གཞི་རིམ་སློབ་སྔོན་སློབ་གསོའི་ལྟ་ཞིབ་དང་བསམ་གཞིག

རྨ་ལྷོ་ཁུལ་སྲིད་གྲོས་སློབ་གསོ་ཚན་རྩལ་རིག་གནས་འཕྲོད་བསྟེན་ཨུ་ཡོན་ལྷན་ཁང་། གཅན་རོང་བསྟན་འཛིན། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-07


གནད་བཏུས] དཔྱད་རྩོམ་འདིར་གཞི་རིམ་གྱི་སློབ་སྔོན་སློབ་གསོའི་ཁྲོད་གནས་པའི་གནད་དོན་དང་དེ་ཐག་གཅོད་བྱེད་ཐབས་སྐོར་གླེང་ཡོད།
[གནད་ཚིག] གཞི་རིམ། སློབ་སྔོན་སློབ་གསོ། བསམ་གཞིག
        སློབ་སྔོན་སློབ་གསོ་ནི་སློབ་གྲྭའི་སློབ་གསོ་སྔོན་གྱི་མི་ཚེའི་བློ་སྒོ་འབྱེད་པའི་སློབ་གསོ་ཐོག་མ་ཡིན་པ་དང་། སློབ་གསོའི་རྣམ་པ་འདིར་ཐུན་མོང་མ་ཡིན་པའི་ལོ་ཚོད་རང་བཞིན་དང་སེམས་ཁམས་རང་བཞིན། དགའ་སྣང་རང་བཞིན་བཅས་ཀྱི་ཁྱད་ཆོས་འབུར་དུ་ཐོན་ལ། སློབ་གསོ་འདིས་བྱིས་པ་ལོ0—5བར་གྱི་ཁྱིམ་ཚང་སློབ་གསོ་དང་བྱིས་སྙོར་ཁང་གི་སློབ་གསོ། སྤྱི་ཚོགས་སློབ་གསོ་བཅས་ཀྱི་ཁྱབ་ཁོངས་སོ་སོར་ཁྱབ་ཡོད་ཙ་ན། རྨང་གཞི་སློབ་གསོའི་རྩ་བའི་རྨང་གཞི་དང་རྒྱལ་འབངས་སྤུས་ཚད་ཀྱི་རྩ་བའི་རྩ་བར་གྱུར་ཡོད་པ་མ་ཟད། གཞི་རིམ་གྱི་བྱིས་པ་རེ་རེས་ཕུལ་བྱུང་གི་སློབ་གསོའི་གོམ་པ་དང་པོ་འདི་ནས་སྤོ་ཐུབ་མིན་དང་། བདེ་སྐྱིད་ཀྱིས་ནར་སོན་པའི་མིག་དང་པོ་འདི་ནས་འབྱེད་ཐུབ་མིན། མི་ཚེ་ལེགས་འགྲུབ་ཀྱི་འཛུམ་མདངས་དང་པོ་འདི་ནས་རྒྱས་ཐུབ་མིན་བཅས་ལ་རག་ལས་པའི་གལ་ཆེའི་ནང་གི་དོན་ཆེན་གྱི་སློབ་གསོ་ཞིག་ཡིན་པས། འདིའི་སྐོར་ཕྲན་ཙམ་ཞིག་གླེང་བ་ལ།
གཅིག གཞི་རིམ་སློབ་སྔོན་སློབ་གསོའི་གནས་བབ།
        གཞི་རིམ་གྱི་སློབ་སྔོན་སློབ་གསོ་འདི་མེད་པ་ནས་ཡོད་པ་དང་དམའ་རིམ་ནས་འབྲིང་རིམ། འཐུས་མི་ཚང་བ་ནས་འཐུས་ཚང་གི་ལམ་དུ་འཕེལ་རྒྱས་འགྲོ་བའི་གོ་རིམ་གྱི་ཁྲོད་ནས། གཞི་རིམ་མང་ཚོགས་དང་བྱིས་པའི་སྤུས་ཚད་འཕེལ་རྒྱས་ལ་ལག་རྗེས་བསུབ་ཐབས་མེད་པ་ཞིག་བཞག་དང་འཇོག་བཞིན་ཡོད་པ་དང་མཉམ་དུ་སྤྱི་ཚོགས་འཕེལ་རྒྱས་དང་དཔལ་འབྱོར་དར་རྒྱས། རིག་གནས་ཡར་རྒྱས་བཅས་ཀྱི་ཐད་ལའང་རྨང་གཞི་རང་བཞིན་གྱི་ཕན་ནུས་དང་ལག་རྗེས་ཆེན་པོ་བཞག་ཡོད། རྨ་ལྷོ་ས་ཁུལ་ལ་མཚོན་ན། མིག་སྔར་ཁུལ་ཡོངས་ན་བྱིས་སྙོར་ཁང182ཡོད་པ་དང་། ཞིང་གྲོང་བྱིས་སྙོར་ཁང82ཡོད་པ་མ་ཟད། བྱིས་སྙོར་ཁང་དེ་དག་ན་བྱིས་པ4962ཡོད་ལ། བྱིས་སྙོར་ཁང་གི་དགེ་རྒན129དང། དགེ་རྒན་དེ་དག་གི་ཁྲོད་ན་བྱིས་སྙོར་ཆེད་ལས་དགེ་རྒན63ཙམ་ཡོད་པ་དེས། བྱིས་པ་ཁང་གི་དགེ་རྒན་སྤྱི་གྲངས་ཀྱི50%ཡས་མས་ཙམ་ཟིན་པ་རེད། ད་ལྟ་ཁུལ་ཡོངས་ན་ཁྱོན་བྱིས་པ13687ཡོད་པ་ལས་བྱིས་སྙོར་ཁང་དུ་ཞུགས་ཐུབ་པའི་བྱིས་པ4962ཡོད་པས། བྱིས་སྙོར་ཁང་དུ་ཞུགས་ཚད36%ཙམ་རེད། གཞུང་སྒྲུབ་བྱིས་སྙོར་ཁང་དེས་བྱིས་སྙོར་ཁང་ཡོངས་ཀྱི68%ཟིན་པ་དང། གཞུང་སྒྲུབ་བྱིས་སྙོར་ཁང་གི་བྱིས་པས་བྱིས་པ་ཡོངས་ཀྱི65%ཙམ་ཟིན་པ་རེད། བྱིས་སྙོར་ཁང་དེ་དག་ན་ཚད་ལྡན་གྱི་སློབ་ཆས་ཡོ་བྱད་རིགས30ཙམ་ཡོད་པ་དང། ཡོ་བྱད་དེ་དག་ཕལ་ཆེར་ཆ་སྙོམས་སྒོར་ཁྲི20ཙམ་གྱི་མ་རྩ་ཡིན་ལ་བྱིས་པ་རེ་རེར་ཆ་སྙོམས་བྱས་ན་ཕལ་ཆེར་སྒོར130ཙམ་ཡོད། བྱིས་པས་ལག་པ་འགུལ་ནས་གསར་གཏོད་ཆུང་བ་དང་ལས་བཟོ་ཆུང་བ་བྱས་ཚད45%དང། གླུ་དབྱངས་དང་རྩེད་མོ་ཤེས་ཚད70%དང། སེམས་ཁམས་བདེ་ཐང་གི་ཚད95%རེད། སློབ་སྔོན་སློབ་གསོ་སྤྱི་སྡོམ་དང་། ཞིབ་འཇུག འཆར་འགོད། ཐག་གཅོད། འཐུས་ཚང་བཅས15%ཚད་དང་། ཁྱིམ་བདག་དང་སྤྱི་ཚོགས་ཀྱི་ཡིད་ཚིམ་ཚད50%ཙམ་བཅས་རེད།
        དེ་བས། གཞུང་ཕྱོགས་ནས་བལྟས་ན་རྨ་ལྷོས་མཚོན་ཏེ་མཚོ་སྔོན་གྱི་གཞི་རིམ་སློབ་སྔོན་སློབ་གསོར་འཕེལ་རྒྱས་བླ་ལྷག་བྱུང་ཡོད་པ་དང་འབྲས་བུ་ཕུལ་དུ་བྱུང་བ་བླངས་དང་ལེན་བཞིན་ཡོད་ནའང་། འཕྲེད་ཕྱོགས་ནས་དུས་རབས་འཕེལ་རྒྱས་དང་རྒྱལ་འབངས་སྤུས་ཚད་ཀྱི་རེ་བ་དང་བསྡུར་ནས་བལྟས་ན། གཞི་རིམ་གྱི་སློབ་སྔོན་སློབ་གསོ་འདི་ཉིད་སློབ་གསོའི་བཟོ་བཀོད་ཧྲིལ་བོའི་ཁྲོད་ཀྱི་ཆེས་གཉོམ་ས་དང་ཞན་ས་ཞིག་དང་ད་དུང་མུ་མཐུད་དུ་བྱིས་པའི་རྨང་གཞིའི་སྤུས་ཚད་ལ་ཤན་ཤུགས་ཐེབས་ཚད་ཆེས་མཐོ་ས་ཞིག་ཏུ་གྱུར་དང་འགྱུར་བཞིན་ཡོད་པ་རེད།
གཉིས། གཞི་རིམ་སློབ་སྔོན་སློབ་གསོའི་ཁྲོད་དུ་གནས་པའི་གནད་དོན།
1. གནད་དོན་དང་དྲི་བ་བཟང་བོ་ནི་ཐབས་ལམ་གྱི་དྲི་ལན་བཟང་བོ་ལས་ཀྱང་རིན་ཐང་ཆེ་ལ། གཞི་རིམ་སློབ་སྔོན་སློབ་གསོའི་ཁྲོད་དུ་གནས་པའི་གནད་དོན་རེ་རེ་གཞི་རིམ་བྱིས་པ་རྣམས་ཀྱི་དཀའ་ཁག་སེལ་བའི་ནུས་ལྡན་གྱི་ཐབས་ལམ་རེ་རེ་སྟེ། སློབ་གསོ་ལ་བརྩོན་སེམས་ཡོད་པའི་ཁྱིམ་ཚང་ཕྱུག་པོའི་བྱིས་པ་ཚང་མ་བྱིས་སྙོར་ཁང་དུ་ཆུད་དཀའ་བའི་དཀའ་ཚེགས་ཆེན་པོ་འབྱུང་བཞིན་ཡོད་པ་མ་ཟད། གཞི་རིམ་དུ་སློབ་སྔོན་སློབ་གསོ་སྣང་མེད་དུ་ལུས་པའི་ཁྱིམ་ཚང་དབུལ་བོའི་བྱིས་པ་གང་མང་ཞིག་བྱིས་སྙོར་ཁང་དུ་ཞུགས་ཚད་ཧ་ཅང་དམའ་བ་སོགས་ཀྱི་དབང་གིས་གཞི་རིམ་གྱི་རྨང་གཞི་སློབ་གསོ་འདིར། སློབ་སྔོན་སློབ་གསོའི་རྨང་ཕྲ་ཞིང་འོས་འགན་སློབ་གསོའི་གཞི་ཆེ་བས་གཏོར་གཟུགས་མཆོད་རྟེན་དབྱིབས་ཀྱི་སློབ་གསོ་སྤྱིའི་མ་ལག་ལ་གྲུབ་ཆ་རང་བཞིན་གྱི་གནད་དོན་ཆེན་པོ་བྱུང་དང་འབྱུང་བཞིན་ཡོད་ལ། སློབ་སྔོན་སློབ་གསོའི་མ་ལག་འཐུས་མི་ཚང་བའི་གནད་དོན་ཚབས་ཆེ་སྟེ། དཔེར་ན། འབྲོག་ཁུལ་གྱི་རྫོང་ཁག་རེ་གཉིས་ན་རྫོང་བྱིས་སྙོར་ཁང་གི་ལས་ཁུངས་ཁུ་བསྡུ་བྱས་ཤིང་། དེའི་གཙོ་བདག་གཡར་མ་ཡིན་པ་དང་རྫོང་བྱིས་སྙོར་ཁང་ནོར་སྲིད་སྔོན་རྩིས་ཀྱི་གྲས་སུ་ཚུད་མེད་པས་རིམ་པ་གོང་མའི་ནོར་སྲིད་ཀྱི་སྐལ་ཆད་ཡོད་ལ། བྱིས་སྙོར་ཁང་གི་རྒྱུན་ལྡན་གྱི་འཁོར་སྐྱོད་ལ་དཀའ་ཁག་འབྱུང་བཞིན་ཡོད་པ་ལྟ་བུ་རེད།
2. སྤྱི་ཚོགས་འཕེལ་རྒྱས་དང་དཔལ་ཡོན་གྱི་ཚད་རིམ་དམའ་ཞིང་གཞི་རིམ་གྱི་ཁྱིམ་བདག་ཕལ་ཆེ་བར་རང་གི་བྱིས་པར་ཕུལ་བྱུང་གི་སློབ་སྔོན་སློབ་གསོ་མྱོང་བར་བྱེད་པའི་འདུ་ཤེས་དང་ནུས་པ་ཞན་པ་དང། ཕྱི་རབས་པ་དང་བུ་རབས་ཚ་རྒྱུད་ཀྱི་སློབ་གསོའི་གོམ་པ་དང་པོར་གཙིགས་ཆེན་བྱེད་པའི་མིག་རྒྱང་ཐུང་ལ། དབུལ་བོའི་རྩ་བ་གཅོད་དགོས་ན་རྨང་གཞི་སློབ་གསོ་ནས་མགོ་བརྩམ་དགོས་ཤིང་། རྨང་གཞི་སློབ་གསོའི་རྩ་བ་བརྟན་དགོས་ན་སློབ་སྔོན་སློབ་གསོའི་གོམ་པ་དང་པོ་སྤོ་ཐུབ་དགོས་པའི་ནང་ཤུགས་ཞན་པས། སློབ་སྔོན་སློབ་གསོ་འདིར་ཆེད་དུ་ཞིབ་འཇུག་དང་བྱེ་བྲག་གི་འཆར་འགོད། འཕོ་འགྱུར་གྱི་རེ་སྙེག་དང་འཚམ་པའི་བཅོས་སྒྱུར་གྱི་ཐབས་ཇུས་གསལ་བོ་ཞིག་མེད་པར་སྟོང་ཆར་ལུས་ཚད་མཐོ་བ་དང་གཞི་རིམ་སློབ་གསོ་ཁྲོད་ཀྱི་རྨོངས་ཁུལ་ཆེན་པོ་ཞིག་ཏུ་གྱུར་ཡོད་པ་རེད།
3. ཞིང་གྲོང་གི་སློབ་སྔོན་སློབ་གསོ་དང་མཁར་གྲོང་གི་སློབ་སྔོན་སློབ་གསོ་གཉིས་ཀྱི་འཕེལ་རྒྱས་ཧ་ཅང་དོ་མི་མཉམ་པ་དང་གཞུང་སྒྲུབ་དང་དམངས་སྒྲུབ་ཀྱི་སློབ་སྔོན་སློབ་གསོ་དག་ལ་བར་ཁྱད་ཆེ་ལ། སྡེ་བ་རིམ་པའི་བྱིས་པ་དང་རྫོང་མཁར་རིམ་པའི་བྱིས་པ། གཞུང་སྒྲུབ་བྱིས་སྙོར་ཁང་གི་བྱིས་པ་དང་དམངས་སྒྲུབ་བྱིས་སྙོར་ཁང་གི་བྱིས་པ། དེ་དག་གང་དུ་ཡང་འགྲིམས་མ་ཐུབ་པར་ད་དུང་རང་ཁྱིམ་དུ་ལུས་པའི་བྱིས་པ་སོགས་ཀྱི་མི་ཚེའི་སྒོ་འབྱེད་རང་བཞིན་གྱི་སློབ་གསོའི་གོམ་པ་དང་པོ་གཏན་ནས་འདྲ་མཉམ་མ་ཡིན་པས་དོ་མཉམ་སློབ་གསོའི་དྲྭ་ཞབས་བརྡོལ་བའི་གནས་ཚུལ་འབྱུང་བཞིན་ཡོད་ཙ་ན། རྒྱལ་ཁབ་ཀྱི་འོས་འགན་སློབ་གསོ་དོ་མཉམ་འཕེལ་རྒྱས་ཁྲོད་ཀྱི་རྩ་བའི་རྨང་གཞི་དོ་མཉམ་དང་འདྲ་མཉམ་མ་ཡིན་པའི་གནད་དོན་བྱུང་དང་འབྱུང་བཞིན་ཡོད་པ་རེད།
