གཙོ་ངོས།>> གསར་འགྱུར།>>རྒྱལ་ནང་གསར་འགྱུར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། མི་དམངས་དྲ་བ། སྤེལ་དུས། ༢༠༡༧ལོའི་ཟླ་བ་༡༠ཚེས་༢༥ཉིན།

ཏང་གི་འཐུས་མི་ཚེ་རིང་སྐྱིད་འཛོམས་ཀྱིས་རང་ཉིད་ཉེ་འཁོར་གྱི་དོན་ཆུང་ནས་སྐྱེ་ཁམས་སྲུང་སྐྱོང་བྱ་རྒྱུ་ཡིན་ཞེས་བརྗོད་པ།

        ཏང་གི་ཚོགས་ཆེན་བཅུ་དགུ་པའི་འཐུས་མི་དང་ཀྲུང་གོ་རྡོ་སྣུམ་མཚོ་སྔོན་ཡུལ་ཤུལ་བྲིན་འཚོང་ཡན་ལག་ཀུང་སིའི་ཞི་ཧང་སྣུམ་སྣོན་ས་ཚིགས་ཀྱི་སྤྱི་གཉེར་པ་ཚེ་རིང་སྐྱིད་འཛོམས་ཀྱི་སྙིང་གཏམ་སྟེ། མཚོ་སྔོན་ཞིང་ཆེན་གྱིས་ཀྲུང་གོའི་ཆུ་འདྲེན་མཐོ་ལྕོག་སྲུང་སྐྱོང་གི་འགན་འཁྲི་གལ་ཆེན་ཁུར་ཡོད། མཚོ་སྔོན་ཞིང་ཆེན་ནས་ཡོང་བའི་ཏང་གི་འཐུས་མི་ཞིག་ཡིན་པའི་ཐོག་ནས་ངས་རྒྱལ་ཁབ་ཀྱིས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྲུན་ཐད་ཀྱི་འཐབ་ཇུས་གསར་པ་དང་བཀོད་སྒྲིག་གསར་པར་དོ་ཁུར་དེ་བས་ཆེན་པོ་བྱེད་ཀྱི་ཡོད། དེ་དང་དུས་མཚུངས་སུ་ངས་ད་དུང་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་ཁྲོད་དུ་མཚོ་སྔོན་སྤྱི་དང་ལྷག་པར་དུ་ངའི་ཕ་ཡུལ་གཙང་གསུམ་གྱི་ཆུ་འགོའི་རྩྭ་ཐང་ལ་འཕེལ་རྒྱས་ཀྱི་གོ་སྐབས་སྔར་ལས་མང་བ་ཐོབ་ནས་འབྲོག་པ་མང་ཚོགས་ལ་ཐོབ་སྣང་དང་སྐྱིད་སྣང་སྔར་ལས་མང་བ་འབྱུང་དུ་འཇུག་པའི་རེ་སྒུག་ཀྱང་བྱེད་བཞིན་ཡོད།
        ཚེ་རིང་སྐྱིད་འཛོམས་ཀྱིས་ཏང་གི་འཐུས་མིའི་ཐོབ་ཐང་གི་ཐོག་ནས་པེ་ཅིང་དུ་ཚོགས་འདུར་ཞུགས་པར་ཡོང་ཐུབ་པ་དེ་ལོ་རབས་80པའི་རྗེས་ནས་སྐྱེས་པའི་ཁོ་མོར་མཚོན་ནས་བཤད་ན། དེར་སློབ་སྦྱོང་གི་གོ་སྐབས་དེ་བས་མང་པོ་ཡོད་པ་མཚོན་པ་རེད། "གྲོས་བསྡུར་སྐབས་སུ་ང་རང་གིས་སྐྱེ་ཁམས་སྲུང་སྐྱོང་སྐོར་གྱི་གཏམ་རྒྱུད་ཅིག་ཐོས་བྱུང་། ངས་དེ་ཉིད་སེམས་སུ་ངེས་པར་བྱས་ཏེ་ཕྱིར་སོང་རྗེས་ལས་གྲོགས་དང་ཡུལ་མི་ཚོར་བཤད་རྒྱུ་ཡིན"ཞེས་བཤད་པ་རེད།
        རང་ཉིད་ཀྱི་ཕ་ཡུལ་སྐོར་གླེང་དུས། ཚེ་རིང་སྐྱིད་འཛོམས་ལ་རྟག་པར་2010ལོའི་ས་ཡོམ་གྱི་གནའ་ཚུལ་དྲན་དུ་འཇུག་གི་ཡོད་པ་རེད། 
