དར་རྒྱས་གོང་འཕེལ་གྱི་ཀྲུང་གོ་ནི་འཛམ་གླིང་གི་བསོད་ནམས་རེད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 10-23


          ཕྱི་རྒྱལ་གྱི་གསར་འགོད་པས“འབད་འབུངས་ཡར་བརྩོན་གྱི་ལོ་ལྔ”ཞེས་པའི་གྲུབ་འབྲས་འགྲེམས་སྟོན་ཆེ་མོར་ལྟ་སྐོར་བྱེད་པ། “ཀྲུང་གོའི་འདས་པའི་ལོ་ལྔའི་གྲུབ་འབྲས་ལ་ཀུན་གྱིས་དོ་སྣང་བྱེད་པ་དང་དཔལ་འབྱོར་དར་རྒྱས་དང་ཞི་བདེ་འཕེལ་རྒྱས་ཀྱི་ཀྲུང་གོ་ནི་འཛམ་གླིང་གི་བསོད་ནམས་རེད”ཅེས་ནེ་པ་ལའི་དབྱིན་ཡིག་ཚགས་པར་《གསར་དར་ནེ་པ་ལའི་ཚགས་པར་》གྱི་རྩོམ་སྒྲིག་པ་གཙོ་བོ་གཞོན་པ་ཏིས་ཝ་ལིས་བཤད།
         ཚེས་20ཉིན་གྱི་སྔ་དྲོ་ཀྲུང་གུང་ཚོགས་ཆེན་བཅུ་དགུ་པར་བཅར་འདྲིར་སླེབས་པའི་ཕྱི་རྒྱལ་གྱི་གསར་འགོད་པ་50ལྷག་ཙམ་པེ་ཅིང་འགྲེམས་སྟོན་ཁང་དུ་བསྐྱོད་ནས“འབད་འབུངས་ཡར་བརྩོན་གྱི་ལོ་ལྔ”ཞེས་པའི་གྲུབ་འབྲས་འགྲེམས་སྟོན་ཆེ་མོར་ལྟ་སྐོར་བྱས་པ་རེད།
         ཟླ་9པའི་ཟླ་མཇུག་ཏུ་འགྲེམས་སྟོན་བྱེད་འགོ་ཚུགས་པ་ནས་བཟུང་ལྟ་སྐོར་བྱེད་མཁན་མི་ཐེངས་ཁྲི་70ཙམ་ཟིན་ཡོད།
         “བསྐྱར་དར་རྟགས་ཅན”གྱི་ཀྲུང་གོའི་ཚད་ལྡན་ཤུགས་འགྲེམས་མེ་འཁོར་དང་། “ཀླུ་མོ”རྟགས་ཅན་གྱི་མི་ཞུགས་ཆུར་འཛུལ་ཡོ་བྱད། “ཟིལ་ཤུགས་ལྡན་པའི་ཐའེ་ཧུའུ་མཚེའུའི་འོད་སྣང”གི་ཚད་བརྒལ་རྩིས་འཁོར་སོགས་དཔེ་དབྱིབས་ཀྱི་འགྲེམས་རྫས་རེ་རེས་ཕྱི་རྒྱལ་གྱི་གསར་འགོད་པའི་མིག་དབང་བཀུག་པ་དང་ཁོང་ཚོས་པར་ཆས་དང་ཁ་པར་གྱིས་པར་ལེན་བཞིན་ཡོད།
         ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་གཡོད་ཧན་ནེ་སི་པའོ་ཡི་དབུ་ཚོགས་ཀྱི་འགྲེམས་པང་མདུན་དུ་ཝུ་ཀན་ཏའི་《མདུན་ལྗོངས་གསར་པའི་ཚགས་པར་》གྱི་གསར་འགོད་པ་ཁ་ཐུའོ་དང་ཨ་ཧྥེ་རི་ཁའི་གསར་འགོད་པ་འགའ་ཤས་ཀྱིས་དགའ་སྤྲོའི་ངང་མཉམ་དུ་པར་བརྒྱབ་པ་རེད།