4. སློབ་སྔོན་སློབ་གསོ་ནི་རྨང་གཞི་སློབ་གསོ་ཁྲོད་ཀྱི་ཐུན་མོང་མ་ཡིན་པའི་སློབ་གསོའི་རྣམ་པ་ཞིག་ཡིན་ལ། འོས་འགན་སློབ་གསོ་དང་མཐོ་འབྲིང་སློབ་གསོ་གང་གིས་ཀྱང་ཚབ་བྱེད་ཐབས་མེད་ཅིང་དགེ་རྒན་གྱི་རེ་བ་ཆེས་མཐོ་སྟེ། རྒྱལ་ཁབ་ཀྱི་དགེ་རྒན་བཀོད་སྒྲིག་གི་ཚད1:7ཡིན་ལ། རང་ཅག་གི་ཚད་གཞི1:9ཙམ་ཡིན་ནའང་། དོན་དངོས་སུ1:120ཙམ་ལ་སླེབས་ཡོད་པ་ལྟ་བུ་རེད། ཁྱད་པར་དུ་ཆེད་ལས་དགེ་རྒན་གྱི་རེ་བ་དང་དགོས་མཁོ་ཤིན་ཏུ་ཆེ་ནའང་། དོན་དངོས་ལག་ལེན་གྱི་ཁྲོད་ན་ཆེད་ལས་དགེ་རྒན་ཧ་ཅང་ཉུང་བས། སློབ་སྔོན་སློབ་གསོའི་ཁྱད་ཆོས་དང་མཐུན་པའི་སློབ་ཁྲིད་ཀྱི་ནང་དོན་དང་སློབ་སྔོན་སློབ་གསོའི་བྱ་འགུལ་ཉུང་ལ། རྩེད་མོ་དང་བྱ་འགུལ་རང་བཞིན་གྱི་སློབ་སྔོན་སློབ་གསོ་དེ་སློབ་ཁྲིད་རང་བཞིན་དང་སློབ་ཆུང་རང་བཞིན་དུ་གྱུར་དང་འགྱུར་བཞིན་ཡོད་པས། བྱིས་པའི་མི་ཚེའི་བློ་སྒོ་དང་པོ་འབྱེད་ཚད་དམའ་ཞིང་ལུས་སེམས་བདེ་ཐང་དང་མིའི་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་ལ་ཤན་ཤུགས་ཐེབས་བཞིན་ཡོད་པ་རེད།
5. རིམ་པ་ཁག་གིས་སློབ་སྔོན་སློ་གསོ་དང་ཁྱིམ་ཚང་སློབ་གསོ། སྤྱི་ཚོགས་སློབ་གསོ་སོགས་ཀྱི་འཆར་འགོད་མ་ལག་དང་དོ་དམ་མ་ལག་འགན་ཁུར་མ་ལག་ཆ་མི་ཚང་བ་དང་གཙོ་འགན་གྱི་ཟུར་ཚད་མི་གསལ་བ་ཚད་ལྡན་བཅས་མ་ཡིན་པས་མང་ཚོགས་ཀྱི་ཡིད་ཚིམས་ཚད་དམའ་ལ་བསམ་འཆར་དང་རེ་བ་མཐོ་བ་རེད།
6. གཞི་རིམ་སློབ་སྔོན་སློབ་གསོ་དེ་གཞི་རིམ་རྨང་གཞི་སློབ་གསོ་ཁྲོད་ཀྱི་ཆེས་ཞན་ཆར་གྱུར་ཚད་མཐོ་ཞིང་དམའ་མཐོ་འབྲིང་གི་སློབ་མའི་རྒྱུགས་འབྲས་སོགས་ལ་ལོ་རེ་བཞིན་རེས་མཐོ་རེས་དམའི་རྣམ་པ་འབྱུང་བཞིན་ཡོད་པས། གཞི་རིམ་སློབ་གསོ་གོམ་པ་བརྟན་པོའི་ངང་འཕེལ་རྒྱས་ཡོང་བར་ཤུགས་རྐྱེན་ཆེན་པོ་ཐེབས་བཞིན་ཡོད་པ་དང་། ཁྱད་པར་དུ་སློབ་སྔོན་སློབ་གསོ་མྱོང་བའི་དུས་སྐབས་ནི། བྱིས་པའི་མི་ཚེ་ཧྲིལ་བོའི་ནང་གི་གསར་གཏོད་འཇོན་ནུས་སྔོག་འདོན་གྱི་གོ་སྐབས་ཆེས་ཕུན་སུམ་ཚོགས་པ་ཡིན་ལ། ད་དུང་བྱིས་པ་ལོ3—10བར་གྱི་ལོ་ན་ཡར་འཕར་བ་དང་བསྟུན་ནས་གསར་གཏོད་ཀྱི་འཇོན་ནུས་མར་འགྲིབས་པའི་ཁྱད་ཆོས་ཡོད་པས། ལོ་ཚོད་ཀྱི་གོ་སྐབས་འདི་དམ་འཛིན་བྱས་མིན་གྱི་དབང་གིས་བྱིས་པའི་མི་ཚེ་ཧྲིལ་བོའི་གསར་གཏོད་ནུས་པར་ཐག་ཆོད་རང་བཞིན་གྱི་ཤན་ཤུགས་ཐེབས་བཞིན་ཡོད་པ་ལྟ་བུ་རེད།
གསུམ། འཕེལ་རྒྱས་ཀྱི་འཐབ་ཇུས་དང་བསམ་གཞིག།
