ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་གནས་ཚད་གསར་པ་གཏོད་དགོས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 10-19


 —— སྤྲོ་སེམས་འཁོལ་བའི་ངང་ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པ་འགོ་ཚུགས་པར་རྟེན་འབྲེལ་ཞུ། 


        ལོ་རྒྱུས་ཀྱི་མཛེས་རིས་ནམ་ཡང་འབད་འབུངས་མདུན་སྐྱོད་ཁྲོད་བཤམས་པ་དང་། དུས་རབས་ཀྱི་ངོ་མཚར་ལེའུ་ནམ་ཡང་འབད་འཐབ་གསར་པའི་ཁྲོད་རྩོམ་པར་བྱེད།
        དེ་རིང་ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པ་པེ་ཅིང་དུ་གཟབ་རྒྱས་ངང་འགོ་ཚུགས་ཤིང་། ད་རེས་ཀྱི་ཚོགས་འདུ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་དུས་མཚམས་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་གཏོང་བའི་འགག་རྩའི་དུས་སུ་འཚོགས་པའི་ཤིན་ཏུ་གལ་འགངས་ཆེ་བའི་ཚོགས་ཆེན་ཞིག་ཡིན་པས། རང་རེའི་ཏང་གིས་དར་ཆ་གང་ཞིག་སྒྲེང་དགོས་པ་དང་། ལམ་གང་ཞིག་ཏུ་སྐྱོད་དགོས་པ། བསམ་པའི་ཉམས་འགྱུར་ཅི་འདྲ་ཞིག་སྟོན་དགོས་པ། ལོ་རྒྱུས་ཀྱི་ལས་འགན་གང་འདྲ་ཞིག་འཁུར་དགོས་པ། འབད་འཐབ་ཀྱི་དམིགས་ཚད་ཅི་འདྲ་ཞིག་སྒྲུབ་དགོས་པ་བཅས་ཁྱབ་བསྒྲགས་ཁ་གསལ་བྱ་རྒྱུ་ཡིན་པ་མ་ཟད། སྤྱི་ཡོངས་རང་བཞིན་དང་། འཐབ་ཇུས་རང་བཞིན། སྔ་བལྟས་ཕྱི་བསམ་གྱི་རང་བཞིན་བཅས་ལྡན་པའི་བྱ་སྤྱོད་ཀྱི་རྩ་འཛིན་ཡང་འདོན་རྒྱུ་རེད། ད་ཐེངས་ཀྱི་ཚོགས་ཆེན་ཡག་པོ་འཚོག་རྒྱུ་དེ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་སྔ་འཛིན་ཕྱི་གཏོད་བྱ་རྒྱུ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མདུན་ལམ་དང་ལས་དབང་། ཆེས་རྒྱ་ཆེའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་བཅས་དང་འབྲེལ་བ་ཡོད་ལ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་རླབས་ཆེན་ལེན་པ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བཅས་བྱེད་པར་ཆབ་སྲིད་ཀྱི་དོན་སྙིང་དང་། རིགས་པའི་གཞུང་ལུགས་ཀྱི་དོན་སྙིང་། ལག་ལེན་གྱི་དོན་སྙིང་བཅས་གལ་ཆེན་ལྡན་ཡོད།
    “མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་རེ་འདོད་བྱེད་པ་ནི་ང་ཚོའི་འབད་འཐབ་དམིགས་ཚད་ཡིན”ཆེས་སྤྱིར་བཏང་མིན་པའི་འདས་པའི་ལོ་ལྔར་ཕྱིར་བལྟ་བྱས་ཚེ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་དཀའ་ངལ་གདོང་གིས་བསུས་པ་དང་གསར་གཏོད་ཡར་བརྩོན་བྱེད་པ་དང་། རྙིང་དོར་གསར་འཛུགས་དང་ཧུར་བརྩོན་རྒྱལ་སྐྱོང་གིས་རླབས་