བོད་ཀྱི་སྲོལ་རྒྱུན་གྱི་ལྷ་མོའི་འཁྲབ་གཞུང་ཆེན་པོ་བརྒྱད་ཀྱི་ཕྱེད་ཀ་བཅོས་སྒྲིག་ལེགས་གྲུབ་བྱུང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 10-31


        ཟླ་10ཚེས་26ཉིན། བོད་རང་སྐྱོང་ལྗོངས་ལྷ་མོའི་ཟློས་གར་ཚོགས་པའི་ཚོགས་གཙོ་དཔལ་ལྡན་དབང་ཕྱུག་གིས་ཀྲུང་གོའི་གསར་འགྱུར་ཁང་གི་གསར་འགོད་པའི་བཅའ་འདྲི་དང་ལེན་བྱེད་སྐབས"བཅོས་སྒྲིག་འོས་ཤིང་འཚམས་པར་བྱས་ནས་ལྷ་མོའི་ཟློས་གར་དེང་རབས་ཀྱི་གཟིགས་མོ་བ་ཚོའི་ལྟད་མོ་ལྟ་བའི་གོམས་སྲོལ་དང་འཚམས་པར་བྱེད་ཀྱི་ཡོད"ཅེས་བརྗོད་པ་རེད། ཁོང་གིས་ངོ་སྤྲོད་བྱས་པར་གཞིགས་ན། "ལྷ་མོའི་འཁྲབ་གཞུང་ཆེན་པོ་བརྒྱད"ཀྱི་ཡ་གྱལ་《སྣང་ས་འོད་འབུམ་》ནི་གར་སྟེགས་ཅན་དང་གྲངས་གཞི་ཅན་དུ་འགྱུར་བ་ལེགས་འགྲུབ་བྱས་ཡོད་པ་དང་། དེས"ལྷ་མོའི་འཁྲབ་གཞུང་ཆེན་པོ་བརྒྱད"ཀྱི་ཕྱེད་ཀ་བཅོས་སྒྲིག་ལེགས་འགྲུབ་བྱས་པ་མཚོན་ཞིང་། ཁོང་གིས་སྔོན་དཔག་བྱས་ན་2020ལོར་བཅོས་སྒྲིག་ལས་ཀ་ཡོངས་སུ་ལེགས་འགྲུབ་བྱེད་ཐུབ་ཀྱི་རེད།
        ཚེས་25ཉིན་གྱི་དགོང་མོར། བཅོས་སྒྲིག་བྱས་རྗེས་ཀྱི་《སྣང་ས་འོད་འབུམ་》བོད་རང་སྐྱོང་ལྗོངས་ལྷ་མོའི་ཟློས་གར་ཚོགས་པའི་ཟློས་གར་ཁང་དུ་དངོས་སུ་འཁྲབ་སྟོན་བྱས་ཤིང་། བསྟོད་བསྔགས་ཧ་ཅང་མང་པོ་ཐོབ་ཡོད་པ་རེད། བོད་ཀྱི་ལྷ་མོའི་ཟློས་གར་ནི་2009ལོར་འཛམ་གླིང་གི་མངོན་མིན་རིག་གནས་ཤུལ་གཞག་གི་མིང་ཐོར་བཀོད་པ་རེད།  
        བོད་ཀྱི་ལྷ་མོའི་ཟློས་གར་གར་སྟེགས་ཅན་དུ་བསྒྱུར་བ་དེས་སྲོལ་རྒྱུན་གྱི་ལྷ་མོའི་ཟློས་གར་དེ་ཐང་ཆེན་ཟློས་གར་ཁེར་རྐྱང་ནས་རོལ་མོས་རམ་དཀྲོལ་དང་འཁྲབ་ཆས་སོགས་ཀྱི་འཁྲབ་ཐབས་བེད་སྤྱོད་བྱེད་པའི་ཕྱོགས་བསྡུས་རང་བཞིན་ལྡན་པའི་གར་སྟེགས་སྒྱུ་རྩལ་དུ་འཕེལ་རྒྱས་བཏང་ཡོད་པ་རེད། 

