ཡུས་ཀུའུ་རིགས་ཀྱི་འཐུས་མི་ཞིག་གི་བསམ་འདུན་གསུམ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོ་བོད་ལྗོངས་དྲ་བ། སྤེལ་དུས། 10-27


  དྭངས་ལ་གཙང་བའི་ཆུ་བོ་དང་ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་། གཅིག་ལ་གཅིག་འབྲེལ་གྱི་གངས་རི་བཅས་འདོ་ལ་རི་བོའི་མཛེས་སྡུག་མངོན་པར་བྱེད་པའི་པར་རིས་དེ་དག་ཚོགས་ཆེན་བཅུ་དགུ་པའི་འཐུས་མི། ཀན་སུའུ་ཞིང་ཆེན་སུའུ་ནན་ཡུས་ཀུའུ་རིགས་རང་སྐྱོང་རྫོང་མིང་ཧྭ་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་ཧོ་ཝེ་གོ་ཡིས་རྟག་ཏུ་ལུས་ཐོག་ཏུ་བསྣམས་ཡོད། པར་རིས་དེ་དག་ཐོག་ནས་ཁོང་གིས་འདོ་ལ་རི་བོར་བཅངས་པའི་བརྩེ་སེམས་མངོན་ཡོད་ལ་ཁོང་གི་བསམ་འདུན་དེ་བས་ཀྱང་མངོན་ཡོད།
  ཁོང་གིས། འདོ་ལ་རི་བོ་ནི་སུའུ་ནན་མི་རིགས་ས་ཁུལ་གྱི་མ་ཡུམ་རི་བོ་ཡིན་པས་ང་ཚོས་རང་ཉིད་ཀྱི་ཚེ་སྲོག་ལ་གཅེས་སྤྲས་བྱེད་པ་ལྟར་རི་བོ་དེར་བདག་སྐྱོང་ཡག་པོ་བྱེད་ཀྱི་ཡོད་ཅིང་རྒྱལ་ཁབ་ནས་འདོ་ལ་རི་བོའི་སྐྱེ་ཁམས་སྲུང་སྐྱོང་ཁྲོད་དུ་ས་གནས་ལ་རྒྱབ་སྐྱོར་དང་རོགས་རམ་སྔར་བས་མང་བ་གནང་རྒྱུའི་རེ་བ་ཡོད་ཅེས་གསུངས། གཞན་ཁོང་གིས་ད་དུང་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུའི་ནང་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་དགོས་ཞེས་བཏོན་གནང་བ་དེས་ཁོང་ལ་བག་ཆགས་ཟབ་མོ་བཞག་བྱུང་ཞེས་གསུངས་འདུག
  ཧོ་ཝེ་གོ་ཡིས།  སྙན་ཞུའི་ནང་རྒྱལ་ཁབ་སྤྱི་གླིང་གིས་གཙོ་བོ་བྱེད་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་འཛུགས་རྒྱུ་བཏོན་ཡོད་པ་དང་འདོ་ལ་རི་བོ་འཆར་འགོད་ཁྱབ་ཁོངས་དེའི་ནང་བཅུག་ཡོད་ཅིང་དེ་ང་ཚོའི་ངོས་ནས་བཤད་ན་ལོ་རྒྱུས་ཀྱི་གོ་སྐབས་ཆེན་པོ་ཞིག་ཡིན་པས་འཆར་འགོད་ནང་ས་གནས་དེ་གའི་འབྲོག་ལས་རྒྱུན་མཐུད་གོང་འཕེལ་དང་གྲངས་ཉུང་མི་རིགས་ཀྱི་རིག་གནས་རྒྱུན་འཛིན་གནད་དོན་ལ་བསམ་གཞིག་གང་མང་གནང་རྒྱུའི་རེ་བ་ཡོད་ཅེས་གསུངས། 