ཆེ་བའི་ཆབ་སྲིད་ཀྱི་དཔའ་སྟོབས་དང་འགན་འཁྲི་འཁུར་སེམས་ལ་བརྟེན་ནས་ལོ་རྒྱུས་ཀྱི་ཁྱད་ཆོས་གསར་པ་མང་པོ་ལྡན་པའི་འཐབ་རྩོད་རླབས་ཆེན་བྱས་པ་མ་ཟད། “གནས་ལྔ་གཞི་གཅིག”གི་སྤྱིའི་བཀོད་པར་སྤྱི་འདོམས་སྐུལ་འདེད་དང་། “ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་སྐུལ་སྤེལ་བྱས་པར། རྒྱལ་ཁབ་ཀྱི་དཔལ་འབྱོར་དངོས་ཤུགས་དང་། ཚན་རྩལ་དངོས་ཤུགས། རྒྱལ་སྲུང་དངོས་ཤུགས། ཕྱོགས་བསྡུས་རྒྱལ་སྟོབས། རྒྱལ་སྤྱིར་ཤུགས་རྐྱེན་ཐེབས་ཤུགས། མི་དམངས་ཀྱི་ཐོབ་ཚོར་བཅས་མངོན་གསལ་དོད་པོས་ཟབ་ཏུ་ཕྱིན་ནས། ཀྲུང་གོ་གསར་པ་དབུ་བརྙེས་པ་དང་ལྷག་པར་དུ་སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་རང་རྒྱལ་གྱི་འཕེལ་རྒྱས་ལ་གྲུབ་འབྲས་གལ་ཆེན་ཐོབ་པའི་རྨང་གཞིའི་ཐོག་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དེ་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སྐུལ་འདེད་བཏང་བ་རེད།
        ལོ་ལྔའི་རིང་ཁྱོན་ཡོངས་དང་གསར་གཏོད་རང་བཞིན་ལྡན་པའི་གྲུབ་འབྲས་ཐོབ་ཡོད། ལོ་ལྔའི་རིང་རིམ་པ་གཏིང་ཟབ་ཅིང་རྩ་བའི་རང་བཞིན་ལྡན་པའི་སྒྱུར་བཅོས་བྱས་ཡོད། ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་སྒྱུར་བཅོས་འདི་དག་ལས་རང་རྒྱལ་གྱི་འཕེལ་རྒྱས་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་གནས་ཐུབ་ནས། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཐད་གཏིང་ཟབ་ལ་གལ་ཆེ་བའི་དོན་སྙིང་ལྡན་པ་མཚོན་ཡོད།
        ཏང་གི་འགོ་ཁྲིད་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆེས་ངོ་བོར་གྱུར་པའི་ཁྱད་ཆོས་ཤིག་ཡིན་པ་མ་ཟད། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ལེགས་ཆ་ཆེ་ཤོས་དེ་ཡང་ཡིན་པ་རེད། ལོ་ལྔའི་རིང་། སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ཐད་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་དོན་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལ་གསོན་ཤུགས་ཆེན་པོ་རྒྱས་དོན་གཙོ་བོ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་སྲ་ཞིང་བརྟན་པའི་འགོ་ཁྲིད་གནང་བས་རེད། འབད་འབུངས་ཡར་བརྩོན་གྱི་ལོ་ལྔའི་རིང་། ཏང་གི་གསར་གཏོད་ནུས་པ་དང་། གོང་བུ་འགྲིལ་ཤུགས། དམག་འཐབ་ནུས་པ། འགོ་ཁྲིད་ནུས་པ། འབོད་སྐུལ་གྱི་ནུས་པ་བཅས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ནས། ཏང་གི་ཁྱོན་ཡོངས་ལ་ལྟ་རྟོག་དང་ཕྱོགས་ཁག་