མིག་སྔར་སློབ་གསོ་འཕེལ་རྒྱས་དེ་སྤུས་ཚད་རིམ་འཕེལ་དང་ནང་སྙིང་འཕེལ་རྒྱས་ཀྱི་དུས་སྐབས་གལ་ཆེན་ཞིག་ལ་ཐོན་ཡོད་པས། སློབ་གསོ་འདྲ་མཉམ་དང་ནང་སྒོས་སུ་མི་ཚེ་ཧྲིལ་བོའི་ཆེས་ཞན་ཆའི་ལོ་ཚོད་དུ་གནས་པའི་བྱིས་པ་རྣམས་ལ་ཅི་ལྟ་བུའི་དོ་མཉམ་སློབ་གསོ་ཞིག་མྱང་དུ་འཇུག་རྒྱུ་ནི། དམངས་དོན་གྱི་རྩ་བའི་བཟོ་བཀོད་ཆེན་པོ་ཞིག་དང། མང་ཚོགས་མང་ཆེ་བས་མཉམ་འཇོག་བྱེད་པའི་གཞི་རིམ་སློབ་གསོའི་དཀའ་གནད་དང་གལ་གནད་ཅིག་ཏུ་གྱུར་དང་འགྱུར་བཞིན་ཡོད་པས། ང་ཚོས་སློབ་སྔོན་སློབ་གསོའི་ཞན་ཆའི་གནད་དོན་འདི་ཅི་ལྟར་ཐག་གཅོད་དགོས་ཤེ་ན།
1. ཆེས་རྩ་བ་ནི་བསམ་བློ་བཅིངས་འགྲོལ་བྱེད་རྒྱུ་དེ་རེད། བཅོས་སྒྱུར་སྒོ་འབྱེད་ཀྱི་ལེགས་འགྲུབ་དོན་དངོས་ཀྱིས་བདེན་དཔང་གསལ་བོ་བྱས་པ་ལྟར་སློབ་གསོའི་བསམ་བློ་བཅིངས་འགྲོལ་བྱས་ཏེ། མང་ཚོགས་ཡིད་ཚིམ་མི་ཚིམ་དེ་སློབ་སྔོན་སློབ་གསོ་སྒྲུབ་པའི་ཚད་གཞི་ཉག་གཅིག་བྱེད་རྒྱུ་ནི་གནས་ལུགས་ཤིག་དང་རྣམ་འགྱུར་ཞིག་ཡིན་པ་མ་ཟད། སྙིང་སྟོབས་ཆེན་པོ་ཞིག་དང་གོ་རྟོགས་ཆེན་པོ་ཞིག་ཀྱང་ཡིན་པས། མང་ཚོགས་དཀྱིལ་སྙིང་དང་། མང་ཚོགས་ཕྱོགས་ཡོངས་ནས་འཕེལ་རྒྱས་གཏོང་བ་རྩ་བ་ཡིན་པའི་སློབ་གསོ་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ཆགས་ཐུབ་ཚེ་གཞི་རིམ་སློབ་གསོར་འཕོ་འགྱུར་ཆེན་པོ་འབྱུང་ཐུབ་ལ། སློབ་སྔོན་སློབ་གསོ་ལ་ཅི་ལྟར་ཕན་ན་དེ་ལྟར་བཅོས་སྒྱུར་དང་། དེ་རིང་གི་སློབ་སྔོན་སློབ་གསོ་མྱོང་བའི་བྱིས་པ་རྣམས་ཀྱི་སྤུས་ཚད་ཅི་ལྟར་འཕེལ་རྒྱས་ཡོང་ན་དེ་ལྟར་བསྒྲུབས་ཚེ་དོན་ལ“མང་ཚོགས་ཀྱིས་འཚོ་བ་བཟང་བོ་རོལ་ཐུབ་པར”བསམ་བློའི་ཁག་ཐེག་ཡོད་སོང་བ་ཡིན་ལ། སློབ་སྔོན་སློབ་གསོར་ནང་ཤུགས་གསར་བ་རྒྱས་ངེས་རེད། སློབ་སྔོན་སློབ་གསོ་སྒྲུབ་པའི་བསམ་བློའི་གོ་རྟོགས་ནི་མང་ཚོགས་ཡིད་ཚིམ་མི་ཚིམ་དང་མི་ནུས་ཐོན་ཁུངས་དང་རྒྱལ་འབངས་སྤུས་ཚད་ཀྱི་རེ་སྙེག་གི་སྟེང་དུ་ཐོན་མི་ཐོན་ཚད་གཞིར་གྱུར་ཚེ། ད་གཟོད་རང་ཅག་གི་སློབ་གསོའི་རྨི་ལམ་ངོ་མཚར་བ་འདི་མངོན་འགྱུར་བྱེད་པའི་བསམ་བློའི་རྨང་གཞི་ཆགས་ཟིན་པ་རེད།
ངས་བལྟས་ན། འདི་ནི་རྒྱ་ཆེ་བའི་མང་ཚོགས་ཀྱི་བྱིས་པ“སློབ་གྲྭ(བྱིས་པ་ཁང)འགྲིམས་ས་ཡོད”པའི་བསམ་བློར་འཕོ་འགྱུར་བྱུང་ནས་ད་ནི“སློབ་གྲྭ(བྱིས་པ་ཁང)བཟང་བོར་འགྲིམས་ས་ཡོད”དགོས་པའི་རེ་སྙེག་གི་སྤྱི་ཚོགས་རྒྱབ་ལྗོངས་འོག་ཏུ་སྲིད་གཞུང་རིམ་པ་ཁག་གིས་ངེས་པར་དུ་བསམ་གཞིག་མི་གཏོང་རང་གཏོང་དུ་གྱུར་པའི་བྱ་བ་གལ་ཆེན་ཞིག་དང་། བཅོས་སྒྱུར་ཁྲོད་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ཐབས་ལམ་ཆེས་ནུས་ལྡན་ཞིག་ཀྱང་རེད་སྙམ།
2. ཆེས་གནད་ས་ནི་འཕེལ་རྒྱས་ཀྱི་ལམ་ལུགས་གསར་གཏོད་བྱེད་ཐུབ་རྒྱུ་དེ་རེད། དེ་རིང་གི་སློབ་གསོ་འཕེལ་རྒྱས་ནི་སྤུས་ཚད་གསར་བརྗེའི་གོ་སྐབས་གསར་བ་ཞིག་ལ་སླེབས་ཡོད་པས། “སྤུས་ཚད”དང“འདྲ་མཉམ” “དོ་མཉམ” “ཁྱད་ཆོས” “འཕེལ་རྒྱས”“བཅོས་སྒྱུར” “གསར་གཏོད”བཅས་ཀྱི་རེ་སྙེག་ཉིན་རེ་ལས་ཉིན་རེར་འཕོ་འགྱུར་དང་འཕེལ་རྒྱས་འབྱུང་བཞིན་ཡོད་པས། སློབ་གསོ་སྤྱི་དང་ཁྱད་པར་དུ་ལོ་ངོ་ཉི་ཤུའི་རྗེས་ཀྱི་འཇོན་མིའི་གནད་དོན་དང་འབྲེལ་བའི་དེ་རིང་གི་སློབ་སྔོན་སློབ་གསོ་སྒྲུབ་པ་ལ། མ་འོངས་པའི་འཕེལ་རྒྱས་ཀྱི་རེ་སྙེག་དང་དེ་རིང་གི་བྱིས་པའི་ཆོས་ཉིད་དང་འཚམ་པའི་འཐབ་ཇུས་རང་བཞིན་གྱི་འཕེལ་རྒྱས་ཐབས་ལམ་གསར་གཏོད་བྱེད་དགོས་པ་མ་ཟད། འཐབ་རྩལ་རང་བཞིན་གྱི་སྒྲིག་གཞིའི་མ་ལག་འཐུས་ཚང་གི་ཁག་ཐེག་ཡོད་དགོས་ཏེ། སློབ་སྔོན་སློབ་གསོའི་དོན་དངོས་དང་མཐུན་པའི་འཕེལ་རྒྱས་ཀྱི་འཆར་འགོད་མ་ལག་དང། སྒྲིག་གཞི་མ་ལག མ་དངུལ་གཏོང་བའི་མ་ལག དོ་དམ་མ་ལག དཔྱད་འཇོག་མ་ལག ཆེད་ལས་དགེ་རྒན་བཀོད་སྒྲིག་དང་སྐྱེད་སྲིང་གི་མ་ལག ཞིབ་འཇུག་དང་ལྟ་སྐུལ་གྱི་མ་ལག བྱིས་པའི་ལོ་ཚོད་ཀྱི་ཁྱད་ཆོས་ལྡན་པའི་སློབ་ཁྲིད་མ་ལག་སོགས་འཐུས་ཚང་དང་གསར་གཏོད་བྱས་ཏེ། ལམ་ལུགས་ཅན་དང་ཚད་ལྡན་ཅན་ནས་བརྡ་འཕྲིན་ཅན་དང་ཚན་རིག་ཅན་གྱི་ལམ་དུ་ཕྱོགས་ཐུབ་དགོས། སློབ་གསོ་ལ་མཚོན་ན། ཁ་སང་གི་ལམ་ལུགས་ནི་ཁ་སང་ཡར་སྐུལ་རང་བཞིན་གྱི་ལམ་ལུགས་ཤིག་ཡིན་ནའང་དེ་རིང་འཕེལ་རྒྱས་ཀྱི་རེ་བ་དང་འཚམ་པའི་ངེས་པ་མེད་ལ། དེ་བས་ཀྱང་སང་ཉིན་གྱི་བྱིས་པའི་སྤུས་ཚད་འཕེལ་རྒྱས་ཀྱི་རེ་བ་དང་འཚམ་པའི་ངེས་པ་གཏན་ནས་མེད་པས། འབྲེལ་ཡོད་སྡེ་ཁག་སོ་སོས་སློབ་གསོའི་སྒྲིག་གཞི་དང་ལམ་ལུགས་དུས་ལྟར་འཐུས་ཚང་དང་བཅོས་སྒྱུར། ཤུགས་སྣོན་བྱེད་ཐུབ་མིན་གྱིས་སློབ་གསོར་འཕེལ་རྒྱས་ཀྱི་ནང་ཤུགས་གསར་བ་རྒྱས་ཐུབ་མིན་ཐག་གཅོད་བྱེད་བཞིན་ཡོད་པ་རེད།
3. ཆེས་སྙིང་བོ་ནི་དགེ་རྒན་དཔུང་སྡེ་འཛུགས་སྐྲུན་བྱེད་རྒྱུ་དེ་རེད། ཅི་ལྟ་བུའི་དགེ་རྒན་ཞིག་ཡོད་ན་དེ་ལྟ་བུའི་སློབ་ཁྲིད་ཅིག་ཡོད་ལ། ཅི་ལྟ་བུའི་སློབ་ཁྲིད་ཅིག་ཡོད་ན་དེ་ལྟ་བུའི་སློབ་མ་ཞིག་དང་བྱིས་པ་ཞིག་ཡོད་ངེས་རེད། ཁྱད་པར་དུ་གཞི་རིམ་བྱིས་སྙོར་ཁང་གི་དགེ་རྒན་ལ་བྱིས་སྙོར་ཁང་གི་དགེ་རྒན་གྱི་ཆ་ཡོད་པ་མ་ཟད། ད་དུང་གཞི་རིམ་སྤྱི་ཚོགས་སློབ་གསོ་སྣེ་ཁྲིད་པའི་ཆ་དང་གཞི་རིམ་ཁྱིམ་ཚང་སློབ་གསོ་ཁ་གསབ་ཀྱི་ཆ་སོགས་ཡོད་ཅིང་། ཤན་ཤུགས་ཐེབས་ཚད་དགེ་རྒན་གཞན་ལས་མཐོ་ནའང་། མིག་སྔར་ཞན་ཆའི་ཁྲོད་ཀྱི་ཞན་ཆ་ཞིག་ཏུ་གྱུར་ཡོད་པའི་དོན་དངོས་ལ་ཁ་ཕྱོགས་ནས། སློབ་སྔོན་སློབ་གསོའི་དགེ་རྒན་དཔུང་སྡེའི་འཛུགས་སྐྲུན་ལ་ཤུགས་སྣོན་བྱ་དགོས་ཏེ། ངས་བལྟས་ན། ཟབ་སྦྱོང+ཁ་གསབ+དཔྱད་བསྡུར+ཚད་འཕེལ=བྱིས་པའི་དགེ་རྒན་ཕུལ་བྱུང་ཅན་རེད། རྒྱུ་མཚན་ནི་གཅིག་ནས་སློབ་གསོ་འཕེལ་རྒྱས་ཀྱི་རེ་བ་ལྟར་ད་ཡོད་ཀྱི་བྱིས་པ་ཁང་གི་དགེ་རྒན་གྱི་ཟབ་སྦྱོང་ལ་ཤུགས་སྣོན་དང་ཆེད་ལས་ཀྱི་ཆུ་ཚད་ཇེ་མཐོར་གཏོང་དགོས་པ་དང་། གཉིས་ནས་གོང་རིམ་དང་དགེ་འོས་སློབ་ཆེན་དག་ལ་འབྲེལ་འདྲིས་བརྒྱུད་བྱིས་སྙོར་དགེ་རྒན་གྱི་རེ་བ་དང་འཚམ་པའི་ཆེད་ལས་དགེ་རྒན་ཆེད་དུ་མངག་བཅོལ་སྐྱེད་སྲིང་དང། ད་ཡོད་སློབ་ཆེན་མཐར་ཕྱིན་ལས་སྒུག་པའི་ཁྲོད་ནས་ཆེད་ལས་བརྗེ་བ་བཅས་བྱས་ཏེ་ཆེད་ལས་དགེ་རྒན་ཆད་པ་ཁ་བསྐང་དགོས། གསུམ་ནས་འབྲེལ་ཡོད་སྡེ་ཁག་གིས་རྒྱུན་དུ་བྱིས་སྙོར་ཁང་གི་དགེ་རྒན་གྱི་ཤེས་བྱའི་གྲུབ་ཆ་དང་ཕོ་མོའི་གྲུབ་ཆ་སོགས་ལ་གཙིགས་ཆེན་དང་སློབ་གསོ་དང་སློབ་ཁྲིད། དཔྱད་བསྡུར། བྱ་དགའ་སོགས་ཡར་སྐུལ་རང་བཞིན་གྱི་བྱ་འགུལ་སྣ་ཚོགས་སྤེལ་ནས་བྱིས་པ་ཁང་དང་སློབ་སྔོན་དགེ་རྒན་དཔུང་སྡེའི་སྤུས་ཚད་འཕེལ་རྒྱས་ལ་ནང་ཤུགས་གསར་བ་འདྲེན་དགོས།
4. ཆེས་མཐོ་བའི་རེ་བ་ནི་འདྲ་མཉམ་གྱི་སློབ་གསོ་མྱང་རྒྱུ་དེ་རེད། སློབ་ལོ་རན་པའི་བྱིས་པ་ཚང་མས་འདྲ་མཉམ་གྱིས་སློབ་སྔོན་སློབ་གསོ་མྱང་ཐུབ་པ་དང་བྱིས་སྙོར་ཁང་དུ་ཆུད་ཐུབ་པ་མ་ཟད། འདྲ་མཉམ་གྱིས་ཕུལ་བྱུང་གི་སློབ་སྔོན་སློབ་གསོ་མྱང་རྒྱུ་ནི་མང་ཚོགས་ཀྱི་ཆེས་མཐོ་བའི་རེ་སྙེག་གལ་ཆེན་ཞིག་རེད། ཁྱད་པར་དུ་རྒྱལ་ཁབ་ཀྱི་སློབ་གསོ་འདྲ་མཉམ་གྱི་དགོངས་དོན་ལྟར་གཞུང་སྒྲུབ་དང་དམངས་སྒྲུབ་བྱིས་སྙོར་ཁང་གི་བྱིས་པ་དང་། རྫོང་མཁར་དང་ཞིང་སྡེ་རིམ་པའི་བྱིས་པ་ཚང་མར་སློབ་སྔོན་སློབ་གསོ་མྱང་བའི་གོ་སྐབས་འདྲ་མཉམ་དང་། སློབ་སྒྲུབ་ཆ་རྐྱེན་དོ་མཉམ། སློབ་གསོ་སྤུས་ཚད་དོ་མཉམ། དགེ་རྒན་བཀོད་སྒྲིག་དོ་མཉམ། ཞིབ་འཇུག་གདེང་འཇོག་དོ་མཉམ། འཕེལ་རྒྱས་ཆུ་ཚད་དོ་མཉམ་སོགས་ཀྱི་ཐད་དུ་ཁག་ཐེག་བྱས་ཏེ། ཕུལ་བྱུང་གི་བྱིས་པ་ཁོ་ན་ཕུལ་བྱུང་གི་བྱིས་སྙོར་ཁང་དུ་འགྲོ་ཐུབ་པ་དང། ཕུལ་བྱུང་བྱིས་སྙོར་ཁང་གི་སློབ་མ་ཁོ་ན་ཕུལ་བྱུང་གི་སློབ་ཆུང་འགྲིམ་ཐུབ་པ། ཕུལ་བྱུང་སློབ་ཆུང་གི་སློབ་མ་ཁོ་ན་ཕུལ་བྱུང་གི་སློབ་འབྲིང་འགྲིམ་ཐུབ་པ། ཕུལ་བྱུང་སློབ་འབྲིང་གི་སློབ་མ་ཁོ་ན་ཕུལ་བྱུང་སློབ་ཆེན་དུ་འགྲིམ་ཐུབ་པའི་གདམ་གསེས་རང་བཞིན་གྱི་སློབ་གསོའི་གནད་དོན་ཆེན་པོ་དེ་སློབ་སྔོན་སློབ་གསོའི་མྱུ་གུའི་དུས་ནས་ཐག་བཅད་ཚེ། གཉོམ་སར་ཤུགས་སྣོན་དང་ཞན་སར་ཁ་གསབ་གསར་བ་བྱས་པས། གཞི་རིམ་སློབ་གསོར་གསོན་ཤུགས་རྒྱས་ཤིང་མང་ཚོགས་ཀྱི་ཡིད་ཚིམ་ཚད་བླ་ལྷག་གིས་ཇེ་མཐོར་འགྲོ་ངེས་ཡིན་པ་དང་སང་ཉིན་གྱི་རྒྱལ་འབངས་སྤུས་ཚད་ཕྱོགས་ཡོང་ནས་འཕེལ་རྒྱས་འགྲོ་བར་གསོན་ཤུགས་གསར་བ་རྒྱས་ཐུབ་ངེས་རེད།
5. ཆེས་ནུས་ལྡན་གྱི་ཐབས་ལམ་ནི་ཚང་མས་རང་འགན་རང་གིས་འཁུར་རྒྱུ་དེ་རེད།
སློབ་སྔོན་སློབ་གསོ་འདི་སྣ་འཛོམས་རང་བཞིན་གྱི་བཟོ་བཀོད་ཅིག་ཡིན་ལ། སྣ་འཛོམས་བཟོ་བཀོད་འདིའི་སྣ་ཁ་དང་ཟུར་ཚད་རེ་རེ་ནི་དོན་ལ་འབྲེལ་ཡོད་སྡེ་ཁག་རེ་རེ་དང་། སྤྱི་ཚོགས་ཀྱི་ཟུར་སོ་སོའི་བཤོལ་ཐབས་བྲལ་བའི་ལྗིད་ཏིག་ཏིག་གི་འོས་འགན་རེ་རེ་ཡིན་པ་དང་། འོས་འགན་དེ་དག་དང་ལེན་བྱས་མ་བྱས་དང་བྱས་པའི་ཚད་གཞི་འདྲ་མིན་གྱིས་མི་རབས་ཤིག་གི་བྱིས་པའི་ལས་དབང་དང་སྤུས་ཚད་ཐག་བཅད་དང་གཅོད་བཞིན་ཡོད་ནའང་། དེ་རིང་ད་དུང་ཁ་སང་གི་སློབ་སྔོན་སློབ་གསོ་མྱང་བའི་གོ་སྐབས་འདྲ་མཉམ་མ་ཡིན་པ་དང་སློབ་སྒྲུབ་ཆ་རྐྱེན་དོ་མཉམ་མིན་པ། དགེ་རྒན་དཔུང་སྡེ་དོ་མཉམ་མ་ཡིན་པ། སློབ་གསོ་སྤུས་ཚད་དོ་མཉམ་མ་ཡིན་པ་སོགས་ཀྱི་གནད་དོན་སྲིད་གཞུང་དང་འཆར་འགོད། ནོར་སྲིད། མི་ནུས་ཐོན་ཁུངས། སློབ་གསོ། དྲིལ་བསྒྲགས་ནས་སྡེ་བ་རིམ་པ་དང་ཞང་གྲོང་རིམ་པ། ཁྱིམ་ཚང་སོ་སོ་དང་སྤྱི་ཚོགས་ཀྱི་ཟུར་སོ་སོས་མཉམ་གཅིག་ཏུ་རང་འགན་རང་གིས་དང་ལེན་བྱས་ཚད་ཧ་ཅང་དམའ་ཞིང་རེ་བ་ཡོད་ཚད་དགེ་རྒན་དང་བྱིས་པ་ཁོ་ནའི་སྟེང་དུ་མ་བཅོལ་བར་རང་འགན་རང་གིས་ཁུར་ཚེ་སློབ་སྔོན་སློབ་གསོ་དང་རྨང་གཞི་སློབ་གསོའི་མེ་འཁོར་ཆེན་པོ་འདིའི་ལྷུ་ལག་རེ་རེ་འགུལ་སྟོབས་ཀྱིས་གཞི་རིམ་སློབ་གསོ་དང་བྱིས་པའི་སྤུས་ཚད་ཀྱི་མེ་འཁོར་རིན་པོ་ཆེ་འདི་ཉིད་འཕེལ་རྒྱས་ཀྱི་གོམ་སྒྲ་དང་བཅས་འབྱོར་འབྲིང་སྤྱི་ཚོགས་ཀྱི་ས་ཚིགས་སུ་བདེ་བླག་ངང་ཐོན་ངེས་རེད་སྙམ་མོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1