འབད་བརྩོན་ཆེར་བསྐྱེད་བྱས་པའི་ལོ་ངོ་ལྔ་སྟེ། གོ་སླ་བའི་སྒོ་ནས་གཟེངས་འབྲས་འགྲེམ་སྟོན་ཐོག་གི་རྒྱལ་ཁབ་ཆེན་མོའི་ཕུགས་ནོར་གླེང་བ།

པདྨ་ཚེ་རིང་གིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ།   སྤེལ་དུས། 10-16



          མིག་སྔར་འབད་བརྩོན་ཆེར་བསྐྱེད་བྱས་པའི་ལོ་ལྔ་ཞེས་པའི་གཟེངས་འབྲས་འགྲེམ་སྟོན་ཆེན་མོ་པེ་ཅིང་ནས་བསྒྲུབས།  འགྲེམ་སྟོན་ཚོམས་ཆེན་དུ་ཀྲུང་གོས་རང་ཉིད་ཀྱི་ཤེས་བྱའི་བདག་དབང་ཡོད་པའི་སྒོ་ནས་གསར་གཏོད་བྱས་པའི་རྒྱལ་ཁབ་ཀྱི་ཕུགས་ནོར་སྐོར་ཞིག་དཔེ་དབྱིབས་དང་བཅས་པ་བཤམས་ཤིང་རྒྱལ་ཁབ་ཕྱི་ནང་གི་ལྟད་མོ་རྣམས་ལ་ཀྲུང་གོའི་ཚན་རྩལ་“གནམ་ལ་འཕུར་ནས་ཟླ་བ་འཛིན་པ་དང་། ཆུ་ལ་འཛུལ་ནས་ཉ་མོ་འཛིན་པའི”གྲུབ་འབྲས་གཡུར་དུ་ཟ་བ་རྣམས་མཚམས་སྦྱོར་བྱས།  སྐབས་འདིར་ལག་རྩལ་རྩེར་སོན་དུ་གྱུར་པ་འདི་དག་གི་བརྡ་ཆད་སྐོར་ཞིག་ནི་ང་ཚོའི་ནམ་རྒྱུན་གྱི་འཚོ་བ་དང་ཁད་ཐད་ཅུང་རིང་བས་ཀུན་གྱིས་གོ་བ་ལེན་ཁག་པོར་གྱུར་ཡོད། གཤམ་ནས་རྩོམ་སྒྲིག་པས་ཁྱེད་རྣམ་པར་ཕལ་སྐད་ཀྱི་ལམ་ནས་ལག་རྩལ་རྩེར་སོན་དུ་གྱུར་པ་འདི་དག་གི་ཁྱད་མཚར་བའི་འགངས་གང་ཞིག་ཡིན་པ་ངོ་སྤྲོད་པར་བྱའོ། །

རི་མོ་ནི་འབད་བརྩོན་ཆེར་བསྐྱེད་བྱས་པའི་ལོ་ངོ་ལྔ་ཡི་གཟེངས་འབྲས་འགྲེམ་སྟོན་བྱེད་ཚུལ་ཡིན།
གསང་བ་ཆུན་ཐག་ཆོད་པ་སྟེ། ཚད་རྡུལ་ཚན་རིག་ཚོད་ལྟའི་མིས་བཟོས་སྲུང་སྐར་མོ་ཙི་རྟགས་ཅན།
