རྔ་བ་རྫོང་གིས་ཞིང་འབྲོག་མང་ཚོགས་ལ་ཁ་ལོ་བའི་རྒྱུན་ཤེས་སྐོར་ནས་གསབ་སྦྱོང་བྱས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། སྤེལ་དུས། 10-27


        རྔ་བ་རྫོང་རྨེའུ་རུ་མ་ཡུལ་ཚོའི་ཏང་ཨུ་དང་སྲིད་གཞུང་གིས་རྔ་བ་རྫོང་རིག་རྩལ་རྒྱང་སྒྲོག་གསར་འགྱུར་ཅུས་དང་མཉམ་འབྲེལ་གྱིས་ཤེས་བྱའི་དྲི་བ་དྲིས་ལན་གྱི་བྱ་འགུལ་དང་། རིག་རྩལ་འཁྲབ་སྟོན་གྱི་བྱ་འགུལ་སྤེལ་ནས། ཡུལ་ཚོ་དེའི་རླངས་འཁོར་ཁ་ལོ་བའི་སྐོར་ཡིག་གསབ་སྦྱོང་ལ་ཞུགས་པའི་ཡུལ་མི་རྣམས་ཀྱི་རིགས་གཞུང་སློབ་སྦྱོང་གི་འཚོ་བ་སྣ་མང་ཕུན་ཚོགས་སུ་བཏང་བ་རེད།
        རྒྱུས་ལོན་བྱས་པ་ལྟར་ན། རྨེའུ་རུ་མ་ཡུལ་ཚོའི་རླངས་འཁོར་ཁ་ལོ་བའི་བོད་ཡིག་རིགས་གཞུང་འཛིན་གྲྭའི་སློབ་སྦྱོང་འགོ་བརྩམས་པ་ནས་བཟུང་ད་བར་སློབ་སྦྱོང་ལ་ཞུགས་པའི་ཡུལ་མི་400ཡོད་ཅིང་ཁོ་ཚོས་བློ་རྩེ་གཅིག་སྒྲིམ་སྒོས་སློབ་ཁྲིད་ལ་ཉན་པ་དང་།ཟིན་བྲིས་འགོད་པ། སློབ་ཁྲིད་རྗེས་སུ་བསྐྱར་སྦྱོང་བཅས་ཀྱིས་འབད་བརྩོན་བྱེད་པ། འགྲིམ་འགྲུལ་གྱི་ལམ་རྟགས་དང་། ཁ་ལོ་བའི་བྱེད་སྟངས་འགྲིག་མིན་ངོས་འཛིན། ཁ་ལོ་བྱེད་སྐབས་ཉམས་འཇོག་དགོས་ས་གང་དག་ཡོད་པ་བཅས་ཀྱི་སྐོར་ལ་ནན་ཏན་གྱིས་སློབ་སྦྱོང་གནང་བ་རེད། 
        ཚང་མས་བཤད་པ་ལྟར་ན། ཤེས་བྱའི་འགྲན་བསྡུར་གྱི་བྱ་འགུལ་ལ་ཞུགས་པས་དཀའ་ཁག་ཅན་གྱི་རིགས་གཞུང་དག་ལ་གོ་བ་གསལ་བོ་ལོན་པ་དང་། སློབ་སྦྱོང་གི་སྤྲོ་སྣང་ཇེ་བཟང་དུ་བཏང་ལ། སྔར་སྦྱངས་ཟིན་པ་དག་ལ་ངོས་འཛིན་ཇེ་ལེགས་སུ་བཏང་བྱུང་ཟེར།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1