        ཡང་བསྐྱར་ལོ་བདུན་གྱི་སྔོན་དུ་ཕྱིན་པ་ན། སྣུམ་སྣོན་ས་ཚིགས་ཀྱི་འགོ་འཛིན་གྱི་འགན་ཁུར་ནས་ལོ་གཅིག་ཀྱང་འགོར་མེད་པའི་ཚེ་རིང་སྐྱིད་འཛོམས་ཀྱིས་ཚོད་བགམ་ཧ་ཅང་ཆེན་པོ་ཞིག་དང་ལེན་བྱས་ཡོད་པ་རེད། ས་ཡོམ་བྱུང་བའི་ཉིན་དེར་གནོད་སྐྱོན་ཐེབས་པའི་སྣུམ་སྣོན་ས་ཚིགས་དང་ནམ་རྒྱུན་ལས་འཁོར་རིགས་མང་ཚད་ལྡབ་བརྒྱད་ཟིན་པའི་མྱུར་སྐྱོབ་རླངས་འཁོར་གྱི་མདུན་དུ་ཁོ་མོས་ཞུམ་པ་མེད་པའི་སྙིང་སྟོབས་དང་འགན་འཁུར་གྱི་འདུ་ཤེས་དྲག་པོ་བཅངས་ནས་ཉིན་མཚན་མེད་པར་དཀའ་སྡུག་ཁྱད་བསད་ཀྱིས་འཐབ་ས་དང་པོ་བརྟན་སྲུང་བྱས་པ་རེད། རང་ཉིད་ཀྱི་གཉེན་ཉེ་མང་པོ་ཞིག་རྐྱེན་ལམ་དུ་ཤོར་བ་དང་རྨས་ཕོག་པའི་གནས་ཚུལ་ཐོས་རྗེས། ཁོ་མོས་མིག་ཆུ་གཙང་མ་ཕྱིས་ནས་ཐེ་ཚོམ་སྤུ་ཙམ་མེད་པར་ཡང་བསྐྱར་སྣུམ་སྣོན་ས་ཚིགས་སུ་ལོག་སྟེ་མུ་མཐུད་ལས་ཀ་བྱས་པ་རེད།
        མྱོང་བརྒྱུད་ཐེངས་འདི་ལས་ཁོ་མོ་འཚར་ལོངས་མགྱོགས་པོ་བྱུང་བ་མ་ཟད། རང་ཉིད་ཀྱི་ཕ་ཡུལ་ལ་རྒྱུས་ལོན་སྔར་ལས་ལྷག་པར་བྱུང་ལ། དེའི་ཁྲོད་ནས་གལ་འགངས་ཆེས་ཆེ་བ་ཞིག་ནི་སྐྱེ་ཁམས་ཀྱི་རིན་ཐང་ཤེས་རྟོགས་བྱུང་བ་དེ་རེད།
        ཚེ་རིང་སྐྱིད་འཛོམས་ཀྱིས"མཚོ་སྔོན་ཞིང་ཆེན་ནི་གཙང་གསུམ་ཆུ་འགོ་འབྱུང་ཡུལ་དུ་གནས་ཡོད་ལ། སྐྱེ་ཁམས་ཀྱི་གནས་བབ་ཧ་ཅང་གལ་ཆེན་པོ་རེད། ཚོགས་ཆེན་བཅུ་དགུ་པའི་སྙན་ཞུའི་ནང་དུ་འདས་པའི་ལོ་ལྔའི་རིང་ལ་རང་རྒྱལ་གྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྲུན་ལ་ཕན་འབྲས་མངོན་གསལ་ཐོབ་ཡོད། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྲུན་ལ་སྐུལ་སྤེལ་ཤུགས་ཆེན་གཏོང་བ་དང་། ཏང་ཡོངས་དང་རྒྱལ་ཡོངས་ཀྱིས་འབྱུང་འཕྲོད་འཕེལ་རྒྱས་འདུ་ཤེས་ལག་ལེན་མཐར་ཕྱིན་བསྟར་བའི་རང་རྟོགས་རང་བཞིན་དང་རང་འགུལ་རང་བཞིན་མཐོ་རུ་མངོན་གསལ་ཕྱིན་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སྣང་མེད་དུ་འཇོག་པའི་གནས་ཚུལ་ལེགས་འགྱུར་མངོན་གསལ་བྱུང་བ་རེད། དེའི་ཐད་ང་ལ་མྱོང་ཚོར་ཟབ་མོ་ཡོད"ཅེས་བཤད་པ་རེད།  