ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པ་པེ་ཅིང་དུ་གཟབ་རྒྱས་ངང་ཚོགས་འགོ་ཚུགས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 10-18


        སྤྱི་ཟླ་10པའི་ཚེས་18ཉིན། ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པ་མི་དམངས་ཚོགས་ཁང་ཆེན་མོར་གཟབ་རྒྱས་ངང་འགོ་ཚུགས། ཞི་ཅིན་ཕིང་གིས་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་མཛད་ནས་ཚོགས་ཆེན་ལ《ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་རྒྱལ་ཁ་བླངས་ནས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་བརྩོན་ལེན་བྱ་དགོས 》ཞེས་པའི་སྙན་ཞུ་ཕུལ། 

        ཞི་ཅིན་ཕིང་གིས་ཐེངས་འདིའི་ཚོགས་ཆེན་ཀྱི་བརྗོད་བྱ་གཙོ་བོ་ནི་ཐོག་མའི་བསམ་འདུན་མ་བརྗེད་ཅིང་འོས་འགན་སེམས་སུ་བཅངས་པ།  ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོ་བསྒྲེངས་ཤིང་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་རྒྱལ་ཁ་བླངས་ནས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་གྱི་རྒྱལ་ཁ་བརྩོན་ལེན་བྱས་ཏེ་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་འབད་པ་བྱ་དགོས་ཞེས་བསྟན། 
        ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་ལྷན་རྒྱས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བཞུགས།
        ལི་ཁེ་ཆང་གིས་ཚོགས་ཆེན་ལ་གཙོ་སྐྱོང་གནང་བ་དང་སྔ་དྲོའི་ཆུ་ཚོད་དགུའི་སྟེང་ཚོགས་ཆེན་ཚོགས་འགོ་ཚུགས། ཚོགས་མི་རྣམས་ཡར་ལངས་ནས《ཀྲུང་ཧྭ་མི་དམངས་སྤྱི་ཁྱབ་རྒྱལ་ཁབ་ཀྱི་རྒྱལ་གླུ》བླངས། དེའི་རྗེས་སུ་བློ་མཐུན་ཡོངས་ཀྱིས་མའོ་ཙེ་ཏུང་དང་ཀྲོའུ་ཨེན་ལའེ།  ལིའུ་ཧྲའོ་ཆི། ཀྲུའུ་ཏེ། ཏེང་ཞའོ་ཕིང་། ཁྲེན་ཡུན་སོགས་འབྱོར་མེད་གྲལ་རིམ་གྱི་སྔོན་གཤེགས་གསར་བརྗེ་པ་དང་གསར་བརྗེའི་སྔོན་གཤེགས་དཔའ་བོར་ངག་བསྡམས་མྱ་ངན་ཞུས།

        ལི་ཁེ་ཆང་གིས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པར་ཞུགས་པའི་འཐུས་མི་2280དང་ཆེད་ཞུའི་འཐུས་མི་74སྟེ་ཁྱོན་བསྡོམས་མི་2354ཡོད་པ་དང་དེ་རིང་དངོས་སུ་འབྱོར་མཁན་གྱི་འཐུས་མི་2338ཡོད་པ་ཁྱབ་བསྒྲགས་གནང་བར་མ་ཟད། ཁོང་གིས་ཚོགས་ཆེན་ལ་ཞུགས་པའི་ཏང་ཕྱིའི་གྲོགས་པོ་དང་འབྲེལ་ཡོད་བློ་མཐུན་དག་ལ་ལྷག་བསམ་རྣམ་དག་གིས་དགའ་བསུ་ཞུས།