          ཚད་རྡུལ་ཚན་རིག་ཚོད་ལྟའི་མིས་བཟོས་སྲུང་སྐར་(གཤམ་ནས་ཚད་རྡུལ་སྲུང་སྐར་ཞེས་བསྡུ་རྒྱུ)ནི་2016ལོའི་ཟླ་8པའི་ཚེས་16ཉིན་གྱི་ཆུ་ཚོད་1དང་སྐར་མ་40སྟེང་ཀྲུང་གོའི་ཀྱིན་ཆོན་མིས་བཟོས་སྲུང་སྐར་འཕེན་གཏོང་ལྟེ་གནས་ནས་བར་སྣང་དུ་བཏང་།  འདི་ལས་ཀྲུང་གོས་འཛམ་གླིང་སྟེང་ཐེངས་དང་པོར་མིས་བཟོས་སྲུང་སྐར་དང་ས་ངོས་ཀྱི་ཚད་རྡུལ་འཕྲིན་གཏོང་བར་འབྲེལ་བ་བྱེད་པ་མངོན་འགྱུར་བྱུང་ཞིང་། གནམ་ས་གཞི་གཅིག་གི་ཚད་རྡུལ་གསང་བ་ཆུན་པའི་འཕྲིན་གཏོང་དང་ཚན་རིག་ཚོད་ལྟའི་མ་ལག་དངོས་སུ་བཙུགས།
          གོ་བདེ་བའི་སྐད་ཆ་ཚིག་གཅིག་གིས་བཤད་ན། ཚད་རྡུལ་ནི་དབྱེ་འབྱེད་བྱེད་རྒྱུ་མེད་ལ་ཆ་མཚུངས་བཟོ་རྒྱུའང་མེད་པས། “གསང་བ་གང་ཞིག་གཞན་གྱིས་འགྲེལ་གཏོལ་བྱ་རྒྱུ་མེད་ཅིང་ཆ་འཕྲིན་གྱི་བདེ་འཇགས་ལ་རྩ་བ་ནས་ཁག་ཐེག་བྱས་ཡོད་པ་མ་ཟད་མིའི་རིགས་ཀྱི་གསང་བ་ཐམས་ཅད་ལ་སྲུང་སྐྱོབ་བྱས་ཡོད། ”
          ལག་རྩལ་འདི་རིགས་ཀྱི་ཁྱད་མཚར་བའི་ཆ་དེ་གང་ཡིན་ནམ་ཞེ་ན། དེང་སྐབས་འཛམ་གླིང་གི་ཁྱབ་ཁོངས་ནས་ཆེ་ས་ནས་རྒྱལ་ཁབ་ཀྱི་དམག་དོན་ཆབ་སྲིད་སོགས་གསང་བ་ཡང་གསང་མཐའ་དག་གི་བདེ་འཇགས་དང་།  ཆུང་ས་ནས་ཚོང་ལས་ཀྱི་གསང་བ་ཡང་གསང་དང་མི་སྒེར་གྱི་ཆ་འཕྲིན་སོགས་ཀྱི་བདེ་འཇགས་ལ་དོ་སྣང་བྱེད་ཀྱིན་ཡོད། ཚད་རྡུལ་ཚན་རིག་ཚོད་ལྟའི་མིས་བཟོས་སྲུང་སྐར་གྱི་ཚན་རིག་པ་གཙོ་བོ་ཕན་ཅན་བེ་ལགས་ཀྱིས་མཚམས་སྦྱོར་གནང་དོན། ཚད་རྡུལ་འཕྲིན་གཏོང་ལག་ལེན་ཅན་དུ་འགྱུར་བ་དང་ཐོན་ལས་ཅན་དུ་འགྱུར་བ་ནི་ཡོ་རོབ་གླིང་གི་མནའ་འབྲེལ་རྒྱལ་ཁབ་ཁག་དང་།  ཨ་རི། འཇར་ཕན་སོགས་ཀྱིས་རྩོད་ལེན་མཐའ་གཅིག་ཏུ་བྱེད་པའི་དམིགས་འབེན་ཡིན་ཞིང་། ཚད་རྡུལ་མིས་བཟོས་སྲུང་སྐར་འདི་ནི་ཀྲུང་གོ་བ་རང་ཉིད་ཀྱིས་བཟོས་པ་ཡིན་ལ། ཚན་རྩལ་གྱི་གནད་འགག་མང་པོ་ཞིག་ཐག་གིས་བཅད་ཡོད་པས།  མ་འོངས་པར་ཀྲུང་གོའི་ཚད་རྡུལ་འཕྲིན་གཏོང་ལག་རྩལ་དེ་རྒྱལ་སྤྱིའི་སྟེང་སྔོན་ཐོན་གྱི་གནས་བབ་འཛིན་པར་ཕན་ཐོགས་ཆེ་ཞེས་གསུངས། 
སྐར་ཕྱིའི་སྐྱེ་དངོས་འཚོལ་བ་སྟེ། “གནམ་མིག”FASTཞེས་པའི་འཕྲོ་གློག་རྒྱང་ཤེལ།
          2016ལོའི་ཟླ་9པའི་ཚེས་25ཉིན། ཁ་ཞེང་ལ་སྨི་500ཡོད་པའི་འཛམ་གླིང་སྟེང་གི་རྒྱང་ཤེལ་ཆེ་ཤོས་(དབྱིན་ཡིག་གི་བསྡུས་མིང་ལ་FASTཟེར)དེ་ཀུའེ་ཀྲུའུ་ནས་ལེགས་འགྲུབ་བྱུང་། ཀྲུང་གོ་བ་རང་ཉིད་ཀྱི་ཤེས་བྱའི་བདག་གི་ཡོད་པའི་སྒོ་ནས་བཟོས་པའི་འཕྲོ་གློག་རྒྱང་ཤེལ་འདི་ཉིད་ལ་“གནམ་མིག”ཅེས་གསོལ།
          ཀྲུང་གོའི་“གནམ་མིག”ཕྱེ་ཙམ་གྱིས་ཨ་རིའི་ཁ་ཞེང་ལ་སྨི་300ཡོད་པའི་ཨ་ལེ་སི་པོ་རྒྱང་ཤེལ་དེ་ཨང་གཉིས་པ་མ་གཏོགས་ཟིན་ཐབས་མེད། ཀྲུང་གོའི་“གནམ་མིག”གི་སྐྱེན་ཚད་དེ་ཨ་ལེ་སི་པོ་རྒྱང་ཤེལ་ལས་ལྡབ་གཉིས་ཡོད་ལ། སྟོང་ཁམས་འཚོལ་ཞིབ་བྱེད་པའི་མྱུར་ཚད་དེ་ཨ་རིའི་ལྡབ་10ཟིན། དེ་ཡང་“ས་ངོས་ཀྱི་འཕྲུལ་ཆས་ཆེ་ཤོས”ཞེས་འབོད་པའི་འཇར་མན་གྱི་པོ་ཨིན་སྨི་100ཅན་གྱི་རྒྱང་ཤེལ་ལས་ཀྱང་སྐྱེན་ཚད་ལྡབ་10ཡིས་བཟང་། 
          དེ་སྔོན་གསར་འགོད་པ་རྣམས་ཀྱིས་“གནམ་མིག”གི་ཁྱད་ཆོས་བཞི་ཕྱོགས་བསྡོམས་བྱས་ཡོད་དེ། གཅིག་ནི་ཞེང་ཚད་ཆེ་ཞིང་རྒྱང་རིང་མཐོང་། གཉིས་ནི་“གནམ་མིག”སྐྱེན་འགྱུར་ལྡན་པའི་སྒོ་ནས་ཕྱོགས་མང་པོར་འཁོར་ཐུབ། གསུམ་ནི་ཡང་དག་པའི་ཚད་ནི་ཧའོ་སྨི་བར་དུ་སླེབས། བཞི་ནི་འཇིག་རྟེན་སྟོང་ཁམས་མྱུལ་བའི་རྔོན་པ་ལྟ་བུ་ཡིན་པ་བཅས་སོ། །ནུས་རྩལ་དཔེ་མེད་འདི་དག་མངའ་བའི་“གནམ་མིག”ནི་ཚན་རྩལ་ཕྱོགས་ལ་དགའ་ཞེན