ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་དྲུང་ཡིག་ཆེན་མོས་ཨི་སི་རེལ་གྱི་དམག་དཔུང་གིས་ཅཱ་ཧྲ་ས་ཁུལ་གྱི་སྡོད་དམངས་འདུས་སྡོད་ས་ཁུལ་དུ་འགས་གཏོར་འགུལ་སྐྱོད་སྤེལ་བར་རྒོལ་གཏམ་བཏང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 07-22


       ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་དྲུང་ཡིག་ཆེན་མོ་ཨ་ལཱ་པུས་ཀྱིས་ཚེས་20ཉིན་གསལ་བསྒྲགས་སྤེལ་ཏེ། ཨི་སི་རེལ་གྱི་དམག་དཔུང་གིས་ཅཱ་ཧྲའི་ཤར་ངོས་ཀྱི་སྡོད་དམངས་འདུས་སྡོད་ས་ཁུལ་ཞིག་ཏུ་མེ་སྒྱོགས་ཀྱིས་འཇབ་རྒོལ་བྱས་ནས་ཤི་རྨས་ཚབས་ཆེན་བཟོས་པར་རྒོལ་གཏམ་དྲག་པོ་བཏང་བ་དང་། ཞོར་དུ་ཨི་སི་རེལ་ཕྱོགས་ཀྱིས་གང་མགྱོགས་སྒོས་དྲག་ཤུགས་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་།

      གསལ་བསྒྲགས་ལས་བཤད་རྒྱུར། ཨི་སི་རེལ་གྱི་དམག་དཔུང་གིས་མི་གྲངས་མང་བོ་འདུས་ཡོད་པའི་ཧྲ་ཅཱ་ཡེ་སྲང་ལམ་ནས་སྤེལ་བའི་ལུགས་མེད་ཀྱི་བྱ་སྤྱོད་ནི་ཕ་ལེ་སི་ཐན་མི་དམངས་ལ་བཟོས་པའི་འཐབ་འཁྲུག་ནག་ཉེས་ཤིག་ཡིན་པ་དང་། ཕ་ལེ་སི་ཐན་དང་ཨི་སི་རེལ་གྱི་འཁྲུག་རྩོད་སྔར་ལས་ཛ་དྲག་ཏུ་འགྱུར་བའི་ཉེན་ཁའི་བྱ་སྤྱོད་ཅིག་ཀྱང་ཡིན། ཨི་སི་རེལ་གྱིས་ཐེངས་འདིའི་ནག་ཉེས་བྱ་སྤྱོད་ལ་འགན་ཡོངས་སུ་འཁུར་དགོས་ཟེར། ཨ་ལཱ་པུས་ཀྱིས་ད་རུང་ཨི་སི་རེལ་གྱིས་མྱུར་དུ་ཅཱ་ཧྲ་ས་ཁུལ་གྱི་བཙན་འཛུལ་བྱ་སྤྱོད་མཚམས་བཞག་སྟེ། ཕ་ལེ་སི་ཐན་མི་དམངས་ཀྱི་བདེ་འཇགས་ལ་ཁག་ཐེག་བྱེད་དགོས་པའི་འབོད་སྐུལ་བཏང་།
      ཨེ་ཅིབ་ཀྱི་ཕྱི་འབྲེལ་པུའུ་ཡིས་ཉིན་དེའི་ཞོགས་པར་གསལ་བསྒྲགས་སྤེལ་ཏེ། དབྱི་སི་རལ་གྱི་ཉེ་བའི་དམག་དོན་འགུལ་སྐྱོད་ལ་རྒོལ་གཏམ་བཏང་བར་མ་ཟད། ཨེ་ཅིབ་སྲིད་གཞུང་དང་མི་དམངས་ཀྱིས་ཐོག་མཐའ་བར་གསུམ་དུ་ཕ་ལེ་སི་ཐན་གྱི་མི་དམངས་ལ་རྒྱབ་སྐྱོར་བྱེད་ངེས་ཡིན་ཟེར།།
 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1