        ཞི་ཅིན་ཕིང་གིས་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་མཛད་དེ་ཚོགས་ཆེན་ལ་ཕུལ་བའི་སྙན་ཞུ་དོན་ཚན་བཅུ་གསུམ་དུ་དབྱེ་ཡོད་དེ། དང་པོ།  འདས་པའི་ལོ་ལྔའི་བྱ་བ་དང་ལོ་རྒྱུས་རང་བཞིན་གྱི་བཅོས་སྒྱུར། གཉིས་པ། དུས་རབས་གསར་པའི་ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་འོས་འགན། གསུམ་པ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་དང་གཞི་རྩའི་འཆར་འགོད། བཞི་པ། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་རྒྱལ་ཁ་བླངས་ནས་ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་བསྐྲུན་པའི་རྒྱང་སྐྱོད་འགོ་བརྩམས་པ། ལྔ་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དོན་འཁྱོལ་བྱས་ནས་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་སྐྲུན་བྱས་པ། དྲུག་པ། མི་དམངས་ཀྱི་རང་ཁྱིམ་རང་བདག་བྱེད་པའི་ལམ་ལུགས་མ་ལག་འཐུས་ཚང་དུ་བཏང་ནས་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཆབ་སྲིད་འཕེལ་རྒྱས་སུ་བཏང་བ། བདུན་པ། རིག་གནས་ཡིད་རྟོན་སྲ་བརྟན་དུ་བཏང་ནས་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་དར་རྒྱས་གོང་འཕེལ་དུ་བཏང་བ། བརྒྱད་པ། དམངས་གཙོ་འགན་སྲུང་དང་བཅོས་སྒྱུར་གྱི་ཆུ་ཚད་མཐོར་འདེགས་དང་སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་དང་གསར་གཏོད་བྱས་པ། དགུ་པ། སྐྱེས་ཁམས་དཔལ་ཡོན་གྱི་ལམ་ལུགས་མགྱོགས་མྱུར་ངང་བཅོས་སྒྱུར་བྱས་ཏེ་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱས་པ། བཅུ་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་དམག་སྟོབས་བགྲོད་ལམ་དུ་བསྐྱོད་པར་རྒྱུན་འཁྱོངས་བྱས་ཏེ་ཁྱོན་ཡོངས་ནས་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་ལ་སྐུལ་འདེད་བཏང་བ། བཅུ་གཅིག “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”རྒྱུན་འཁྱོངས་བྱས་ཏེ་མེས་རྒྱལ་གཅིག་གྱུར་ལ་སྐུལ་འདེད་བཏང་བ། བཅུ་གཉིས། ཞི་བདེའི་འཕེལ་རྒྱས་ཀྱི་བགྲོད་ལམ་རྒྱུན་འཁྱོངས་བྱས་ཏེ་མིའི་རིགས་ཀྱི་ཐུན་མོང་ལས་དབང་གི་སྒྲིག་འཛུགས་ལ་སྐུལ་འདེད་བཏང་བ། བཅུ་གསུམ། བློ་བརྟན་འགྱུར་མེད་ཀྱིས་ཁྱོན་ཡོངས་ནས་ནན་གྱིས་ཏང་བསྐྱངས་ཏེ་རྒྱུན་ཆད་མེད་པར་ཏང་གི་སྲིད་འཛིན་གྱི་ནུས་པ་དང་འགོ་ཁྲིད་ཀྱི་ཆུ་ཚད་མཐོར་འདེགས་སུ་བཏང་བ།

        སྙན་ཞུའི་གོ་རིམ་ཁྲོད་ཚོགས་རའི་ནང་རྒྱུན་ཆད་མེད་པར་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲས་ཁེངས།

        རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པ་3000ལྷག་གིས་ཚོགས་ཆེན་འགོ་ཚུགས་པའི་གནས་ཚུལ་ལ་བཅར་འདྲི་དང་བརྒྱུད་སྤེལ་བྱས་པ་རེད།།

     (ཞིན་ཧྭ་གསར་འགྱུར་དྲ་བའི་མ་ཡིག་ལྟར་ཚེ་འཛིན་སྒྲོལ་དཀར་གྱིས་བསྒྱུར།)






དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1