་ཆེ་བའི་མི་རྣམས་ཀྱིས་དོ་སྣང་བྱེད་ཡུལ་གཙོ་བོ་ཞིག་ཡིན་ལ། གནམ་མིག་གིས་དགུ་ཚིགས་ཁྱིམ་རྒྱུད་བརྒལ་ཏེ་སྐར་ཕྱིའི་སྐྱེ་དངོས་འཚོལ་བའི་ལས་འགན་དང་བླངས་བྱས་ཡོད།ཨ་རིའི་སྐུད་ལྡན་བརྙན་འཕྲིན་གསར་འགྱུར་དྲ་བས་(CNN)“གནམ་མིག”བེད་སྤྱོད་བཏང་བའི་དུས་ཐོག་དང་པོ་ནས་གསར་འགོད་བྱས་ཤིང་གསར་འགྱུར་དེར་“ཀྲུང་གོའི་རྒྱང་ཤེལ་བོངས་ཆེན་པོ་ཞིག་གིས་སྐར་ཕྱིའི་སྐྱེ་དངོས་འཚོལ་བའི་མགོ་བརྩམས་པ་དང་། ཀྲུང་གོའི་སྔོན་གྱི་སྐར་ཕྱིའི་སྐྱེ་དངོས་འཚོལ་བ་དང་བསྡུར་ན། རྒྱང་ཤེལ་གསར་བ་འདིས་འཚོལ་ཞིབ་བྱས་པ་ནི་སྔར་བས་མྱུར་ཞིང་སྔར་བས་རྒྱང་རིང་བ་ཞིག་རེད”ཅེས་བཀོད་ཡོད།
རི་མོ་ནི་“བསྐྱར་དར་རྟགས་ཅན”གྱི་དཔེ་དབྱིབས་ཡིན།
རྒྱལ་སྤྱིའི་མྱུར་ཚད་ལ་ཅོ་འདྲི་བ་སྟེ། པེ་ཅིང་ནས་ཧྲང་ཧེ་བར་གྱི་མྱུར་བགྲོད་མེ་འཁོར་“བསྐྱར་དར་རྟགས་ཅན།”
          པེ་ཅིང་ནས་ཧྲང་ཧེ་བར་གྱི་མྱུར་བགྲོད་མེ་འཁོར་“བསྐྱར་དར་རྟགས་ཅན”བཟོས་པ་ནས་བཟུང་། དེའི་མྱུར་ཚད་ཀྱིས་འཛམ་གླིང་གི་གསར་འགྱུར་ཁང་ཆེན་མོ་ཇི་སྙེད་ཅིག་གི་གསར་འགྱུར་གལ་ཆེན་དུ་གྱུར། ཨ་རིའི་《ཉུག་ཡོ་ཉིན་རེའི་གསར་འགྱུར་དྲ་བ》དང་། དབྱིན་ཇིའི་《ཉིན་རེའི་གསར་འགྱུར།》རྒྱ་གར་གྱི་《ཧིན་རྡུ་ཆོས་པའི་ཚགས་པར》སོགས་ཀྱིས་ཀྱང་ཀྲུང་གོའི་ཁྱད་ཆོས་ཀུན་ནས་འཛོམས་པའི་“བསྐྱར་དར་རྟགས་ཅན”ཞེས་བསྔགས་པ་བརྗོད་ཀྱི་ཡོད།