མཐུན་སྦྱོར་བྱེད་པའི་འགོ་ཁྲིད་སྲོག་ཤིང་གི་ནུས་པ་འདོན་སྤེལ་གང་ལེགས་ཐུབ་པ་འདི་ནི་ལོ་ལྔའི་རིང་གི་དོན་སྙིང་ཆེས་གཏིང་ཟབ་ལྡན་པའི་གྲུབ་འབྲས་ཤིག་ཡིན་པ་མ་ཟད། ད་དུང་ང་ཚོར་འཕེལ་རྒྱས་ཡར་ཐོན་མཐའ་དག་བྱུང་བའི་རྩ་བའི་རྒྱུ་མཚན་ཡང་ཡིན། ལྷག་པར་དུ་གལ་ཆེ་བ་ཞིག་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་ལས། རང་རེའི་ཏང་གིས་གུང་ཁྲན་ཏང་གི་སྲིད་སྐྱོང་ཆོས་ཉིད་དང་། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་ཆོས་ཉིད། མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཆོས་ཉིད་བཅས་ལ་ངོས་འཛིན་བྱེད་ཚད་ཆུ་ཚད་གསར་པ་ཞིག་ཏུ་སླེབས་པར་བྱས་ཏེ། ཚན་རིག་དང་མཐུན་ཞིང་ཆ་ཚང་བའི་བསམ་བློའི་རིགས་པའི་གཞུང་ལུགས་ཀྱི་མ་ལག་ཅིག་གྲུབ་ཡོད་པ་དེ་ནི་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་གྲུབ་འབྲས་གསར་ཤོས་དེ་ཡིན་ལ། དེས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་གནས་ཚད་གསར་པ་བཏོད་ཡོད་པ་རེད།
        འགྲོ་ལམ་གྱི་གནད་དོན་ནི་ཏང་གི་བྱ་གཞག་དར་རྒུད་ཇི་ཡོང་དང་འབྲེལ་བ་ཡོད་པའི་གནད་དོན་གལ་ཆེན་ཞིག་ཡིན་པ་དང་། འགྲོ་ལམ་གྱིས་ལས་དབང་གཏན་འཁེལ་བྱེད་པས་འགྲོ་ལམ་ནི་ཏང་གི་སྲོག་རྩ་ལྟ་བུ་ཡིན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་བརྒྱུད་ཉེ་རབས་ཚུན་ཡུན་རིང་གོད་ཆགས་བརྒྱུད་མྱོང་བའི་ཀྲུང་ཧྭ་མི་རིགས་ཡར་ལངས་པ་དང་། ཕྱུག་པོར་འགྱུར་བ། སྟོབས་ཆེར་འགྱུར་བ་བཅས་ཀྱི་ལོ་རྒྱུས་རང་བཞིན་གྱི་འཕུར་མཆོང་མངོན་འགྱུར་བྱུང་ཡོད། འབད་འབུངས་ཡར་བརྩོན་གྱི་ལོ་ལྔའི་རིང་ཀྲུང་གོར་སྤྱི་ཚོགས་རིང་ལུགས་ཀྱི་སྐྱེ་སྟོབས་ཀྱི་གསོན་ཤུགས་ཆེན་པོ་རྒྱས་པ་དང་འབྲེལ་རྒྱུན་ཆད་མེད་པར་འཕེལ་རྒྱས་ཀྱི་གནས་ཚད་གསར་པ་བཏོད་པ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱིས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དེང་རབས་ཅན་གྱི་ཕྱོགས་སུ་བསྐྱོད་པའི་ལམ་བུ་ཇེ་ཡངས་སུ་བཏང་སྟེ་མིའི་རིགས་ཀྱི་གནད་དོན་ཐག་གཅོད་བྱ་ཆེད་ཀྲུང་གོའི་བློ་གྲོས་ལེགས་སྐྱེས་ཕུལ་བ་དང་ཀྲུང་གོའི་ཇུས་གཞི་མཁོ་འདོན་བྱས་ཡོད། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ང་ཚོའི་ཏང་གིས་འགྱུར་ལྡོག་ཆེ་བའི་དུས་རབས་ཁྲོད་རང་འགུལ་ཐོབ་པ་བྱེད་པ་དང་རླབས་ཆེན་འཐབ་རྩོད་གསར་པའི་ནང་རྒྱལ་ཁ་ཐོབ་པ་བྱེད་དགོས་ན། ངེས་པར་དུ“གདེང་ཚོད་བཞི”དེ་བས་བརྟན་པོ་བཙུགས་ཏེ་རང་རྒྱལ་འཕེལ་རྒྱས་ཀྱི་