དགྲ་འདུལ་མཚོ་མོས་བོད་ཁུལ་གྱི་སློབ་གསོ་ལེགས་གཉེར་བྱས་ནས་འཕེལ་རྒྱས་ཀྱི་མི་འདང་ས་སྐོང་ཐབས་བྱ་དགོས་ཞེས་བརྗོད་པ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 11-08


        ཏང་གི་ཚོགས་ཆེན་བཅུ་དགུ་པའི་འཐུས་མི་དང་སི་ཁྲོན་ཧེ་ཙིར་སློབ་གསོ་ཞབས་ཞུ་ཚོགས་པའི་ཏང་གི་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་དགྲ་འདུལ་མཚོ་མོས་གསར་འགོད་པར“ཏང་གི་ཚོགས་ཆེན་བཅུ་དགུ་པའི་འཐུས་མི་ཞིག་ཡིན་པའི་ཆ་ནས་དུས་ཚོད་དང་པོར་གཞི་རིམ་མང་ཚོགས་རྣམས་ལ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་བྱ་རྒྱུ་ནི་ལས་དོན་གལ་ཆེན་ཞིག་དང་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན”ཞེས་བཤད་པ་རེད།
         དགྲ་འདུལ་མཚོ་མོས“ཚོགས་ཆེན་བཅུ་དགུ་པ་མཇུག་བསྒྲིལ་བའི་ཉིན་གྱི་དགོང་མོ་དེ་རང་ལ་ངས་སྒྲོག་འགྲེལ་གྱི་གནད་བསྡུས་བྲིས་ཚར་ཞིང་། ངས་ཐོག་མར་ང་རང་གི་མྱོང་ཚོར་བརྗོད་རྒྱུ་དང་། དེ་ནས་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུའི་ནང་དོན་སྒྲོག་འགྲེལ་བྱ་རྒྱུ། མཐའ་མཇུག་ཏུ་སྙན་ཞུ་དང་ཟུང་འབྲེལ་བྱས་ནས་མ་འོངས་པའི་ལས་ཀའི་ཁྲོད་དུ་དོན་འཁྱོལ་ཇི་ལྟར་བྱ་རྒྱུ་བཅས་བཤད་རྒྱུ་ཡིན། ཁག་འདི་3གྱི་ནང་དོན་གཞི་རིམ་མང་ཚོགས་ལ་གསལ་བཤད་བྱ་དགོས་ན། ངས་ངེས་པར་དུ་གོ་བདེ་ཞིང་ཤེས་སླ་བ་བཤད་དགོས་པ་དང་། མི་རྣམས་ཀྱི་རེ་སྒུག་དང་དོ་ཁུར་བྱེད་དོན་ལ་དངོས་སུ་དམིགས་དགོས”ཞེས་བཤད་པ་རེད།
         ཟླ་10ཚེས་26ཉིན། དགྲ་འདུལ་མཚོ་མོས་སི་ཁྲོན་ཞིང་ཆེན་ཁྲེན་ཏུའུ་གྲོང་ཁྱེར་ཏ་དབྱི་རྫོང་ཅིན་ཡོན་སྲང་ལམ་ཞིན་ལེ་གྲོང་ཚོའི་ཧེ་ཙིར་སྤྱི་ཚོགས་ཞབས་ཞུ་ལྟེ་གནས་སུ་སྒྲོག་འགྲེལ་ཐེངས་དང་པོ་བྱེད་འགོ་བརྩམས་ཤིང་། ཏང་ཡོན་དང་མང་ཚོགས་དཀྱུས་མ་100ལ་ཉེ་བ་ཙམ་སྒྲོག་འགྲེལ་ཚོགས་འདུར་ཞུགས་ཡོད་པ་རེད། ཟླ་11ཚེས་3ཉིན་བར་དུ། དགྲ་འདུལ་མཚོ་མོས་ཁྲེན་ཏུའུ་གྲོང་ཁྱེར་དུ་སྒྲོག་འགྲེལ་ཐེངས་4བྱས་པ་རེད།
         དགྲ་འདུལ་མཚོ་མོས་གསར་འགོད་པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་ཆེན་བཅུ་དགུ་པའི་ཐོག་གནང་བའི་སྙན་ཞུ་ནི་འཐབ་ཇུས་ཀྱི་མཐོ་ཚད་ཡོད་ལ་ལོ་རྒྱུས་གཏིང་ཟབ་ཚད་ཀྱང་ལྡན་པ་རེད། སྙན་ཞུའི་ནང་དུ་ཕྱོགས་གསུམ་ཁོ་མོར་བག་ཆགས་གཏིང་ཟབ་པོ་བཞག་པ་སྟེ། “གཅིག་ནི‘སློབ་གསོའི་བྱ་གཞག་དམིགས་སུ་བཀར་ནས་སྔོན་ལ་འཕེལ་རྒྱས་གཏོང་དགོས་པ་དང’‘སློབ་ན་མ་སོན་གོང་གི་སློབ་གསོ་ལེགས་གཉེར་བྱ་དགོས་པ’ཡིན་ཞིང་། འདི་ནི་ང་ཚོར་བཏོན་པའི་བླང་བྱ་ཡིན་ལ། འཕེལ་རྒྱས་ཀྱི་ཁ་ཕྱོགས་གསལ་སྟོན་ཡང་གནང་བ་དང་དུས་མཚུངས་སུ་འཕེལ་རྒྱས་ཀྱི་ཡིད་ཆེས་བྱེད་སེམས་ཀྱང་ཇེ་ཆེར་བཏང་ཡོད་པ་རེད། གཉིས་ནི‘དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་བརྩོན་ལེན་མཐའ་གཅིག་ཏུ་བྱ་དགོས་པ’ཡིན་ཞིང་། སློབ་གསོའི་ལས་སྒྲུབ་པའི་ངོས་ནས་བཤད་ན། དབུལ་སྐྱོར་དེ་བློ་སྟོབས་སྐྱོར་བ་དང་རིག་སྟོབས་སྐྱོར་བ་གཉིས་ཟུང་འབྲེལ་བྱས་ནས་དབུལ་ཕོངས་མང་ཚོགས་སེམས་ནང་གི་སྒུལ་ཤུགས་སྐུལ་སྤེལ་གང་ལེགས་བྱ་དགོས་པ་རེད། གསུམ་ནི‘སྤྱི་ཚོགས་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་བྱས་ནས་སྲིད་གཞུང་གི་བཅོས་སྐྱོང་དང་སྤྱི་ཚོགས་ཀྱི་སྙོམས་སྒྲིག གྲོང་མིའི་རང་སྐྱོང་བཅས་ཕན་ཚུན་སྐུལ་འདེད་ལེགས་པོ་མངོན་འགྱུར་བྱ་དགོས་པ’ཡིན་ཞིང་། ང་ཚོའི་དེ་སྔོན་སྤེལ་བའི་ལས་དོན་ལ་བལྟས་ན། དངོས་འབྲེལ་ཚད་ངེས་ཅན་ཞིག་གི་ཐོག་ནས་ཕན་ནུས་འདི་འདྲ་ཐོན་ཡོད་ལ། ང་ཚོའི་སྤྱི་ཚོགས་རྩ་འཛུགས་ཀྱིས་གཞི་རིམ་བཅོས་སྐྱོང་བྱེད་པའི་ཐད་མདུན་ལམ་ཆེན་པོ་ཡོད་པ་གསལ་པོ་མཚོན་ཡོད”ཅེས་བཤད་པ་རེད།
         དགྲ་འདུལ་མཚོ་མོ་ནི་སློབ་གསོ་ལས་དོན་བསྒྲུབས་ནས་ལོ་ངོ་20ལྷག་ཕྱིན་པའི་ཏང་ཡོན་སློབ་གསོའི་ལས་སྒྲུབ་པ་ཞིག་དང་། སི་ཁྲོན་བོད་ཁུལ་རྔ་པ་ཁུལ་ཁྲོ་ཆུ་རྫོང་ནས་ཡོང་བའི་བོད་ཀྱི་བུ་མོ་ཞིག་ཡིན་པའི་ཆ་ནས། དགྲ་འདུལ་མཚོ་མོས་སློབ་གསོའི་གལ་ཆེ་བའི་རང་བཞིན་གསལ་པོར་ཤེས་ཀྱི་ཡོད། “སྔར་སོང་རྗེས་དྲན་བྱེད་དུས་སློབ་གསོའི་ལས་དོན་གཉེར་བའི་ལོ་འདི་དག་རིང་ལ་དཀའ་བ་མང་པོ་ཐུག་པ་དང་ངལ་དུབ་ཀྱང་མང་པོ་མྱངས་ཡོད་མོད། འོན་ཀྱང་ཇི་ལྟར་དབུལ་ཀྱང་བྱིས་པ་དབུལ་པ་དང་སློབ་གསོ་དབུལ་བ་བྱ་མི་རུང་བས། སློབ་གསོ་གཉེར་བས་ན་ངེས་པར་ལེགས་གཉེར་བྱ་དགོས”ཞེས་པའི་འདུ་ཤེས་འདི་ཡིད་ལ་བཟུང་ནས་དགྲ་འདུལ་མཚོ་མོས་བུ་བཅོལ་ཁང་17ལེགས་གཉེར་བྱས་པའི་རྨང་གཞིའི་ཐོག