ཞི་ཨན་ནས་མངའ་རིས་བར་གྱི་མཁའ་ལམ་དངོས་སུ་ཤར་གཏོང་བྱས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ཀྱི་དྲ་བ།   སྤེལ་དུས། 11-01


        ཟླ་10པའི་ཚེས་29ཉིན། དྲོ་ཞིང་འཇམ་པའི་ཉི་འོད་ཁྲོད། ཞི་ཨན་ནས་འཕུར་ཡོང་བའི་བོད་ལྗོངས་མཁའ་འགྲུལ་གྱི་གནམ་གྲུ་འཕུར་ཐེངསTV6017བདེ་འཇགས་ངང་མངའ་རིས་གནམ་གྲུ་ཐང་དུ་བབས་པ་དང་བསྟུན་ནས། ཞི་ཨན་ནས་མངའ་རིས་བར་གྱི་མཁའ་ལམ་དངོས་སུ་ཤར་གཏོང་བྱས། དེ་ནི་རྒྱལ་ཡོངས་ཀྱི་གནམ་གྲུ་ཐང་གཙོ་བོ་ནས་མངའ་རིས་བར་ཤར་གཏོང་བྱས་པའི་མཁའ་ལམ་ཐོག་མ་ཡིན་ཞིང་། དེ་ལས་ཧྲན་ཞི་ནས་མངའ་རིས་བར་གྱི་སྟབས་བདེའི་མགྱོགས་མྱུར་མཁའ་ལམ་དངོས་སུ་བསྐྲུན་པ་མཚོན།
        རྒྱུས་ལོན་པ་ལྟར་ན། ཞི་ཨན་ནས་མངའ་རིས་བར་གྱི་མཁའ་ལམ་དེ་བོད་ལྗོངས་མཁའ་འགྲུལ་གྱིས་ལག་བསྟར་བཀོད་སྒྲིག་བྱས་ཏེ། གནམ་གྲུའི་བཟོ་དབྱིབས་ནིA319རྟགས་ཅན་ཡིན། ཉིན་རེར་འགྲོ་འོང་ཐེངས་གཅིག་བྱས་ཏེ། སྔ་མོའི་དུས་ཚོད་6གི་སྟེང་ཞི་ཨན་ནས་འཕུར་འགོ་བརྩམས་ཏེ། བར་དུ་ལྷ་སའི་གནམ་གྲུ་ཐང་བརྒྱུད་པ་དང་། ཉིན་གུང་གི་དུས་ཚོད་12དང་སྐར་མ་30སྟེང་མངའ་རིས་ས་ཁུལ་དུ་འབྱོར་བ་ཡིན། དེ་རྗེས་ཉིན་གུང་གི་དུས་ཚོད་1དང་སྐར་མ་10ཡི་སྟེང་མངའ་རིས་ནས་ཕྱིར་འཕུར་འགོ་བརྩམས་ཏེ། བར་དུ་ལྷ་སའི་གནམ་གྲུ་ཐང་བརྒྱུད་དེ་དགོང་མོའི་དུས་ཚོད་9དང་སྐར་མ་45སྟེང་ཞི་ཨན་དུ་འབྱོར་བ་ཡིན། མཁའ་ལམ་འདི་ཤར་གཏོང་བྱས་པ་ལས་གནས་སྐོར་བ་འགྲོ་འོང་གི་ལམ་ཐག་ཇེ་ཐུང་དུ་བཏང་བ་མ་ཟད། མངའ་རིས་དང་ནང་ལོག་གི་མངའ་རིས་རོགས་སྐྱོར་གྲོང་ཁྱེར་བར་གྱི་འགྲིམ་འགྲུལ་ཆ་རྐྱེན་ཇེ་ལེགས་སུ་བཏང་ཡོད་ལ། ས་གནས་གཉིས་ཀྱི་དངོས་ཟོག་བརྗེ་རེས་ཀྱི་དུས་ཚོད་དང་མ་རྩ་ཇེ་ཉུང་དུ་བཏང་ནས། ས་གནས་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་དང་རིག་གནས་བརྗེ་རེས་བྱ་བར་སྐུལ་འདེད་གཏོང་ཐུབ། དེ་མིན་མངའ་རིས་ས་ཁུལ་གྱི་དབུལ་ཐར་མཁྲེགས་གཏོར་དང་། མཐའ་མཚམས་བརྟན་རླིང་བྱ་བར་འཐབ་ཇུས་དོན་སྙིང་གལ་ཆེན་ལྡན་པ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1