          ཆུ་ཚོད་རེར་སྤྱི་ལེ་350བསྐྱོད་ཐུབ་པའི་མྱུར་བགྲོད་མེ་འཁོར་དེས་ཀྲུང་གོའི་ཆབ་སྲིད་ཀྱི་ལྟེ་གནས་དང་དངུལ་རྩའི་ལྟེ་གནས་གཉིས་ཡུག་གཅིག་ཏུ་སྦྲེལ།  པེ་ཅིང་ནས་ཧྲང་ཧེ་བར་གྱི་སྤྱི་ལེ་1318ཀྱི་ལམ་ཐག་དེ་ཆུ་ཚོད་4དང་སྐར་མ་28ནང་བསྐྱོད་ཚར། དེར་མ་ཟད་“བསྐྱར་དར་རྟགས་ཅན”ཞེས་པས་འཛེར་སྒྲ་ཆུང་དུ་བཏང་ཡོད་སྟབས་སྐད་ཐམས་ཅད་འཁོར་སྒམ་ཕྱི་རོལ་དུ་བསྐྱུར་ནས་ནང་ངོས་ཀྱི་འཛེར་སྒྲ་དེ་ཧྥུན་པེ་65མ་གཏོགས་མེད།
སྤྱི་ལེ་བརྒྱ་ལ་གློག་ཚད་ཏུའུ་3.8མ་གཏོགས་མི་དགོས་ལ། གཞི་གྲངས་འཚོལ་སྡུད་བྱས་པའི་ཞིབ་ཚད་སྐར་ཆའི་ཡང་ཆ་བར་ཏེ་སྐར་མ་གཅིག་གི་ཁྲི་བརྒྱ་ཡི་ཆ་ཤས་བར་དུ་སླེབས་ཡོད། མེ་འཁོར་གྱི་སྒུལ་མི་ནུས་པའི་ཁྱད་ཆོས་ཏེ། མེ་འཁོར་དེ་དངོས་པོ་གཞན་ལ་བརྡབ་གསིག་བྱུང་སྐབས་འགྲུལ་བཞུད་པའི་སྡོད་གནས་དེ་འགྱུར་ལྡོག་མེད་པའི་ཚུལ་འཛིན་ནུས། འདི་དག་ནི་བསྐྱར་དར་རྟགས་ཅན་གྱི་ཁྱད་དུ་འཕགས་པའི་ཁྱད་ཆོས་ཡིན། 
          ཡིད་རྟོན་རུང་བའི་ཀྲུང་གོའི་མྱུར་བགྲོད་མེ་འཁོར་འདི་ལྟ་བུ་ནི་ཀྲུང་གོ་བ་རང་ཉིད་ཀྱི་འབད་བརྩོན་ཆེར་བསྐྱེད་ལས་བྱུང་བ་ཡིན་ལ། འདི་ལྟར་རྒྱལ་ཕྱིར་དྲངས་ནས་འཛམ་གླིང་དུ་བསྐྱོད་པ་རེད།  ཡ་གླིང་ཤར་ལྷོའི་ས་ཁུལ་དུ་མེ་འཁོར་འདི་རིགས་ཀྱི་འགྲན་རྩོད་ནུས་པ་དེ་འཇར་པན་གྱི་མེ་འཁོར་ལས་ཀྱང་བཟང་། ཀྲུང་གོའི་ཁུན་མེན་ནས་ལོ་བོ་རྒྱལ་ས་བེང་ཆན་བར་གྱི་ལྕགས་ལམ་བཟོ་བཞིན་པའི་སྒང་ཡིན་ལ།  ཀྲུང་གོ་ནས་ཐེ་གོ་བར་གྱི་གན་རྒྱའང་འབྲི་བཞིན་པའི་སྒང་ཡིན། སིང་ག་ཕོར་དང་མ་ལེ་ཞི་ཡ་བཅས་ལའང་མྱུར་བགྲོད་མེ་འཁོར་གྱི་རྣམ་གྲངས་བསྒྲུབ་བཞིན་ཡོད་པ་མ་ཟད་རྒྱལ་ཁབ་དེ་གཉིས་ཀྱིས་ཀྲུང་གོའི་མྱུར་བགྲོད་མེ་འཁོར་ལ་ཡིད་ཆེས་བརྟན་པོ་བཅངས་ཡོད།
རི་མོ་ནི་རིག་ལྡན་འཕྲུལ་མི་དངོས་ཟོག་དབྱེ་ལེན་མ་ལག་གིས་རྩེད་ཆས་མི་ཆུང་ལེན་བཞིན་པ་ཡིན།
