མོན་པ་རིགས་ཀྱི་ཚོགས་ཆེན་བཅུ་དགུ་པའི་འཐུས་མིས་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཕ་ཡུལ་གྱི་ཡུལ་མི་སྤུན་ཟླ་རེ་རེར་བརྒྱུད་སྒྲོག་གནང་རྒྱུ་ཡིན་ཟེར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།  ཀྲུང་གོའི་བོད་ལྗོངས་དྲ་བ།  སྤེལ་དུས། 10-27


 
        ཚོགས་ཆེན་བཅུ་དགུ་པའི་ཚོགས་རའི་ནང་དུ། ་ “80རྗེས་དང་90རྗེས”ཀྱི་འཐུས་མི་རྣམས་ནི་ཀུན་གྱིས་མཐོང་སྣང་དུ་མངོན་པའི་མཛེས་སྡུག་རྣམ་པར་བཀྲ་བའི་བཀོད་པ་ཞིག་ཡིན་པ་མ་ཟད། ཁོ་ཚོའི་ཁྲོད་དུ“80རྗེས་ཀྱི”བུད་མེད་འཐུས་མི་ཞིག་ནི་དེ་ལས་ཀྱང་དམིགས་བསལ་ཡན་གར་བ་ཞིག་སྟེ། དེ་ནི་མོན་པ་རིགས་ནས་ཐོན་པའི་འཐུས་མི་གཅིག་པུ་སྟེ། བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་མཚོ་སྣ་རྫོང་མག་མང་མོན་པ་མི་རིགས་ཞང་གི་ཞང་ཀྲང་པད་མ་དབྱངས་ཅན་རེད།
        2008ལོར་ཏང་ནང་དུ་ཞུགས་པའི་པད་མ་དབྱངས་ཅན་ནི་ད་ལོར་ཚོགས་ཆེན་བཅུ་དགུ་པའི་འཐུས་མིར་བདམས་པ་ཡིན་ལ། ཁོ་མོས“ ཚོགས་ཆེན་བཅུ་དགུ་པའི་འཐུས་མིར་བདམས་ཐུབ་པར་ང་རང་གཟི་བརྗིད་ཀྱིས་ཁེངས་ཡོད་དེ། རྩ་འཛུགས་ཀྱིས་ང་ལ་ཡིད་ཆེས་གནང་བར་ཡང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་དགའ་སྤྲོ་ཆེན་པོའི་ངང་དེ་སྐད་བརྗོད་བྱུང་།
        ཚོགས་ཆེན་བཅུ་དགུ་པ་འགོ་ཚུགས་པའི་ཚོགས་འདུའི་ཐོག་ཞི་ཅིན་ཕིང་གིས་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ཏེ་གནང་བའི་སྙན་ཞུའི་སྐོར་གླེང་སྐབས། པད་མ་དབྱངས་ཅན་གྱིས། སྙན་ཞུའི་ནང་“ ང་ཚོས་མི་དམངས་མང་ཚོགས་ཀྱི་དོན་ཕྲན་ཆུང་ངུ་དེ་རང་ཉིད་ཀྱི་དོན་ཆེན་དུ་རྒྱུན་འཁྱོངས་བྱ་དགོས་པ་དང་། མི་དམངས་མང་ཚོགས་ཀྱིས་སེམས་ཁུར་བྱེད་པའི་ལས་དོན་ནས་སྒྲུབ་འགོ་རྩོམ་དགོས་ཤིང་། མི་དམངས་མང་ཚོགས་བློ་ཡིད་ཚིམ་པའི་བྱ་བ་ནས་སྒྲུབ་འགོ་བརྩམས་ཏེ་མི་དམངས་སྣེ་ཁྲིད་དེ་སྔར་བས་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་དགོས”ཞེས་པའི་ཚིག་འདིས་རང་ཉིད་ལ་བག་ཆགས་གཏིང་ཟབ་མོ་བཞག་ཡོད་ཅེས་བརྗོད་བྱུང་།
        པད་མ་དབྱངས་ཅན་གྱིས་སྙན་ཞུའི་ནང་གི་གྲོས་གཞི་མང་པོར“ གཙོ་གནད་ཀྱི་རྟགས་བརྒྱབ” ཡོད་དེ། “ ང་ནི་གཞི་རིམ་ནས་ཡོང་བས་གནད་རེ་རེ་འབྲེལ་བ་ཡོད་ཅིང་། དེ་ལས་ཀྱང་གནད་གལ་ཆེ་ཤོས་ནི་དམངས་འཚོའི་ཕྱོགས་ཡིན་པ་སྨྲོས་མ་དགོས། སླད་ཕྱིན་གྱི་ལོ་ལྔའི་ནང་། རྒྱལ་ཁབ་ཀྱིས་དམངས་འཚོ་སོགས་ཐད་སྲིད་ཇུས་ཅི་ཞིག་བཏོན་ཡོད་པ་སོགས་དང་། དེ་ལས་གཞན་ཏང་དང་རྒྱལ་ཁབ་ཀྱིས་གྲངས་ཉུང་མི་རིགས་ཀྱི་རོགས་སྐྱོར་སོགས་ལ་ངས་ཧ་ཅང་དོ་ཁུར་བྱེད་ཡོད”ཟེར།
        མོན་པ་རིགས་ཀྱི་འཐུས་མི་གཅིག་པུ་ཡིན་པའི་ངོས་ནས། པད་མ་དབྱངས་ཅན་གྱིས། ཏང་གི་ཚོགས་ཆེན་བཅུ་དགུ་པ་ནི་ཤིན་ཏུ་གལ་འགངས་ཆེ་བའི་ཚོགས་ཆེན་ཞིག་ཡིན་ཏེ། མོན་པ་རིགས་ཀྱི་མང་ཚོགས་ཀྱི་རེ་སྒུག་ཆེན་པོ་བྱས་པའི་དགའ་འོས་པའི་དོན་བཟང་གལ་ཆེན་ཞིག་རེད། ང་རང་ད་ཐེངས་པེ་ཅིང་དུ་ཡོང་དོན་ནི་མོན་པ་རིགས་ཀྱི་མང་ཚོགས་ཀྱི་བདེ་སྐྱིད་ཀྱི་འཚོ་བའི་གནས་ཚུལ་ཏང་ལ་སྙན་ཞུ་ཕུལ་ནས། རྒྱལ་ཡོངས་མི་དམངས་ཚང་མས་ཤེས་པར་བྱ་རྒྱུ་དེ་ཡིན། ཁོ་མོས། ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་ཡག་པོ་དང་རོགས་སྐྱོར་འོག་མོན་པ་རིགས་ཀྱི་མི་མང་གི་འཚོ་བར་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་ཡོད་ཅིང་། ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་མཐོ་རུ་ཕྱིན་ཡོད་པ་དང་། སྡོད་ཁང་ཁོད་ཡངས་ཡིན་པ། འགྲིམ་འགྲུལ་སྟབས་བདེ་བ། བསམ་པའི་ཉམས་འགྱུར་མཐོ་རུ་འཕར་ཡོད་པས། “ངས་ནི་ང་རང་བརྒྱུད་མོན་པ་རིགས་ཀྱི་མི་དམངས་ཀྱི་བསམ་པའི་ཉམས་འགྱུར་དེ་རྒྱལ་ཡོངས་མི་དམངས་ལ་ངོམ་པའི་རེ་བ་ཡོད”ཅེས་བརྗོད་བྱུང་།
        པད་མ་དབྱངས་ཅན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ལོ་ངོ་ལྔའི་རིང་ལ། མོན་པ་རིགས་ཀྱི་མི་དམངས་ཀྱི་འཚོ་བའི་འགྱུར་ལྡོག་ནི“ བློ་ཡུལ་ལས་འདས་པ” ཞེས་པའི་ཡིག་འབྲུས་མཚོན་ཆོག་སྟེ། སྡོད་ཁང་གི་ཕྱོགས་ནས། སྔོན་ཆད་མི་ཕྱུགས་མཉམ་དུ་སྡོད་དགོས་ཤིང་ཆར་རླུང་འགོག་ཐབས་བྲལ་བའི་ཤིང་ཁང་ནས་ཡངས་ཤིང་དཀར་ཆ་དོད་པ། སྤྱོད་ཤན་ཆེ་བའི་ཁང་བརྩེགས་ཆུང་ཆུང་དུ་གྱུར་ཡོད་པ། རྨང་གཞིའི་སྒྲིག་བཀོད་ཐད་ནས། སྦྲགས་འཕྲིན་དང་ལམ་སྲིད། སྨན་བཅོས། འཕྲོད་བསྟེན་སོགས་ཇི་མཁོ་ཚང་མ་ཡོད་པ། 2016 ལོར་ཞང་ཡོངས་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར13672ལ་སླེབས་པ་དང་། ཞང་གི་སྲིད་འཛིན་གྲོང་ཚོ་གཅིག་པུ་མག་མང་གྲོང་ཚོའང“ སྣོད་བཅུད་ཤེས་དཔལ་གྱི་འབྱོར་འབྲིང་གྲོང་ཚོར” བསྐྲུན་ཡོད་དེ། ཡུལ་སྐོར་ལ་ཡོང་མཁན་རྒྱུན་ཆད་མེད་པས་ན།  མི་མང་གིས་ཀྱང་གཅིག་རྗེས་གཉིས་མཐུད་སྒོས་ཁྱིམ་ཚང་མགྲོན་ཁང་ཕྱེ་བའི་ཁར། མཐའ་དར་དམངས་ཕྱུག་གི་འགུལ་སྐྱོད་ཀྱི་མ་དངུལ་བཏང་ནས་བསྐྲུན་པའི་ས་མུའུ་350ལྷག་གི་ཇ་ཞིང་བསྣན་ཚེ།  ང་ཚོའི་འཚོ་བ་ནི་ཇེ་ལེགས་ནས་ཇེ་ལེགས་སུ་འགྲོ་བཞིན་ཡོད་ཅེས་ཟེར།
        ཟླ་10པའི་ཚེས་18ཉིན། ཞི་ཅིན་ཕིང་གིས་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ་ཚོགས་འདུར་སྙན་ཞུ་གནང་སྐབས། ཐོག་མའི་བསམ་འདུན་མི་བརྗེད་པར་ནམ་ཡང་འབད་འབུངས་བྱེད་དགོས་ཞེས་ནན་གྱིས་བསྟན་ཡོད་དེ། ཀྲུང་གོའི་གུང་ཁྲན་ཏང་མིའི་ཐོག་མའི་བློ་དང་ལས་འགན་ནི་ཀྲུང་གོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་ཡོང་བ་དེ་རེད། “80རྗེས”ཀྱི་གཞོན་སྐྱེས་ཏང་ཡོན་ཞིག་ཡིན་པའི་ཆ་ནས། པད་མ་དབྱངས་ཅན་གྱིས་བཤད་རྒྱུར། སྔོན་ཆད་སློབ་ཆེན་མཐར་ཕྱིན་རྗེས་ཕ་ཡུལ་དུ་ཕྱིར་འོང་ནས་ལས་ཀ་བྱེད་སྐབས། ཕ་ཡུལ་ལ་བྱས་རྗེས་འབུལ་རྒྱུ་ཁོ་ནར་བསམ་བློ་བཏང་མྱོང་། ད་ལྟ་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུར་གསན་རྗེས། ཁོ་མོས་“ འདིས་ནི་ངས་བློ་སེམས་སྔར་བས་བརྟན་པོ་བྱས་ཏེ་སྔར་བས་འབད་འབུངས་བྱ་འདོད་པའི་ཆོད་སེམས་བརྟན་པོས་ཁེངས་ཡོད་ཅིང་། ང་རང་གིས་བསམ་བློའི་ངོས་འཛིན་དེ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་ཐོག་ཚད་མཐོན་པོས་གཅིག་གྱུར་བྱེད་དགོས་ཤིང་། གུང་ཁྲན་ཏང་ཡོན་ཞིག་གི་ངོས་ནས། དུས་གཏན་དུ་མི་དམངས་དང་དབུགས་མཉམ་རྔུབ་དང་བདེ་སྡུག་མཉམ་མྱོང་། ཕན་ཚུན་སེམས་དང་སེམས་འབྲེལ་བ།  དུས་ནམ་ཡང་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་འཆང་བའི་རེ་སྨོན་དེ་རང་ཉིད་ཀྱི་འབད་འཐབ་དམིགས་ཚད་དུ་འཛིན་པ། དུས་ནམ་ཡང་ལྷོད་གཡེང་མེད་པའི་ཉམས་འགྱུར་དང་དུས་གཏན་དུ་འབད་འཐབ་ལྷོད་མེད་བྱེད་པའི་སྙིང་སྟོབས་ཀྱིས། མུ་མཐུད་དུ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་གྱི་དམིགས་འབེན་ཆེན་པོས་ཕྱོགས་སུ་ཞུམ་མེད་མདུན་སྐྱོད་བྱེད་པའི”སེམས་ཐག་བཅད་པ་ཡིན་ཟེར།
        པད་མ་དབྱངས་ཅན་གྱིས། ཚོགས་ཆེན་བཅུ་དགུ་པ་མཇུག་བསྒྲིལ་རྗེས། ང་རང་ཕྱིར་རང་གི་ལས་གནས་སུ་འགྲོ་དགོས་ཤིང་། ཁོ་མོས་རང་ཉིད་ཀྱི་ཆེས་དོན་དམ་གྱི་ཚོགས་ཞུགས་མྱོང་བ་དང་ཚོགས་ཞུགས་ཀྱི་མྱོང་ཚོར་ཆེས་ཟབ་མོ་བརྒྱུད། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཕྱིར་ཕ་ཡུལ་ལ་བསྣམས་རྒྱུ་ཡིན་ལ། ཚོགས་ཆེན་བཅུ་དགུ་པའི་སྙན་ཞུའི་ནང་གི་བཤད་སྟངས་གསར་པ་དང་ལྟ་བ་གསར་པ། འདུ་ཤེས་གསར་པ་ཕ་ཡུལ་གྱི་ལས་བྱེད་མང་ཚོགས་དང་། ཕ་ཡུལ་གྱི་ཡུལ་མི་སྤུན་གྲོགས་རེ་རེར་བརྒྱུད་སྒྲོག་གནང་བའི་དུས་མཚུངས་སུ་རང་ངོས་ཀྱི་ལས་དོན་དང་འབྲེལ་ནས་རང་ཉིད་ཀྱི་ནུས་པས་ཐེག་ཚད་ཀྱི་ལས་དོན་ཆེས་ལེགས་ཤོས་སུ་སྒྲུབ་རྒྱུ་ཡིན་ཞེས་བརྗོད་བྱུང་།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1