གཙོ་ངོས།>> དམངས་སྲོལ།>>དམངས་རྩོམ།

རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས། རིག་འབྱུང་དྲ་བ། སྤེལ་དུས། ༢༠༡༤ལོའི་ཟླ་བ་༠༧ཚེས་༢༡ཉིན།

༄༅། །དམངས་ཁྲོད་གཏམ་རྒྱུད་ཨ་རིག་གླེན་པ།

 

      སྔོན་ས་ཆ་ཞིག་ཏུ་རྒན་མོ་མ་བུ་གསུམ་ཡོད་པ་རེད། བུ་ཆེ་བར་ཨ་རིག་གླེན་པ་ཞེས་འབོད་ཅིང་ཆུང་བར་ཨ་ཆུང་ཞེས་ཟེར། སྤྱིར་ཁོང་བུ་སྤུན་གཉིས་ཧ་ཅང་བླུན་པོ་ཡིན་ཞིང་། དེ་ལས་ཀྱང་ཨ་རིག་གླེན་པ་ནི་ཡུལ་གྲུ་དེར་སྐད་གྲགས་ཡོད་པའི་བླུན་པོ་ཁོ་ན་ཡིན། 

     ཉིན་ཞིག ཁོང་མ་བུ་གསུམ་པོར་མཛོ་མོ་ཞིག་ཡོད་པ་དེ་བོར་སོང་བས། བུ་སྤུན་གཉིས་ཀ་ལུང་པའི་སྟོད་སྨད་བྱས་ཏེ་འཚོལ་དུ་སོང་བ་རེད། ཨ་རིག་གླེན་པ་ལུང་སྨད་དུ་སོང་ནས་འཚོལ་སྐབས། མཛོ་མོ་ནི་དེ་གར་སྟག་ཅིག་གིས་བསད་དེ་ཟ་བཞིན་པ་མཐོང་། ཁོ་རང་རྟབ་རྟབ་པོར་ཕར་བརྒྱུགས་སོང་ཚེ། སྟག་གིས། ཧ་་་་་ཞེས་ངར་སྐད་སྒྲོག་གིན་སྟེང་དུ་མཆོངས་ཡོང་བ་ན། ཁོ་སྟག་གི་ཡ་ཁ་དང་མ་ཁར་འཐམས་ནས་སྟག་བསད་པ་རེད། དེའི་ཚེ་ནུ་བོ་ཨ་ཆུང་ཡང་དེར་སླེབས། དེ་ནས་ཨ་རིག་གིས། ད་ཁྱོད་ཀྱིས་མཛོ་མོའི་ཤ་ཁུར་རམ་སྟག་ཤ་ཁུར་ཅེས་དྲིས་པར། ཨ་ཆུང་གིས་གཅིག་ཀྱང་མ་ཐེག་པས། ཨ་རིག་གིས་ཤ་བུབས་གཉིས་པོ་ལྷན་དུ་ཁུར་ནས་སྔོན་དུ་བརྒྱུགས་སོང་། ཨ་ཆུང་རྗེས་ནས་ག་ལེར་ཡོང་། ཨ་རིག་ཁྱིམ་དུ་སླེབས་སྐབས་ཨ་མས། སྟག་ཇི་ལྟར་བསད་ཚུལ་དྲིས་པར། ཁོས་ཨ་མ་ལ་ཁྱོད་སྟག་ཡིན་ཁུལ་གྱིས་ཕྱར་བ་གོན་ལ་ཕ་གི་ནས་ཧ་་་་ཞེས་ངར་སྐད་རྒྱོབས་དང་། ངས་ཁྱེད་ལ་བཤད་ཟེར་བར། ཨ་མས་དེ་ལྟར་བྱས་པས། ཨ་རིག་གིས་ཨ་མའི་ཡ་ཁ་དང་མ་ཁ་གཉིས་ནས་འཐེན་ཏེ་འཇིག་རྟེན་དལ་བའི་ཡུལ་ནས་མཐར་བསྐྲད། དེ་ནས་ཨ་ཆུང་སླེབས་སྐབས། ཁོས་དེ་བཞིན་དུ་བཤད་པར། ཨ་ཆུང་ཧ་ལས་པའི་ངང་ནས། ཨ་ཁ། ད་ནི་ཚར་སོང་བས་བླ་མ་དྲངས་ཏེ་ཆོ་ག་སྒྲུབ་པ་ལས་ཐབས་མེད། ཁྱོད་བླ་མ་དྲངས་སུ་སོང་དང་། བདག་གིས་ཁྱིམ་ནས་འདོན་ཆས་གྲ་སྒྲིག་བྱེད་ཟེར། ཨ་རིག་གིས། ཡ་ཡ་ཟེར་ཞོར་མྱུར་དུ་བླ་མ་དྲངས་སུ་སོང་། ཕར་འགྲོ་བའི་ལམ་ནས་བྱིའུ་ཆུང་ཞིག་བསད། བླ་མ་བསུས་ཏེ་ཚུར་འོང་སྐབས། བླ་མས། ཨོ་་་་སྙིང་རྗེ། འདིར་བྱིའུ་ཞིག་བསད་འདུག་ཅེས་པར། ཨ་རིག་གིས། བླ་མ་ལགས། ཁྱེད་ཕ་བོང་སྟེང་ནས་བྱིའུ་ཆུང་ཡིན་ཁུལ་གྱིས་སྡོད་དང་ངས་གསལ་བཤད་བྱེད་ཅེས་པར། བླ་མ་ཕ་བོང་གི་ཐོག་ཏུ་བསྡད་ཚེ། ཨ་རིག་གིས་རྡོས་གཅིག་བརྒྱབ་ཏེ་བླ་མ་དེར་བསད། དེ་མུར་ཁོའི་སེམས་ལ་ཆོ་ག་སྒྲུབ་བྱེད་ནི་ཁ་དང་ལག་པ་སོགས་ཡིན་པས། དེ་དག་ཁྱེར་འགྲོ་དང་འདྲ་འདྲ་ཡིན་བསམ་ཞིང་ཁ་དང་ལག་པ་བཅད་དེ་ཁྱིམ་དུ་ལོག་ཅིང་། ནུ་བོ་ལ་ཡིན་ལུགས་རྣམས་ཞིབ་པར་བཤད་རྗེས། ཨ་ཆུང་གིས། ཨ་ཁ་ཁ། ད་ནི་ཨ་རྩོག་སྟེང་ལ་ཡང་རྩོག་དང་། ཁྱི་སྐྱག་སྟེང་ལ་འཕོང་རྡེབ་ཅེས་པའི་དཔེ་རུ་གྱུར་སོང་པས། ད་ཅི་ཡང་ཐོན་མི་འདུག་ཅེས་སྡུག་ཆེན་པོ་ཁོག་ལ་བཅུག་ནས་བསྡད། ཨ་རིག་གླེན་པས་ཀྱང་ཅི་བྱ་མེད་པར་ཡར་ལྟ་མར་ལྟ་བྱེད་ཅིང་གནས། རེ་ཞིག་ན་ཨ་ཆུང་གི་སྐེར་ན་ཤིག་ཅིག་འགྲོ་བཞིན་ཡོད་པས། ཨ་རིག་གླེན་པས་འདི་ན་འདྲེ་ཞིག་འདུག་ཅེས་སྟ་རེས་གཅིག་གཡུག་པས་ནུ་བོའི་མགོ་རིལ་ལེར་ཐང་ལ་འཕངས། དེའི་ཚེ་ཡུལ་དེའི་མི་རྣམས་ཀྱིས་ཨ་རིག་གླེན་པ་ནི་ཧ་ཅང་མ་རུང་བ་ཞིག་རེད། དེ་མྱུར་དུ་གསོད་དགོས་ཞེས་གྲོས་བྱས་ཤིང་། ཨ་རིག་ལ། སང་ཉིན་ཡ་གིའི་རི་ངོས་ནས་ཕ་བོང་དམར་པོ་ཞིག་འགྲིལ་འོང་ངེས་པས། ཁྱེད་ཀྱིས་དེ་དམ་པོར་ཟུང་ལ་ནུ་བོ་མ་ཐོན་བར་དེ་གཏོང་མི་རུང་ཞེས་རྫུན་བཤད། དེའི་ཕྱིར་ཉིན་སྡེ་བ་དེའི་སྐྱེས་པ་རྣམས་ཀྱིས་ཕ་བོང་ཞིག་དམར་པོར་མ་གྱུར་བར་དུ་བསྲེགས་ཏེ་རྦབ་ཏུ་བསྒྲིལ་བ་ན། ཨ་རིག་གླེན་པས་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་དེའི་གདོང་དུ་བུད་ཅིང་དམ་གྱིས་བཟུང་བས། ཁོག་པའི་ནང་གི་རྒྱུ་མས་ཀྱང་ཙག་ཙག་ཙིག་ཙིག་ཅེས་པའི་སྒྲ་གྲགས། ཨ་རིག་གིས། རྒྱུ་ངན་མ། ཁྱོད་ཀྱིས་དོན་མེད་ཙག་ཙག་ཙིག་ཙིག་ཅེས་སྐད་ངན་འདོན་གྱིན་ཡོད་ཀྱང་། ངའི་ནུ་བོ་མ་ཐོན་བར་ཁྱོད་མངགས་ན་མི་མིན་ཞེས་གཏན་ནས་མ་ལྷོད། དེའི་ཕྱིར་ཁོའི་ལུས་ཡོངས་རྫོགས་ཚིག་ནས་ནག་ལྷབ་བེར་ཐང་དུ་ལོག་ཅིང་། རྣམ་ཤེས་ཕྱི་མའི་ཡུལ་དུ་གྲོགས་མེད་ཐལ་སྐྱ་འཚུབ་བེར་སོང་ངོ་།།

 

39.7K

རྩོམ་ཡིག་སྔོན་མ།
༄༅། །ཤིང་བརྐོས་སྒྱུ་རྩལ།
རྩོམ་ཡིག་རྗེས་མ།

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1