གན་རྒྱའི་ཐད་རྩོད་གླེང་བྱུང་ན་ཁྲིམས་ཁང་གང་ལ་ཞུ་གཏུག་བྱ་དགོས་སམ་།

ཚེ་བརྟན་སྒྲོལ་མས་སྒྲིག་སྒྱུར་བྱས། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-28


གྱོད་དཔེ།
        རྫོང་ཀ་པའི་ཞིང་ལས་འཕྲུལ་ཆས་བཟོ་སྐྲུན་ཀུང་སི་ནི་ས་དེ་གའི་མིང་གྲགས་ཅན་གྱི་ཁེ་ལས་ཞིག་ཡིན་ཞིང་། ཐོན་སྐྱེད་བྱས་པའི་ཞིང་ལས་འཕྲུལ་ཆས་ཀྱི་རྒྱུ་སྤུས་བཟང་ལ་རིན་གོང་དམའ་བས་ཞིང་པ་རྣམས་ཀྱི་དགའ་བསུ་ཆེན་པོ་ཐོབ་ཡོད། རྫོང་ཁ་པའི་ཞིང་ལས་འཕྲུལ་ཆས་ཕྱིར་འཚོང་ཀུང་སི་ནི་རྫོང་ཁ་པའི་ཞིང་སྡེ་ག་གེ་མོའི་སྡེ་གཉེར་ཁེ་ལས་ཞིག་ཡིན་ལ་གཙོ་བོ་བཟོ་སྐྲུན་ཀུང་སིས་ཐོན་སྐྱེད་བྱས་པའི་ཞིང་ལས་འཕྲུལ་ཆས་འཚོང་བཞིན་ཡོད།
ད་ལོའི་ལོ་སྟོད་དུ་ཕྱིར་འཚོང་སྤྱི་གཉེར་ཁང་གི་སྤྱི་གཉེར་བ་ཅཱ་ལགས་ཀྱིས་སྤྱི་གཉེར་ཁང་གི་ཐམ་ཀ་བཟུང་ནས་བཟོ་སྐྲུན་སྤྱི་གཉེར་ཁང་གི་ལས་སྒོ་གྲོས་མོལ་བྱེད་དུ་ཡོང་། ཕྱོགས་གཉིས་ཀས་གྲོས་མོལ་བྱས་མཐར་ཞིང་ལས་འཕྲུལ་ཆས་ཉོ་འཚོང་བྱེད་པའི་གན་རྒྱ་ཞིག་བཞག གན་རྒྱའི་ནང་དུ་ཕྱིར་ཚོང་སྤྱི་གཉེར་ཁང་གི་དབྱིབས་ཆེ་གེ་མོའི་ཞིང་ལས་འཕྲུལ་ཆས་ལྔ་ཉོ་རྒྱུ་དང་། རིན་གོང་ཁྱོན་བསྡོམས་སྒོར་ཁྲི་སུམ་ཅུ་ཡིན་པ། ཉིན་གསུམ་ནང་ཚུན་དུ་ཕྱིར་འཚོང་སྤྱི་གཉེར་ཁང་གིས་སྐྱེལ་འདྲེན་རླངས་འཁོར་གྲ་སྒྲིག་བྱས་ནས་ཐད་ཀར་དུ་བཟོ་སྐྲུན་སྤྱི་གཉེར་ཁང་གི་མཛོད་ཁང་ནས་ཚོང་ཟོང་ལེན་རྒྱུ་དང་། ཟླ་གཅིག་གི་ནང་ཚུན་དུ་ཚོང་རིན་ཚང་མ་རྩིས་སྤྲོད་བྱ་རྒྱུའི་ཁ་ཆད་བཞག གན་རྒྱ་བཞག་པའི་ཉིན་གཉིས་ཁར་སྤྱི་གཉེར་བ་ཅཱ་ལགས་ཀྱིས་རླངས་འཁོར་གསུམ་གྱི་ནང་དུ་ཞིང་ལས་འཕྲུལ་ཆས་དེ་དག་དབོར་འདྲེན་བྱས་སོང་།