སློབ་གསོའི་གཞི་ཁྱོན་སྡེ་ཁུལ་ཏུ་རྒྱ་བསྐྱེད་བྱས་པ་རེད།
         དགྲ་འདུལ་མཚོ་མོས“སྙན་ཞུ་ཉན་པའི་སྐབས་སུ་ངས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དཔའ་སྟོབས་ལྡན་ཞིང་ཚིག་སྦྱོར་སྙན་པའི་ངང་ནས"མི་དམངས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་ཡོང་རེ་བྱེད་པ་དེ་དུས་ནམ་ཡང་འབད་བརྩོན་བྱ་རྒྱུའི་དམིགས་ཡུལ་དུ་འཛིན་དགོས"ཞེས་པའི་གསུང་ཚིག་དེ་སེམས་ནང་འཁོར་བཞིན་ཡོད། རྗེས་མར་ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་གནང་བའི་བླང་བྱ་ལྟར། སློབ་གསོའི་བྱ་གཞག་དམིགས་སུ་བཀར་ནས་སྔོན་ལ་འཕེལ་རྒྱས་དང་།  སློབ་ན་མ་སོན་གོང་གི་སློབ་གསོ་ལེགས་གཉེར་གང་ཐུབ་བྱ་དགོས་པ་དང་། སློབ་གསོས་ཁྲིད་སྟོན་བྱེད་པ་མཐའ་འཁྱོངས་བྱས་ནས་སྡེ་ཁུལ་གྱི་ཞབས་ཞུའི་སྤུས་ཚད་ཇེ་མཐོར་བཏང་དགོས”ཞེས་བཤད་པ་དང་། རང་འཁྲིའི་ལས་ཀ་དང་ཟུང་འབྲེལ་བྱས་ནས་དགྲ་འདུལ་མཚོ་མོས་དང་ཐོག་དབུལ་སྒྲོལ་འགག་སྒྲོལ་ཐད་ཧེ་ཙིར་སློབ་གསོ་ཞབས་ཞུ་ཚོགས་པས་བོད་ཁུལ་གྱི་སློབ་ན་མ་སོན་གོང་གི་སློབ་གསོ་འཕེལ་རྒྱས་ལ་སྐུལ་སྤེལ་རྒྱུན་མཐུད་གཏོང་བ་དང་། དབུལ་ཕོངས་མི་རབས་བར་རིམ་བརྒྱུད་ཆད་པ་བྱ་དགོས་པ་དང་། གཉིས་ནས་སློབ་གསོ་ནི་སློབ་ཁང་ཁོ་ནར་སྤེལ་བ་ཙམ་དུ་མ་ཟད། ད་དུང་སྤྱི་ཚོགས་ལ་ཁ་ཕྱོགས་ཤིང་། སྡེ་ཁུལ་གྱི་བྱིས་པ་དང་རྒན་རྒོན། བུད་མེད་བཅས་ལ་ཁྱད་ཆོས་ལྡན་པའི་སློབ་གསོ་མཁོ་འདོན་བྱས་ནས་སྡེ་ཁུལ་གྱི་ཞབས་ཞུའི་བྱེད་རྒྱ་ཇེ་ཆེར་གཏོང་བ་དང་དུས་མཚུངས་སུ་སྡེ་ཁུལ་གྱི་གྲོང་མི་སྔར་ལས་མང་བ་མཉམ་དུ་སྡེ་ཁུལ་བཅོས་སྐྱོང་བྱེད་པར་ཞུགས་པར་སྐུལ་སློང་བྱ་དགོས་ཞེས་བསྟན་པ་རེད།།


  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1