གཙོ་ངོས།>> གསར་འགྱུར།>>བོད་འབྲེལ་ས་ཁུལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། མི་དམངས་དྲ་བ། སྤེལ་དུས། ༢༠༡༧ལོའི་ཟླ་བ་༡༠ཚེས་༣༠ཉིན།

ཕོ་བྲང་པོ་ཏ་ལར་དཀར་རག་བྱུགས་པའི་དུས་ལ་སླེབས་པ།

        ཟླ་10ཚེས་25ཉིན། འཛམ་གླིང་རིག་གནས་ཤུལ་བཞག་ཕོ་བྲང་པོ་ཏ་ལར་ལོ་གཅིག་དུས་གཅིག་གི་དཀར་རག་བྱུགས་པའི་དུས་ཚིགས་ལ་སླེབས་ཡོད་པ་རེད། བོད་ལྗོངས་ཀྱི་ས་ཆ་ཁག་ནས་དད་ལྡན་སེར་སྐྱ་མང་ཚོགས་བརྒྱ་ཕྲག་ལྷག་ཙམ་ལས་གྲུབ་པའི་མི་སྣའི་རྩ་འཛུགས་འོག ཉིན་བཅུའི་རིང་ལ་ཕོ་བྲང་གི་གྱང་དང་མཆོད་རྟེན། སྒེའུ་ཁུང་ལ་ཚོན་བྱུགས་ནས། ཕོ་བྲང་པོ་ཏ་ལར་མཛེས་བརྒྱན་སྤྲོས་རྒྱུ་ཡིན་པ་རེད།

        དཀར་རག་བྱུགས་ཡུལ་དངོས་སུ། ཕོ་བྲང་པོ་ཏ་ལའི་ལས་མི་དང་རང་མོས་ངང་ཞུགས་པའི་གྲོང་མི་ཚོར་ལག་ཆ་གྲ་སྒྲིག་བྱས་ནས། རང་སོ་སོའི་ལས་གནས་སུ་བསྐྱོད་ཅིང་། ལས་མིས་ས་དམར་དང་ས་དཀར་སོགས་པའི་རྒྱུ་ཆ་དག་ཞིབ་པར་བརྫོགས་ཤིང་། དེ་ནས་དཀྲུགས་པ་དང་ཚགས་རྒྱག་པའི་གོ་རིམ་བརྒྱུད་རྗེས་དཀར་རག་ཏུ་གྱུར་པ་རེད། རྒྱུ་ཆ་དཀར་རག་དེ་དག་གྲོང་མི་ཚོས་དམ་བེའི་ནང་དུ་བླུགས་ནས་བྱུགས་ཡུལ་དངོས་སུ་བསྐྱལ་བ་རེད། གོམས་སྲོལ་ལྟར་ན། ཕོ་བྲང་པོ་ཏ་ལར་དཀར་རག་བྱུགས་སྐབས་ཕོ་བྲང་དཀར་པོ་དང་དེ་ནས་ཕོ་བྲང་དམར་པོ། ཕོ་བྲང་སེར་པོ་བཅས་རིམ་པ་བཞིན་དུ་བྱུགས་ནས། མཐའ་མཇུག་ཏུ་སྒེའུ་ཁུང་གི་མཐའ་རུ་ཚོན་ནག་པོ་བྱུགས་དགོས་པ་རེད། 

        སྲོལ་རྒྱུན་ལྟར་ན། ལོ་རེའི་ལྷ་སའི་ཆར་དུས་རྫོགས་ནས་དགུན་དུས་དར་མ་ཆགས་གོང་ལ། ཕོ་བྲང་པོ་ཏ་ལའི་གྱང་ངོས་ལ་དཀར་རག་བྱུགས་ནས། གནའ་བོའི་བཟོ་སྐྲུན་འདི་སྔར་ལས་ལེགས་པར་སྲུང་སྐྱོབ་བྱེད་ཀྱི་ཡོད་པ་རེད། ད་ཆར། ལོ་རེར་ཕོ་བྲང་པོ་ཏ་ལར་དཀར་རག་བྱུགས་པའི་སྲོལ་རྒྱུན་ཞིག་ཆགས་ཡོད་ལ། འདིའང་ཡུལ་སྐོར་བ་ཚོའི་ལྟ་སྐོར་བྱེད་འདོད་ཀྱི་ནང་དོན་ཞིག་ཏུ་གྱུར་ཡོད་པ་རེད། 
        ཕོ་བྲང་པོ་ཏ་ལ་བདག་གཉེར་ཁང་གི་ཁྲུའུ་ཀྲང་གཞོན་པ་ཀུན་དགའ་བཀྲ་ཤིས་ལགས་ཀྱིས། འོ་མ་དང་བྱེ་མ་ཀ་ར་མང་པོ་བསྲེས་དྲགས་ན་དཀར་རག་གི་རྒྱུ་ཆ་འགྱུར་ནས་རུལ་སྟེ། ཕོ་བྲང་པོ་ཏ་ལའི་ཕྱིའི་མཛེས་ལྗོངས་ལ་གནོད་ཀྱི་འདུག་ལ། ཆར་ཞོད་ཆེ་དུས་གྱང་ངོས་ཀྱི་དཀར་རག་ལྷུང་འགྲོ་བས། དཀར་རག་གི་རྒྱུ་ཆ་དང་བཟོ་སྐྲུན་གྱི་བདེ་འཇགས་ལ་འགན་ལེན་བྱེད་ཆེད། ད་ལོའི་ཕོ་བྲང་པོ་ཏ་ལར་བྱུགས་བྱའི་དཀར་རག་གཅིག་གྱུར་ཐོག་ཉོ་སྒྲུབ་བྱེད་ཡོད་ཅེས་བརྗོད་པ་རེད། 

        ཕོ་བྲང་པོ་ཏ་ལར་ད་ལྟའི་བར་དུ་ལོ་ངོ་1300ལྷག་གི་ལོ་རྒྱུས་ལྡན་ལ། འདི་ནི་འཛམ་གླིང་ཐོག་རྒྱ་མཚོའི་ངོས་ལས་མཚོ་འཕགས་མཐོ་ཤོས་དང་། ཚོམས་ཁང་མང་ལ་མཁར་དང་དགོན་པ་གཅིག་ཏུ་འདུས་པའི་བརྗིད་ཉམས་ཆེ་བའི་བཟོ་སྐྲུན་ཞིག་ཡིན། 1961ལོར་ཕོ་བྲང་པོ་ཏ་ལ་འདི་རྒྱལ་ཡོངས་ཀྱི་རིག་གནས་སྲུང་སྐྱོབ་སྡེ་ཚན་གལ་ཆེན་ཁག་དང་པོའི་ནང་བཅུག་པ་དང་། 1994ལོར། འཛམ་གླིང་རིག་གནས་ཤུལ་བཞག་མིང་ཐོར་བཀོད་ཡོད་པ་རེད།། 

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1