  མང་ཚོགས་ཀྱི་འཚོ་བ་སྔར་བས་ལེགས་པ་དང་སྤྱི་ཡོངས་བྱང་ཚད་སྔར་ལས་མཐོ་བ་ཡོང་ཐུབ་པ་བྱེད་རྒྱུ་ནི་ཧོ་ཝེ་གོ་ཡི་བསམ་འདུན་གཉིས་པ་དེ་ཡིན་པ་རེད། ཧོ་ཝེ་གོ་ཡིས།  རང་རྒྱལ་གྱི་སྤྱི་ཚོགས་འགལ་ཟླར་འགྱུར་ལྡོག་བྱུང་བ་དང་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བ་སྐྱེལ་བའི་རེ་འདུན་སྔར་བས་ཤུགས་ཆེར་སོང་ཡོད། ཞིང་འབྲོག་མང་ཚོགས་ཁྱོན་ཡོངས་ནས་གོང་འཕེལ་ཡོང་བ་བྱེད་པར་དཔེ་དེབ་ཀློག་ཙམ་ཀློག་ཙམ་དང་ཡི་གེ་འབྲི་ཙམ་འབྲི་ཙམ་བྱེད་པས་མ་འགྲིག་པར་རིམ་པ་ཟབ་སྦྱོང་སྔར་ལས་ལྷག་པ་བྱས་ནས་ངལ་རྩོལ་དང་ཐོན་སྐྱེད་ཀྱི་རྩལ་ནུས་མཐོ་རུ་གཏོང་བ་དང་ཁོང་ཚོས་བཅའ་ཁྲིམས་ཤེས་རྟོགས་སྔར་ལས་ལྷག་པ་དང་ཁ་དན་ཚིག་གནས་ཐུབ་པ་བྱེད་དགོས་ཀྱི་ཡོད་ཅེས་གསུངས།
  ཤང་ཏང་ཨུའི་ཧྲུའུ་ཅི་ཡིན་པའི་ཧོ་ཝེ་གོ་ཡིས་ད་དུང་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་ལ་སེམས་ཁུར་ཧ་ཅང་ཆེན་པོ་གནང་བཞིན་ཡོད། ཁོང་གིས། མིང་ཧྭ་ཤང་དུ་ཞིང་འབྲོག་ཏང་ཡོན་ཚོས་ཟླ་རེར་སྲིད་ཇུས་རིགས་པའི་གཞུང་ལུགས་སློབ་སྦྱོང་ཉུང་ཤོས་ལའང་ཐེངས་གཉིས་ཙམ་བྱེད་ཀྱི་ཡོད་པ་དང་། སྤྱི་ཚེས་15ཉིན་ནི་རྫོང་ཡོངས་ཀྱི་ཏང་ཡོན་གྱི་གཏན་འཇགས་ཀྱི་སློབ་སྦྱོང་ཉིན་མོ་ཡིན་ཞིང་དེར་གཡོ་འགུལ་གཏོང་མྱོང་མེད་ཅེས་དང་ཁོང་གིས་ད་དུང་ཁ་དན་ཚིག་གནས་ཀྱི་གདེང་འཇོག་མ་ལག་ཁྱབ་གདལ་བཏང་ནས་ཏང་ཡོན་རྣམས་དོ་དམ་ཁྱབ་ཁོངས་ནང་བཅུག་ནས་ཁོང་ཚོའི་མིག་དཔེའི་ནུས་པ་འདོན་སྤེལ་བྱེད་འཇུག་རྒྱུ་ཡོད་ཅེས་གསུངས། 
  ཧོ་ཝེ་གོ་ཡིས་རང་ཉིད་ཀྱི་བསམ་འདུན་གསུམ་པ་སྟེ་གཞི་རིམ་ཏང་རྩ་འཛུགས་ཚང་མ་ཤུགས་ཆེའི་དམག་འཐབ་མཁར་རྫོང་ལ་འགྱུར་བ་བྱེད་རྒྱུ་དེ་གླེང་གནང་ཡོད་པ་དང་ཁོང་གིས་རང་སྐྱོང་དང་ཁྲིམས་སྐྱོང་། སྤྱོད་སྐྱོང་བཅས་ཟུང་སྦྲེལ་གྱི་ཤང་དང་གྲོང་ཚོའི་བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་ཤང་དང་གྲོང་ཚོ་ཚང་མ་སྔ་ཙམ་དར་རྒྱས་གོང་འཕེལ་ཡོང་བར་བྱེད་རྒྱུའི་རེ་བ་གནང་ཡོད་པ་རེད།།
 
 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1