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་ཁོང་དུ་བརྟན་པོ་ཆུད་པ་དང་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་རེ་སྨོན་བྱེད་པ་དེ་ཁོང་དུ་བརྟན་པོ་ཆུད་པ་བྱེད་དགོས། ང་ཚོས་ད་ཐེངས་ཚོགས་ཆེན་གྱིས་དེ་བས་ཡངས་བ་དང་དེ་བས་རིང་བའི་མིག་རྒྱང་གི་ཐོག་ནས་རྒྱལ་ཁབ་ཀྱི་འབྱུང་འགྱུར་འཕེལ་རྒྱས་ལ་འཕྲད་པའི་འཐབ་ཇུས་གལ་ཆེན་གྱི་གནད་དོན་རབ་དང་རིམ་པར་བསམ་བློ་གཏོང་བ་དང་ཁོང་དུ་ཆུད་པ་བྱས་ཏེ་རིགས་པའི་གཞུང་ལུགས་ཐད་གནས་ཚད་གསར་པ་གཏོད་པ་དང་ལག་ལེན་ཐད་བཀོད་སྒྲིག་གསར་པ་བྱས་ནས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཁྲིད་སྟོན་བྱས་ཏེ་བསམ་པའི་འཁྱེར་སོ་དང་འབད་འཐབ་ཀྱི་རྣམ་འགྱུར་གསར་རྐྱང་ཐོག་ནས་རླབས་ཆེན་གྱི་འཐབ་རྩོད་བྱེད་པ་དང་། རླབས་ཆེན་གྱི་འདུ་འགོད་འཛུགས་སྐྲུན། རླབས་ཆེན་གྱི་བྱ་གཞག་ལ་སྐུལ་འདེད་གཏོང་བ། རླབས་ཆེན་གྱི་ཕུགས་འདུན་མངོན་འགྱུར་ཡོང་བ་བཅས་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་སྐུལ་འདེད་གཏོང་རྒྱུར་རེ་སྒུག་བྱེད་བཞིན་ཡོད།
        རླབས་ཆེན་གྱི་གྲུབ་འབྲས་མཐའ་དག་ནི་རྒྱུན་མཐུད་འབད་འཐབ་ཀྱི་འབྲས་བུ་ཡིན་པ་དང་རླབས་ཆེན་གྱི་བྱ་གཞག་ཚང་མ་སྔ་འཛིན་ཕྱི་གཏོད་ཁྲོད་སྐུལ་འདེད་གཏོང་དགོས། དེ་རིང་ང་ཚོས་ལོ་རྒྱུས་ཐོག་གི་དུས་རབས་གང་རུང་ལས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་དམིགས་ཚད་བསྒྲུབ་རྒྱུ་དེ་བས་ཐག་ཉེ་རུ་ཕྱིན་པ་དང་ལོ་རྒྱུས་ཐོག་གི་དུས་རབས་གང་རུང་ལས་དམིགས་ཚད་དེ་མངོན་འགྱུར་བྱ་རྒྱུར་དེ་བས་ཡིད་ཆེས་ཀྱིས་ཁེངས་པ་དང་དེ་བས་ནུས་པ་ལྡན་ཡོད། ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་རྒྱུའི་རྒྱལ་ཁ་ཕུ་ཐག་གཅོད་རྒྱུ་མངོན་འགྱུར་དང་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱ་ཆེད་འབད་འཐབ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་བསྐྲུན་རྒྱུའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་བསྐྱོད་དེ་ང་ཚོའི་རླབས་ཆེན་ཏང་གིས་ཐོག་མའི་བསམ་འདུན་མ་བརྗེད་པར་སླར་ཡང་མདུན་སྐྱོད་བྱས་ཏེ་འགན་ལྕི་འཁུར་ནས་ཀྲུང་གོ་མི་དམངས་ཀྱི་རླབས་ཆེན་ཕུགས་འདུན་གྱི་གྲུ་གཟིངས་རླབས་གཤགས་མདུན་སྐྱོད་བྱ་རྒྱུར་ཁྲིད་སྟོན་བྱས་ནས་དེ་བས་འོད་ཟེར་ལྡན་པའི་ཕྱོགས་སུ་སྐྱོད་བཞིན་ཡོད།
        ཚོགས་ཆེན་ཐུགས་གྲ་ལེགས་འགྲིག་ཡོང་བའི་སྨོན་འདུན་ཞུ།


རྩོམ་ཡིག་སྔོན་མ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1