ཚེ་རིང་སྐྱིད་འཛོམས་ཀྱིས་གསར་འགོད་པར་2015ལོར་ཁོ་མོ་འབྲི་སྟོད་རྫོང་གི་སྟོད་མཚེ་ཞང་ལྷ་རི་གྲོང་ཚོར་བཅའ་སྡོད་ལས་བྱེད་པའི་འགན་ཁུར་བར་མངགས་གཏོང་བྱས་བྱུང་། གྲོང་ཚོ་འདི་ནི་དབུལ་ཕོངས་རྗེས་ལུས་ཡིན་མོད། འོན་ཀྱང་འབྲོག་པ་ཚོར་རང་ཉིད་ཀྱི་ཁོར་ཡུག་སྲུང་སྐྱོང་བྱ་ཐབས་ཆ་ཚང་ཞིག་ཡོད་པ་རེད། "ཤང་དང་གྲོང་ཚོ་གང་ཞིག་ཡིན་རུང་། ཟླ་བ་རེར་ཉུང་མཐར་ཡང་ལས་བྱེད་པ་དང་ཏང་ཡོན་གྱིས་སྣེ་ཁྲིད་དེ་འབྲོག་པ་ཚོ་སྒྲིག་འཛུགས་བྱས་ཏེ་གད་སྙིགས་སྒྲུག་ནས་ཁོར་ཡུག་སྲུང་སྐྱོང་ཐེངས་གཉིས་རེ་བྱེད་ཀྱི་ཡོད"ཅེས་བརྗོད་པ་རེད།
        སྐྱེ་ཁམས་སྲུང་སྐྱོང་ཀྱི་འདུ་ཤེས་མི་རྣམས་ཀྱི་སེམས་གཏིང་ལ་འཇགས་པ་ལས་སྔོ་ལྗང་རི་ཀླུང་བརྗེས་ཡོང་བ་རེད། གནད་སྨིན་དབུལ་སྐྱོར་བྱེད་འགོ་ཚུགས་རྗེས། ལྷ་རི་གྲོང་ཚོས་འབྲོག་པའི་སྤྲོ་སྐྱིད་ཁང་འཛུགས་གཉེར་བྱེད་འགོ་བཙུགས་ན་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་དེ་དག་དབུལ་ཕོངས་ཁྱིམ་ཚང་གི་དབུལ་སྒྲོལ་བྱེད་རོགས་བཟང་པོ་ཞིག་ཏུ་གྱུར་པ་རེད།
        "སྐྱེ་ཁམས་ཤེས་དཔལ་འཛུགས་སྐྲུན་གྱི་བྱས་རྗེས་དེང་འདིར་བཞག་ཅིང་ཕན་འབྲས་བསྐལ་བརྒྱར་ཐོན་རྒྱུ་རེད།" ཚེ་རིང་སྐྱིད་འཛོམས་ཀྱིས་བབ་ཆགས་ཆེས་ལྡན་པའི་སྐད་ཆ་ཡིས་རང་ཉིད་ཀྱི་མ་འོངས་པའི་བསམ་ཚུལ་བརྗོད་ཡོད་དེ། "ང་རང་གིས་ངེས་པར་དུ་ཚོགས་ཆེན་གྱི་སྙན་ཞུའི་དགོངས་དོན་སློབ་སྦྱོང་དང་གོ་བ་ཟབ་ལེན་བྱ་རྒྱུ་ཡིན་མ་ཟད། གྲོང་ཚོའི་འབྲོག་པ་ཚོར་བརྒྱུད་བསྒྲགས་བྱས་ཏེ་ཚང་མས་རང་ཉིད་ཉེ་འཁོར་གྱི་དོན་ཆུང་ནས་བྱེད་འགོ་ཚུགས་ཏེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་ཕྱིར་ང་ཚོ་མི་རབས་འདིས་འབད་བརྩོན་ལྷོད་མེད་བྱེད་དགོས"ཞེས་བརྗོད་པ་རེད།།


              

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1