༄༅།། ཁྱུང་པོ་སྟེང་ཆེན་གྱི་རས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 09-21


        རས་པ་ཞེས་པ་ནི་གླུ་དང་བཤད་པ། བྲོ་གར། རྩལ་རྩེད། རླུང་སྒོམ་སོགས་གཞི་གཅིག་ཏུ་འདུས་པའི་འཁྲབ་སྟོན་སྒྱུ་རྩལ་ཁྱད་པར་ཅན་ཞིག་ཡིན་ལ། བོད་རིགས་མི་མང་གིས་དགའ་བསུ་ཆེན་པོ་ཐོབ་པའི་དམངས་ཁྲོད་ཞབས་བྲོའི་རྣམ་གྲངས་ཤིག་ཀྱང་ཡིན། དེ་ནི་འཁྲབ་མཁན་ཕོ་མོ་གཉིས་ཀྱིས་ལག་ཏུ་སིལ་སྙན་དང་རྔ་བཟུང་ནས་མཉམ་དུ་འཁྲབ་དགོས་པའི་ཞབས་བྲོ་ཞིག་ཡིན་པས་རྔ་བྲོ་ཞེས་འབོད་སྲོལ་ཡང་ཡོད།

        རས་པ་དེ་བོད་མི་རིགས་ཁྲོད་ཇི་ལྟར་བྱུང་སྟངས་ཐད་བཤད་ཚུལ་མི་འདྲ་བ་གཉིས་ཙམ་ཡོད། དེ་ལ་འགའ་ཞིག་གིས་བོད་ཀྱི་རས་པའི་རིག་རྩལ་དེ་ནི་རྗེ་བཙུན་མི་ལ་རས་པས་ཐོག་མར་སྲོལ་བཏོད་གནང་བ་ཞིག་ཡིན་པར་བརྗོད་པ་དང། དེ་འབྲེལ་དམངས་ཁྲོད་དུའང་རྗེ་བཙུན་མི་ལ་རས་པས་གླང་ཆེན་གྱི་རྒྱུ་མ་དཀར་ནག་གི་སྣེ་མོར་གློ་མཆིན་གཏུབ་བཅད་ཀྱིས་དུམ་བུ་རེ་བཏགས་ནས་རས་པའི་ཉྭ་རྒྱ་བྱུང་ཚུལ་དང་། གླང་ཆེན་གྱི་རྩུབ་མ་ཆེ་ཆུང་གུག་སྟེ་རྔ་དང་རྔ་ལྕག་བཟོས་ཚུལ། གཞན་རྗེ་མི་ལ་རྒྱ་གར་དུ་ཕེབས་སྐབས་རྒྱ་གར་གྱི་རྒྱལ་པོས་ཚ་བ་དང་དུག་སྦྲང་འགོག་སྲུང་ཆེད་རྔ་མ་དམར་པོ་ཞིག་ཕུལ་བ་དེར་བརྟེན་རས་པའི་ལག་གི་རྔ་མ་དམར་པོ་བྱུང་ཚུལ་སོགས་ཀྱི་ཤོད་སྲོལ་ཡོད། གཞན་ཁག་ཅིག་གིས་རས་པ་ནི་བོན་པོའི་ལྷ་བྲོ་ཞེས་པ་ལས་རིམ་པས་བྱུང་བ་ཞིག་ཡིན་ཚུལ་བརྗོད་ཡོད། གང་ལྟར་རས་པ་ནི་གནའ་སྔ་མོ་ནས་དར་ཁྱབ་བྱུང་ཞིང་བོད་མི་རྒན་གཞོན་ཀུན་གྱིས་དགའ་མོས་བྱེད་པའི་སྲོལ་རྒྱུན་གྱི་བྲོ་གར་བྱེ་བྲག་པ་ཞིག་ཡིན།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1