ཁྱེད་ཀྱི་གང་ཡང་ཉོ་ཆོག་སྟེ། རིག་ལྡན་འཕྲུལ་མི་དངོས་ཟོག་དབྱེ་ལེན་མ་ལག
          ཀྲུང་གོའི་ཚན་རྩལ་ལེགས་པོར་བརྟེན་ནས་ཁྱེད་ཀྱིས་གང་ཡང་ཉོ་ཆོག འགྲེམ་སྟོན་ཚོམས་ཆེན་དང་པོའི་སྒོ་ཁར་ལྟད་མོ་བ་རྣམས་དངོས་ཟོག་དབྱེ་ལེན་ནུས་པའི་རིག་ལྡན་འཕྲུལ་མི་གཉིས་ཀྱིས་ཡིད་དབང་བཀུགས།  དེ་ཡང་ཀྲུང་གོའི་མྱུར་སྐྱེལ་ཁེ་ལས་ཀུང་སིས་མ་རྩ་བཏང་ནས་གསར་གཏོད་བྱས་པའི་རིག་ལྡན་འཕྲུལ་མི་དངོས་ཟོག་དབྱེ་ལེན་མ་ལག་ལ་འཇོག་ས་ཆུང་ཞིང་དབྱེ་ལེན་ལས་ཆོད་མཐོ་བ། ཉིན་མཚན་ལྟོས་མེད་དུ་དབྱེ་ལེན་བྱེད་ཐུབ་པའི་མཐུན་རྐྱེན་འཛོམས་ཡོད་པས། མྱུར་སྐྱེལ་བ་རྣམས་ཀྱིས་དེ་ལ་མི་ཆུང་སེར་པོ་ཞེས་བཏགས་ཡོད།
          འགྲེམ་སྟོན་གྱི་ལས་ཀ་བས་མཚམས་སྦྱོར་གནང་བ་ལྟར་ན། མི་ཆུང་སེར་པོ་350ཡིས་ཉིན་གཅིག་ལ་སྤྱི་རྒྱ་ལྔ་མན་ཅན་གྱི་མྱུར་སྐྱེལ་ཐུམ་སྒྲིལ་ཁྲི་60ཐག་གཅོད་བྱེད་ཐུབ་ལ། དེས་ལས་ཀ་བ་70%ཡི་ཚབ་བྱེད་ཐུབ་ཀྱི་ཡོད། མི་ཆུང་སེར་པོའི་སྟེང་གི་འགྱོགས་སྡེར་དེ་རང་འགུལ་གྱིས་འཁོར་ཐུབ་པས། མྱུར་སྐྱེལ་དངོས་པོ་བསྐུར་མཁན་གྱིས་བསྐུར་དངོས་དེའི་སྟེང་བཞག་ནས་ངོས་གཉིས་བཤེར་གྲངས་ལ་བརྟེན་ནས་སྐར་ཆ་གཅིག་གི་ནང་དུ་མྱུར་སྐྱེལ་ལམ་ཐིག་སྡུད་ལེན་བྱེད་ཐུབ་ལ། དེ་དང་ཆབས་ཅིག་མི་ཆུང་སེར་པོ་ལ་དམར་ཕྱིའི་འོད་དང་ཚད་བརྒལ་སྒྲ་རླབས་བཅུག་ཡོད་པས་དངོས་པོ་གཞག་ལ་ཐོགས་རེག་མི་བྱེད། འདི་ལྟ་བུའི་ཚན་རྩལ་རྩེ་གྲས་ཡོད་པས་2016ལོར་མྱུར་སྐྱེལ་འགན་ལེན་དྲ་རྒྱས་སིལ་ཚོང་དངུལ་སྒོར་དུང་ཕྱུར་ཁྲི་4བརྒལ་བ་དང་། ཞིང་ལས་ཐོན་རྫས་ཕྱིར་ཚོང་ཞབས་ཞུ་སྒོར་དུང་ཕྱུར་1000བརྒལ་བ།  