        《སྣང་ས་འོད་འབུམ་》པར་གཞི་འདིའི་འཁྲབ་གཞུང་བཅོས་སྒྲིག་པ་དང་འཁྲབ་ཁྲིད་པ་གཅིག་ལྕོགས་བསོད་ནམས་དགྲ་འདུལ་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། གར་སྟེགས་ཅན་དུ་སྒྱུར་བའི་བྱ་རིམ་ཁྲོད་དུ་དཀའ་ཁག་ཆེ་ཤོས་ནི་འཁྲབ་གཞུང་བཅོས་སྒྲིག་བྱ་རྒྱུ་དེ་རེད། འཁྲབ་གཞུང་གི་ནང་དོན་གྲུབ་སྟངས་དང་མི་སྣའི་བར་གྱི་འབྲེལ་བ། གར་སྟེགས་བཅས་ལ་བཅོས་སྒྲིག་ཐེངས་གསུམ་བྱས་རྗེས། འཁྲབ་གཞུང་གཞི་རྩའི་ཆ་ནས་གོ་རིམ་གསལ་ཞིང་མཚམས་ཚིགས་དམ་པོ་དང་། ནང་དོན་ཆ་ཚང་བ་བཅས་ཀྱི་ཚད་གཞིར་ལོན་པར་གྱུར་ཡོད་པ་རེད། 

        དཔལ་ལྡན་དབང་ཕྱུག་གིས“གར་སྟེགས་ཅན་དུ་བསྒྱུར་རྗེས་ལྷ་མོའི་ཟློས་གར་གྱི་རོལ་དབྱངས་སྔར་ལས་སྣ་མང་དུ་གྱུར་ཡོད” སྔོན་མར་ལྷ་མོའི་ཟློས་གར་ལ་རམ་དཀྲོལ་རོལ་མོ་རྔ་གཅིག་དང་སྦུག་ཆལ་གཅིག་ལས་མེད། ད་ལྟའི་གར་སྟེགས་སུ་མི་རིགས་ཀྱི་རོལ་ཆས་དང་གློག་རྡུལ་སྒྲ་ནུས་སོགས་སྒྲའི་གཞི་རྒྱུ་སྣ་མང་ཕྱོགས་བསྡུས་ཀྱིས་བཀོལ་སྤྱོད་བྱེད་ཀྱི་ཡོད་ཅེས་བརྗོད་པ་རེད། ཁོང་གིས"དེས་ལྷ་མོའི་ཟློས་གར་ལ་སེམས་འགུལ་ཐེབས་ནུས་སྔར་ལས་ཕུན་སུམ་ཇེ་ཚོགས་ལྡན་པར་བྱུང་བས། གཟིགས་མོ་བ་རྣམས་ཀྱི་ཡིད་དབང་སྔར་ལས་ལྷག་པར་འཕྲོག་ཐུབ་ཀྱི་ཡོད་པ་རེད”《སྣང་ས་འོད་འབུམ》པར་གཞི་འདིའི་དབྱངས་རྟ་རྩོམ་མཁན་དངོས་གྲུབ་ཀྱིས་འཁྲབ་གཞུང་འདིར་རོལ་དབྱངས་མཚན་བྱང་30ལྷག་བརྩམས་པ་རེད། གོང་གི་པར་རིས་ནི་《སྣང་ས་འོད་འབུམ》ནི་2016ལོའི་རྒྱལ་ཁབ་སྒྱུ་རྩལ་ཐེབས་རྩའི་གར་སྟེགས་ཟློས་གར་ཆེ་གྲས་ཀྱི་རོགས་དངུལ་གནང་བའི་རྣམ་གྲངས་ཡིན།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1