        མིག་འབྱེད་འཛུམ་ཙམ་གྱིས་ཟླ་གཅིག་འདས་པས་གན་རྒྱ་ནང་ཁ་ཆད་བཞག་པའི་རིན་གོང་རྩིས་སྤྲོད་བྱེད་པའི་དུས་བཅད་ལས་བརྒལ་ནས་ཉིན་འགའ་འགོར་འགྱངས་སུ་སོང་ཡོད་པས་བཟོ་སྐྲུན་སྤྱི་གཉེར་ཁང་གིས་ཁ་པར་གྱི་ལམ་ནས་སྤྱི་གཉེར་བ་ཅཱ་ལགས་ལ་ཚོང་རིན་བདའ་འདེད་བྱེད་སྐབས། ཅཱ་ལགས་ཀྱིས་མིག་སྔར་ངེད་ཅག་གི་སྤྱི་གཉེར་ཁང་ལ་སྒོར་མོ་མེད་པས་ཚོང་རིན་དེ་དག་དུས་ནམ་ཞིག་ལ་ཁྱེད་ཚོར་སྟེར་ཐུབ་པ་མི་ཤེས་ཟེར།
དུས་ལྟར་ཚོང་རིན་ཕྱིར་ལེན་མ་ཐུབ་ན་ཁེ་ལས་ཀྱི་མ་རྩ་རྒྱུན་འཁོར་ལ་གནོད་པ་ཡོད་པས་བཟོ་སྐྲུན་སྤྱི་གཉེར་ཁང་གི་འགོ་ཁྲིད་ཀྱིས་གཏུག་བཤེར་བརྒྱུད་ནས་ཚོང་རིན་ཕྱིར་ལེན་རྒྱུའི་གྲོས་ཐག་བཅད་མོད། འོན་ཀྱང་ཁྲིམས་ཁང་གང་དུ་ཞུ་གཏུག་བྱ་རྒྱུའི་ཐད། ལ་ལས་ཞུ་སྦྱོར་ཕྱི་མ་བ་ཕྱིར་འཚོང་སྤྱི་གཉེར་ཁང་ཡོད་སའི་རྫོང་ཁ་པའི་ཁྲིམས་ཁང་དུ་གཏུག་དགོས་པར་འདོད་ཅིང་། ལ་ལས་རང་ཅག་གི་ཀུང་སི་ཡོད་སའི་རྫོང་ཀ་པའི་ཁྲིམས་ཁང་དུ་ཞུ་གཏུག་དགོས་པར་འདོད། འོ་ན། དོན་དངོས་སུ་གྱོད་དོན་འདི་ཁྲིམས་ཁང་གང་ལ་གཏུག་ན་འགྲིག་གམ།
ཁྲིམས་རོགས་པའི་དཔྱད་བརྗོད།
        སྤྱི་ཚོགས་སྟེང་ཉིན་བཞིན་དཔལ་འབྱོར་གྱི་བྱེད་སྒོ་ཞིག་སྤེལ་བཞིན་ཡོད་ལ་དཔལ་འབྱོར་གྱི་བྱེད་སྒོ་འདི་དག་ཕལ་ཆེར་ཆེས་སྤྱི་བཏང་དང་ཆེས་གཙོ་བོའི་ཡིག་རིགས་ཤིག་ལ་བརྟེན་ནས་སྤེལ་ཞིང་ཡིག་རིགས་འདི་གན་རྒྱའམ་ཡང་ན་གྲོས་དོན་ཡིན། དཔལ་འབྱོར་གྱི་བྱེད་སྒོ་འདུས་པའི་དམངས་དོན་བྱ་འགུལ་གང་ཡིན་རུང་གན་རྒྱ་ཡོད་ན་དོ་བདག་ཕྱོགས་སོ་སོའི་ཁེ་དབང་དང་འོས་འགན་གསལ་པོ་ཡིན་པས་མི་ཚང་མས་གན་རྒྱའི་ཁ་ཆད་ལྟར་རང་གི་འོས་འགན་ལག་བསྟར་བྱེད་པ་དང་མཉམ་དུ་རང་གི་ཁེ་ཕན་སྲུང་སྐྱོབ་བྱེད་ཐུབ། གན་རྒྱ་མང་ཆེ་བ་ཁ་ཆད་ལྟར་ལག་བསྟར་བྱེད་བཞིན་ཡོད་མོད། འོན་ཀྱང་གན་རྒྱའི་ཁ་ཆད་བརྩི་སྲུང་མི་བྱེད་མཁན་ཀྱང་གང་མང་ཞིག་ཡོད། གནས་ཚུལ་འདི་ལྟ་བུ་བྱུང་ཚེ་གྱོང་གནོད་ཕོག་མཁན་ཕྱོགས་ཀྱིས་དུས་རྒྱུན་དུ་གཏུག་བཤེར་བརྒྱུད་ནས་རང་གི་ཁྲིམས་མཐུན་གྱི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་བཞིན་ཡོད། 《 དམངས་རྩོད་གཏུག་བཤེར་བཅའ་ཁྲིམས།》 དོན་ཚན་ཉེར་བཞི་པར། གན་རྒྱའི་སྐོར་རྩོད་གཞི་བྱུང་བའི་རྐྱེན་གྱིས་གཏུག་བཤེར་བྱས་རིགས་རྣམས་ཞུ་སྦྱོར་ཕྱི་མ་བའི་སྡོད་གནས་ཡོད་སའམ་ཡང་ན་གན་དོན་ལག་ལེན་བསྟར་ཡུལ་ས་གནས་དེ་གའི་མི་དམངས་ཁྲིམས་ཁང་གིས་བདག་སྤྲོད་བྱ་རྒྱུ་ཞེས་གཏན་ཕབ་བྱས་ཡོད།
གྱོད་དཔེ་འདིའི་ནང་གི་ཉོ་འཚོང་གན་རྒྱ་ནང་ལག་བསྟར་བྱེད་པའི་དུས་ཚོད་དང་ས་གནས། ལག་བསྟར་བྱེད་སྟངས། ཚོང་ཟོང་གི་རིན་གོང་དང་མིང་ལ་སོགས་པར་ཁ་ཆད་གསལ་པོ་བཞག་ཡོད་པ་མ་ཟད་གན་རྒྱ་འདི་ཞིང་ལས་འཕྲུལ་ཆས་ཕྱིར་འཚོང་སྤྱི་གཉེར་ཁང་་སྤྱི་གཉེར་བ་ཅཱ་ལགས་སྐུ་དངོས་སུ་རྫོང་ཀ་བའི་ཞིང་ལས་འཕྲུལ་ཆས་བཟོ་སྐྲུན་ཀུང་སིར་ཡོང་ནས་བཞག་པ་ཡིན། དེའི་ཕྱིར་གན་རྒྱ་ལག་བསྟར་བྱེད་པའི་ས་གནས་རྫོང་ཀ་པ་ཡིན། གོང་གི་བཅའ་ཁྲིམས་གཏན་འཁེལ་ལྟར་རྫོང་ཁ་པའི་མི་དམངས་ཁྲིམས་ཁང་ངམ་ཡང་ན་གནད་དོན་ལག་བསྟར་བྱེད་ཡུལ་ཏེ་རྫོང་ཀ་པའི་མི་དམངས་ཁྲིམས་ཁང་གང་རུང་ལས་གཅིག་འདེམས་ནས་ཞིང་ལས་འཕྲུལ་ཆས་ཕྱིར་འཚོང་སྤྱི་གཉེར་ཁང་ལ་ཚོང་རིན་རྩིས་སྤྲོད་བྱེད་དུ་འཇུག་རྒྱུའི་ཞུ་སྦྱོར་བྱ་ཆོག །  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1