བཟོ་སྐྲུན་ལས་རིགས་ཞབས་ཞུའི་ཐོན་འབབ་སྒོར་དུང་ཕྱུར་1200བརྒལ་བ་བཅས་ཀྱང་བློས་དཔག་ཐུབ་པ་ཞིག་ཡིན། དྲ་རྒྱ་དང་མྱུར་སྐྱེལ་ལས་རིགས་གོང་འཕེལ་བྱུང་བ་དང་བསྟུན་ནས་ཀྲུང་གོའི་ནུབ་ཕྱོགས་ཀྱི་གྲངས་ཉུང་མི་རིགས་ས་ཁུལ་དུའང་ཁྱད་ཆོས་ལྡན་པའི་ཐོན་ལས་འཕེལ་རྒྱས་འགྲོ་བཞིན་ཡོད་ལ། རོགས་སྐྱོར་གྱི་རྣམ་པས་འཚོལ་ཞིབ་གསར་བ་བགྱི་བཞིན་ཡོད།
སྤྱང་ཁྱི་ཞིག་སྟེ། སུག་བཞིའི་སྲོག་ཆགས་ལ་དཔེ་ལྟོས་པའི་འཕྲུལ་མི། 
          “དམག་ཤུགས་ཆེར་བསྐྱེད་དམིགས་འབེན་མངོན་འགྱུར་བྱས་ནས། འཛམ་གླིང་རྩེ་གྲས་ཀྱི་དམག་དཔུང་འཛུགས་སྐྲུན་བྱེད”ཅེས་པའི་འགྲེམ་སྟོན་ཚོམས་ཆེན་དུ། རིག་ལྡན་དམག་ཆས་ཤིག་གིས་དམག་དོན་ལ་མྱོས་པ་རྣམས་ཀྱི་སྤྲོ་སྣང་བསླངས། དེའི་ཁྲོད་དུ་སུག་བཞི་ཡོད་པའི་སྐམ་དམག་རྒྱུན་གོས་གྱོན་པ་ཅན་ཞིག་གསལ་ལྷང་ངེར་མཆིས།
          འགྲེལ་བཤད་པས་མཚམས་སྦྱོང་གནང་བ་ལྟར་ན། སྤྱང་ཁྱིར་དཔེ་ལྟོས་པའི་འཕྲུལ་མི་འདི་ནི་རི་ཁུལ་མཐོ་སྒང་དང་། གྲོང་ཁྱེར་ཞིག་རོ། གྲམ་སྟོང་རྡོ་ཧྲུག་གི་སྟེང་ནས་འགྲོ་འོང་རང་དབང་ལྡན། སྤྱང་ཁྱི་ཞིག་དང་འདྲ་བར་འཕྲུལ་མིའི་སུག་རྐང་བཞི་ཡིས་ཀྱང་“ཡར་འགྱོགས་པ་དང་། གཡས་གཡོན་དུ་སྒུལ་བ། མར་འཇོག་པ”བཅས་བྱེད་ནུས་ལ། འཕྲུལ་ཆས་ཀྱི་མ་ལག་དང་། སྒུལ་ཤུགས་ཀྱི་སྡེ་ཚན། ཚོར་ཤེས་ཀྱི་མ་ལག ཚོད་འཛིན་མ་ལག་བཅས་ཀྱིས་གོམ་སྟབས་ཆ་སྙོམས་ཡིན། འགུལ་སྐྱོད་ཀྱི་ས་གནས་དང་མྱུར་ཚད་ཀྱང་ཚོད་འཛིན་བྱེད་ཐུབ། འཕྲུལ་ཆས་ཀྱི་སུག་རྐང་བཞི་ལ་གཏན་འཇགས་རང་བཞིན་ཆེ་ཞིང་། དགྱེ་སྒུར་གྱི་ལྷུ་ཚིགས་དང་འཕྲེད་འགུལ་གྱི་ལྷུ་ཚིགས་ཀྱང་ཡོད། མཉེན་ཚད་ཤིན་ཏུ་ལེགས་པའི་འཕྲུལ་མི་འདི་རིགས་ཀྱིས་རྒྱབ་ཏུ་དངོས་པོ་འཁྱེར་བ་དང་། མེ་ཤུགས་སྒྲོན་པ། མྱུལ་ཞིབ་བྱེད་པ་སོགས་ཀྱི་ལས་ཀ་བསྒྲུབ་ཐུབ།
