ་འགན་འཁྲི་གཉིས་ལག་ལེན་དོན་འཁྱོལ་ཡོང་ཆེད། ཉེ་ཆར་འབར་ཁམས་གྲོང་ཨུའི་འགོ་ཁྲིད་རྣམས་ཀྱིས་སྣེ་ཁྲིད་ཅིང་། འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བ་རྣམས་རྟོག་ཞིབ་ཚོ་ཆུང་དུ་ཞུགས་ཏེ་ཞིང་ཆེན་གྱིས་བཏོན་པའི་ཁོར་ཡུག་གི་གནད་དོན་བསྒྱུར་བཅོས་བྱ་བའི་གནས་ཚུལ་ལ་ལྟ་རྟོག་བྱས། 

      རྟོག་ཞིབ་ཚོ་ཆུང་གིས་འབར་ཁམས་གྲོང་ཁྱེར་ནུས་འཛོམ་ཀུའེ་རིགས་ཚད་ཡོད་ཀུང་སི་དང་། གད་སྙིགས་བསྡུ་ཉར་ཁང་། བཙོག་ཆུའི་བཟོ་གྲྭ་སོགས་ཀྱི་ཡུལ་དངོས་སུ་སོང་སྟེ་བརྟག་ཞིབ་བྱས་ཤིང་། ཡུལ་དངོས་ནས་རྟོག་ཞིབ་ཚོ་ཆུང་གིས་བསྟན་དོན། རིམ་པ་སོ་སོའི་སྡེ་ཁག་གིས་ཁོར་ཡུག་སྲུང་སྐྱོང་གི་གནད་དོན་བསྒྱུར་བཅོས་བྱ་བ་གཙིགས་སུ་འཛིན་དགོས་པ་དང་། འགན་འཁྲི་ཕྲག་ཏུ་བསྣམས་ཏེ་དུས་ཐོག་ཏུ་ལས་འགན་འགྲུབ་པར་བྱ་རྒྱུ་གལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི་ཁོར་ཡུག་སྲུང་སྐྱོང་གི་མ་མཐའི་ཚད་ཐིག་གཉིས་ཀ་ལག་ལེན་དོན་འཁྱོལ་ཡོང་བ་བྱ་དགོས་ལ། དྭངས་གཙང་གི་རི་ཆུ་ནི་རིན་ཆེན་གསེར་དངུལ་ལས་ལྷག་པའི་དགོངས་དོན་སྙིང་སྟོབས་ཡིན། བརྟག་ཞིབ་ལས་དོན་ལ་མགོ་གཡོག་ཐབས་ཙམ་མིན་པར་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་སྤྱི་ཚོགས་ཀྱི་གྲུ་ཟུར་ཀུན་དུ་ཁྱབ་པར་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་དང་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་སེམས་གཏིང་དུ་སིམས་པར་བྱ་རྒྱུའོ།།

       རྟོག་ཞིབ་ཚོ་ཆུང་གིས་བསྟན་དོན་ལ། གད་སྙིགས་དང་བཙོག་ཆུ་མེད་པར་བཟོ་རྒྱུ་ནི་གྲོང་ཁྱེར་འཛུགས་སྐྲུན་གྱི་གནད་ཀྱི་དམ་པ་ཡིན་ལ། འབྲེལ་ཡོད་སྡེ་ཁག་གིས་ཞིང་ཆེན་ཁོར་ཡུག་སྲུང་སྐྱོང་ཚོ་ཆུང་གིས་བཏོན་པའི་གནད་དོན་ལ་དུས་ཐོག་ཏུ་བསྒྱུར་བཅོས་བྱ་དགོས་པ་དང་། འཕྲལ་ཕུགས་གཉིས་སུ་ཕན་པའི་བསྒྱུར་བཅོས་གཏང་རྒྱུ། ལས་ཀའི་དུས་རིམ་གསལ་པོར་ཕྱེས་ཏེ་དུས་ཚོད་ཀྱི་རེའུ་མིག་བཟོས་ཤིང་དུས་བཅད་ལྟར་བསྒྱུར་བཅོས་བྱ་རྒྱུ། རྣམ་གྲངས་གསར་བས་ལྗང་སྒྱུར་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། སྐྱེ་ཁམས་དཔལ་ཡོན་དང་ཁོར་ཡུག་སྲུང་སྐྱོང་གི་ཆེད་ནུས་ཤུགས་ཡོད་རྒུ་རྩལ་དུ་སྤྲུག་རྒྱུའོ།།

       རྒྱུས་ལོན་པ་ལྟར་ན། ཁོར་ཡུག་སྲུང་སྐྱོང་གི་ལས་དོན་སྤེལ་བ་ནས་བཟུང་། ཞིང་ཆེན་ཁོར་ཡུག་སྲུང་སྐྱོང་རྟོག་ཞིབ་ཚོ་ཆུང་གིས་འབར་ཁམས་གྲོང་ཁྱེར་དུ་ཁོར་ཡུག་གི་གནད་དོན་ཁྱོན་44བཏོན་ཞིང་། ཡུལ་དངོས་བརྟག་ཞིབ་དང་ཞུ་གཏུག་སོགས་བརྒྱུད་རྗེས་བསྒྱུར་བཅོས་བྱ་དགོས་པ་14ཡོད་ལ། ད་ལྟའི་བར་དུ་11བསྒྱུར་ཟིན་ལ། འགྲུབ་ཚད་བརྒྱ་ཆ་78.6ཡིན། གྲོང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གི་འགོ་ཁྲིད་པའི་བསམ་འཆར་ལྟར་གོང་བཀོད་ཀྱི་གནད་དོན་3གྱི་འབྲེལ་ཡོད་འགན་འཁུར་སྡེ་ཁག་དང་ཁེ་ལས་ཀྱིས་བསྒྱུར་བཅོས་ཀྱི་ཐབས་ལམ་དང་། དུས་ཚོད་སོགས་གཏན་དུ་འཁེལ་ཟིན། དེ་བཞིན་དུ་གྲོང་ཁྱེར་གྱིས་ཁོར་ཡུག་སྲུང་སྐྱོང་གི་རྟོག་ཞིབ་ཀྱི་ཁྲོད་དུ་རང་བཤེར་རང་འདུམ་གྱི་གནད་དོན་38རྙེད་ཅིང་། དེར་ཁོར་ཡུག་སྲུང་སྐྱོང་གི་ཁྲིམས་ལུགས་ཁྲིམས་སྲོལ་དང་འགལ་བ་23ཡོད། ཁྲིམས་ལུགས་ཁྲིམས་སྲོལ་དང་འགལ་བའི་རྣམ་གྲངས་དོ་དམ་གྱི་རེ་འདུན་ལྟར་དུ། ད་ལྟ་རྣམ་གྲངས་ཡོད་ཚད་བསྒྱུར་བཅོས་བཏང་དང་གཏང་བཞིན་པའི་སྒང་ཡིན་ནོ།།




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1