         ཁ་ཐུའོ་ཡིས“འདས་པའི་ལོ་ལྔའི་རིང་དཔལ་འབྱོར་དང་། ཚན་རྩལ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ཁྱབ་ཁོངས་ཁག་ཚང་མར་ཀྲུང་གོར་ཡར་རྒྱས་ཆེན་པོ་བྱུང་བ་དང་རྒྱལ་སྤྱིའི་གནས་བབ་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད། གྲུབ་འབྲས་འདི་དག་ནི་དུས་ཡུན་ཐུང་ཐུང་དེ་འདྲའི་ནང་ཐོབ་པ་ཞིག་ཡིན་པ་བསམ་ཚོད་ལས་འདས”ཞེས་བཤད།
         ཏིས་ཝ་ལིས་སྙན་སྒྲོན་ནང་རང་ཉིད་ལ་བག་ཆགས་ཟབ་ཤོས་བྱུང་བ་ནི་ཞི་ཅིན་ཕིང་གིས“ཞི་བདེ་འཕེལ་རྒྱས་ཀྱི་ལམ་མཐའ་འཁྱོངས་བྱས་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཆགས་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་དེ་རེད”ཅེས་བཤད།
         ཏིས་ཝ་ལིས“ཞི་ཅིན་ཕིང་གིས་བཏོན་གནང་བའི་ཀྲུང་གོའི་ཕུགས་འདུན་གྱི་མདུན་ལམ་ནི་མི་སེམས་ལ་སྐུལ་མ་ཧ་ཅང་ཆེན་པོ་ཐེབས་པ་ཞིག་ཡོད། ཀྲུང་གོའི་ཕུགས་འདུན་ནི་ཀྲུང་གོ་བའི་ཕུགས་འདུན་ཙམ་མ་ཟད་མཐའ་འཁོར་རྒྱལ་ཁབ་དང་ཐ་ན་འཛམ་གླིང་རྒྱལ་ཁབ་ཁག་གིས་ཐུན་མོང་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱེད་པའི་ཕུགས་འདུན་ཞིག་ཀྱང་རེད། ཀྲུང་གོ་དར་རྒྱས་གོང་འཕེལ་བྱུང་ཚེ་ང་ཚོར་ཡང་དེ་ལས་ཕན་པ་ཐོབ་སྲིད”ཅེས་བཤད།
         ཨེ་ཙེ་ཨོ་ཕི་ཡའི་འཕྲིན་གཏོང་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་ཡེ་ལེས་ཀྲུང་གོའི་དབུལ་སྐྱོར་ཉམས་མྱོང་རྒྱལ་ཁབ་མང་པོའི་ངོས་ནས་བརྗོད་ན་དཔྱད་གཞིར་འཛིན་པའི་དོན་སྙིང་ཧ་ཅང་ཆེན་པོ་ལྡན་ཡོད། “ཨེ་ཙེ་ཨོ་ཕི་ཡས་ཀྲུང་གོའི་ཉམས་མྱོང་དཔྱད་གཞིར་འཛིན་སྟབས་འདས་པའི་ལོ་20ཡི་རིང་མི་འབོར་དབུལ་པོ་ཁྲི་4000ལྷག་ཙམ་ནས་ཁྲི་2000ལྷག་ཙམ་བར་ཆག་ཡོད་པས་ཀྲུང་གོ་ནི་མིག་དཔེ་ཡག་ཤོས་ཤིག་རེད”ཅེས་བཤད།
         ཡེ་ལེར་བག་ཆགས་ཟབ་ཤོས་བཞག་པའི་ནང་ད་དུང་ཀྲུང་གོ་བའི་འབད་འཐབ་དང་ཧུར་བརྩོན་ཡོད། ཡེ་ལེས“ངས་བལྟས་ཚེ‘ཀྲུང་གོའི་བྱས་རྗེས་ངོ་མཚར་ཅན’གྱི་རྒྱབ་ཏུ་འགག་རྩའི་མཐུན་རྐྱེན་གཉིས་ཡོད་པ་ནི་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་ལས་ལ་བརྩོན་པའི་ཀྲུང་གོའི་མི་དམངས་རེད”ཅེས་བཤད།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1