          ཏང་གི་སྐབས་བཅོ་བརྒྱད་པའི་ཚོགས་ཆེན་ནས་བཟུང་བློ་མཐུན་ཞི་ཅིན་ཕིང་གཙོ་བོར་གྱུར་པའི་ཏང་ཀྲུང་དབྱང་གིས་ཚན་རྩལ་གསར་གཏོད་ལ་མཐོང་ཆེན་བྱེད་བཞིན་ཡོད་པ་དང་། གསར་གཏོད་ཀྱི་སྒུལ་ཤུགས་ལ་བརྟེན་ནས་འཕེལ་རྒྱས་འགྲོ་བའི་ཐབས་ཇུས་བཏོན་ཞིང་། ཚན་རྩལ་གསར་གཏོད་དེ་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་དང་ཕྱོགས་བསྡུས་རྒྱལ་ཤུགས་མཐོར་འདེགས་གཏོང་བའི་ཐབས་ཇུས་ཀྱི་གཞི་རྟེན་ས་བྱས་ཡོད། འབད་བརྩོན་ཆེར་བསྐྱེད་བྱས་པའི་ལོ་ངོ་ལྔ་ཡི་གཟེངས་འབྲས་འགྲེམ་སྟོན་ཐོག་ད་དུང་ཀྲུང་གོས་རང་ཉིད་ཀྱི་ཤེས་བྱའི་བདག་དབང་ཡོད་པའི་སྒོ་ནས་གསར་གཏོད་བྱས་པའི་མཚོ་ཐོག་དང་། སྐམ་ས། གནམ་མཁའ་བཅས་ཀྱི་ཁྱབ་ཁོངས་ལ་གཏོགས་པའི་ཚན་རྩལ་རྩེ་གྲས་ཀྱིས་དངོས་པོ་དང་དཔེ་དབྱིབས་བཤམས་ཡོད། ཚན་རྩལ་རྩེ་གྲས་ཀྱི་ཐོན་རྫས་འདི་དག་གིས་འདས་སོང་གི་ལོ་ངོ་ལྔ་དེ་གསོན་ཉམས་ལྡན་པའི་སྒོ་ནས་མཚོན་ཡོད་ལ། བློ་མཐུན་ཞི་ཅིན་ཕིང་གཙོ་བོར་གྱུར་པའི་ཏང་ཀྲུང་དབྱང་གིས་མགོ་ཁྲིད་དེ་ཀྲུང་གོ་མི་དམངས་ཀྱིས་འཛམ་གླིང་ཚན་རྩལ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་གྲུབ་འབྲས་བཟང་བོའང་མཚོན།  གཡུར་དུ་ཟ་བའི་འབྲས་བཟང་འདི་དག་ལྟད་མོ་བ་རྣམས་ལ་ཧ་ལས་སུ་བཅུག་ཅིང་། ཏང་གི་སྐབས་བཅུ་དགུ་པའི་འཐུས་མི་ཚོགས་ཆེན་འཚོག་པར་ཡིད་ཆེས་བརྟན་པོ་དང་རེ་སྨོན་བྱེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1