མཚོ་སྔོན་ནང་བསྟན་སློབ་གླིང་གིས་ཚོགས་ཆེན་བཅུ་དགུ་པའི་འགོ་ཚུགས་མཛད་སྒོར་གཟིགས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ། སྤེལ་དུས། 10-20


        སྤྱི་ཟླ་10ཚེས་18ཉིན་གྱི་སྔ་དྲོའི་དུས་ཚོད་དགུ་པའི་ཐོག ཀྲུང་གོའི་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པ་པེ་ཅིན་དུ་གཟབ་རྒྱས་ངང་འཚོགས་ཤིང་། མཚོ་སྔོན་ཞིང་ཆེན་ནང་བསྟན་སློབ་གླིང་གིས་དུས་ཐོག་ཏུ་ཏང་ཡོན་ལས་བྱེད་པ་དང་དགེ་རྒན་དང་ལས་བཟོ་པ་སྒྲིག་འཛུགས་བྱས་ཏེ། ཏང་གི་ཚོགས་ཆེན་བཅུ་དགུ་པའི་བརྙན་འཕྲིན་ཐད་གཏོང་ལ་གཟིགས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས་གནང་བའི་སྙན་ཞུ་ནན་ཏན་ངང་གསན་ཡོད་པ་རེད། 
        མཚོ་སྔོན་ཞིང་ཆེན་ཏང་ཨུད་ཀྱི་འཐབ་ཕྱོགས་གཅིག་གྱུར་པུའི་སྐོར་ཞིབ་པ། མཚོ་སྔོན་ཞིང་ཆེན་ནང་བསྟན་སློབ་གླིང་གི་ཏང་ཨུའི་ཧྲུའུ་ཅི་དཀོན་མཆོག་ལགས་ཀྱིས་ཐོག་མར་སྤྱི་ཁྱབ་ཧྲུའུ་ཅིའི་སྙན་ཞུ་ཉན་པའི་མྱོང་ཚོར་གསུངས་པ་མ་ཟད། ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱེད་དགོས་ཞེས་གསུངས། 
        དེའི་རྗེས་སུ་སློབ་གླིང་གི་དགེ་རྒན་ཁག་གཅིག་གིས་རང་རང་གི་མྱོང་ཚོར་གླེང་ཡོད་ཅིང་། ཁོང་ཚོས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་སྟོན་དུ་བརྩིས་ནས། རང་འཁྲིའི་ལས་འགན་ཧུར་ཐག་བསྒྲུབས་ཏེ། མཚོ་སྔོན་ནང་བསྟན་སློབ་གླིང་དེ་བོད་ཁུལ་གྱི་རྩེ་གྲ་དང་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་ནང་བསྟན་སློབ་གླིང་ཞིག་ཏུ་བསྐྲུན་རྒྱུར་འབད་བརྩོན་དང་། བོད་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་དང་། སྤྱི་ཚོགས་འཆམ་མཐུན། ཆོས་ལུགས་མཉམ་གནས་བཅས་ཀྱི་ཆེད་དུ་རང་ནུས་འབུལ་རྒྱུའི་རྣམ་པ་བསྟན་ཡོད་པ་རེད། 
        མཚོ་སྔོན་ཞིང་ཆེན་ནང་བསྟན་སློབ་གླིང་གཞུང་ལས་ཁང་གི་སངས་རྒྱས་དོན་གྲུབ་ལགས་ཀྱིས། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བས་ང་ཚོ་ཆོས་ལུགས་མི་སྣ་དང་དད་ལྡན་མང་ཚོགས་ལ་སྣེ་ཁྲིད་དང་སློབ་གསོ་བཏང་སྟེ། ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏང་དགོས་ཞེས་གསུངས་པ་དང་། སློབ་གླིང་གི་བཀའ་བཅུའི་ཡོངས་འཛིན་ཨོའུ་རྒྱ་ཚང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྙན་ཞུའི་ནང་འདས་པའི་ལོ་ལྔ་ལ་ཕྱོགས་བསྡོམས་དང་འབྱུང་འགྱུར་གྱི་འཕེལ་རྒྱས་དམིགས་འབེན་བཏོན་གནང་ཡོད། རང་ཉིད་ཆོས་ལུགས་སློབ་གསོ་གཉེར་མཁན་ཞིག་ཡིན་པའི་ཆ་ནས། ཉེ་བའི་ལོ་ཤས་ནང་མི་རིགས་དང་ཆོས་ལུགས་ལས་དོན་དང་། དེ་བཞིན་གཞུང་ལམ་འཛུགས་སྐྲུན་དང་། དབུལ་སྒྲོལ་འགག་གཏོར། སྐྱེ་ཁམས་ཤེས་དཔལ་སོགས་ཕྱོགས་གང་ཅིའི་ཐད་རླབས་ཆེའི་གྲུབ་འབྲས་ཐོབ་པ་མྱོང་ཚོར་ཟབ་མོ་བྱུང་ཞེས་གསུངས་ཡོད་པ་རེད།།

 

 
  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1