༄༅། །མགུར་མ་རང་མཚང་འདོན་པའི་མེ་ལོང་ཞེས་བྱ་བ་བཞུགས་སོ།།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 07-24


༧རྗེ་བཀའ་དྲིན་མཚུངས་མེད་སྤྲུལ་བའི་སྐུ།། མཚན་ཡོངས་སུ་གྲགས་པའི་ཁྱུང་པོ་བ།། དུས་རྒྱུན་དུ་གསོལ་བ་འདེབས་པའི་གནས།། ཐུགས་མཁྱེན་བརྩེ་མ་ཆུང་རྟག་ཏུ་སྐྱོབས།། བསྐལ་མར་འགྲིབ་ལྔ་བརྒྱའི་ཐ་མ་རུ།། ལུས་བླངས་པའི་ནམ་མཁའ་རྒྱལ་མཚན་ང་།། ཞག་དྲུག་ཅུ་ལོན་ནས་མ་ཡིས་བོར།། ལོ་ངོ་ལྔ་ལོན་ནས་ཕ་དང་བྲལ།། ཁ་གདོན་གྱིས་རློམ་ནས་བླ་འཆལ་སྨྲས།། ཚེ་སྔ་མའི་བག་ཆགས་དྲན་སྐད་བཤད།། མི་ཀུན་གྱིས་མཆོག་གི་སྤྲུལ་སྐུ་ཟེར།། རང་སྤྲུལ་སྐུ་ཡིན་ནོ་བསམ་པ་བྱུང་།། ཆུང་ལོ་དྲུག་སྟེང་ནས་དཀོར་ནག་འགམ།། གསོན་ཤི་བོ་གྲངས་མེད་རྣམ་ཤེས་བསྡུས།། གཞིར་བག་ཆགས་རི་བོ་བས་ཆེ་དཔུངས།། དུས་དེང་སང་མི་ལོ་སུམ་ཅུའི་ནང་།། མི་འདྲེན་དང་མི་དགོས་རང་ཉིད་ཀྱང་།། ཚེ་ཕྱི་མར་གར་འགྲོ་མི་ཤེས་འདུག།། ལྷོ་འཛམ་བུའི་གླིང་གི་ས་ཆ་འདིར་།། ང་འདྲ་བའི་བླ་མ་ཡོད་སྲིད་ན།། ཟེར་མི་ཉན་པ་གཅིག་ཡིན་ངོ་ཤེས།། ལོ་བཅུ་བདུན་ལོན་ནས་བོན་སྒོར་ཞུགས།། ཕ་དམ་པའི་བཀའ་དྲིན་ཆེ་ལགས་ཀྱང་།། རང་བློ་སེམས་ལོག་པའི་དྲན་ཚུལ་ལ།། བོན་ཟེར་བ་འདི་ཉིད་ཞུས་ན་ནི།། ཚེ་འདི་རུ་ཀུན་གྱིས་བཀུར་བ་དང་།། སྦྱངས་མི་དགོས་སངས་རྒྱས་ཐོབ་པ་དང་།། སྒྲུབ་མི་དགོས་ལྷ་འདྲེ་མཐོང་བ་དང་།། འཚོལ་མི་དགོས་ཟས་ནོར་རྙེད་པ་དང་།། ཀུན་ཐམས་ཅད་རང་དབང་ཆེ་བར་འདོད།། འདོད་དེ་ཡི་གདམ་ངག་ཞུས་པ་དེས།། དུས་ད་ལྟ་འབྲས་བུ་སྨིན་ནས་གདའ།། ནོར་ཚོང་ཁེ་བུ་ལོན་སྤེལ་སྒྱུར་ཤེས།། ཁ་ལྟོ་རྒྱབ་ཆེད་དུ་གཡོ་སྒྱུ་ཤེས།། ལུས་ཤ་ཁྲག་གཟུགས་ལ་གཅེས་འཛིན་ཤེས།། སེམས་ཆགས་སྡང་རྨོངས་གསུམ་རང་ལུགས་ཤེས།། དཀོར་བཙན་དུག་ཧ་ལ་བསོགས་འཇོག་ཤེས།། གཞིར་བག་ཆགས་བསགས་པའི་ཁ་བོན་ཤེས།། གཞན་བསླུ་བྲིད་ཐབས་ཀྱི་ཚུལ་འཆོས་ཤེས།། བདུད་རང་ཐོག་འབོད་པའི་དགྲ་བཏུལ་ཤེས།། གཏན་མི་ཐར་འཁོར་བའི་གཉེན་སྐྱོང་ཤེས།། ཚིག་རྫུན་ལ་ཐོག་པའི་ལོ་རྒྱུས་ཤེས།། སེམས་འཁོར་བར་ཆགས་པའི་གདུང་ཚིག་ཤེས།། དུག་རང་ཁར་བཏང་བའི་སྡང་ཚིག་ཤེས།། དེ་ལྟ་སྒོམ་སྤྱོད་པའི་འབྲས་བུ་རེད།། དཀོར་མཐོང་ན་རྒྱུག་དང་བྲེང་ངེ་བྲེང་།། རོ་མཐོང་ན་འགྲོ་དང་གྱལ་མ་གྱོལ།། ཆང་མཐོང་ན་འཛུམ་དང་མུ་ལུ་ལུ།། ཤ་མཐོང་ན་རྔམ་དང་ཧབ་བེ་ཧབ།། མོ་མཐོང་ན་བགད་དང་ཡ་ལ་ལ།། བོན་མཐོང་ན་བྱོལ་དང་ཕྱ་མ་ཕྱོལ།། ནོར་མཐོང་ན་ལྕེབ་དང་ཏོང་ངེ་ཏོང་།། གྲོགས་མཐོང་ན་ངོ་དང་ནག་གམ་གམ།། ཟས་མཐོང་ན་གཏམ་ཀྱང་ད་ལ་ལ།། ལས་དེ་ཚོ་ལྟ་བ་རྟོགས་པའི་རྟགས།། མི་ཁ་འཇོས་ཆེ་བསྟོད་བྱས་པ་ལ།། རང་ཆེན་པོ་ཡིན་ནོ་བསམ་པ་བྱུང་།། རང་མི་མཐུན་གཞན་སྐྱོན་གླེང་ལ་དགའ།། རང་མི་ཐར་འགྲོ་དོན་བྱེད་ལ་དགའ།། རང་མ་གྲོལ་གཞན་རྒྱུད་དཀྲོལ་ལ་དགའ།། རང་མི་འཛེམ་རྒྱུ་འབྲས་བཤད་ལ་དགའ།། དོན་དེ་འདྲ་ རང་གི་ཉམས་ལེན་ཡིན།། དུས་སྙིགས་མ་ལས་སྐལ་ངན་པ་འདིར།། ང་འདྲ་བའི་འགྲོ་དོན་བྱེད་མི་གཅིག།། ཡོད་སྲིད་ན་གོང་མའི་ཞབས་འདྲེན་རེད།། ལུས་ཕྱག་སྐོར་བྱས་ན་ངལ་དུབ་བྱེད།། ངག་སྙིང་བོ་བཟླས་ན་ཏིག་ལྐུག་འགྲོ།། སེམས་མི་རྟོག་སྒོམ་ན་རྣམ་རྟོག་མང་།། ལུང་དགེ་བར་བསྒྱུར་ན་ཁ་མཆུ་འགོ།། དགྲ་ཡང་ཡང་བཏུལ་ཀྱང་འདུལ་དུས་མེད།། གཉེན་ཡང་ཡང་བསྐྱངས་ཀྱང་ཚར་དུ་མེད།། ནོར་ཡང་ཡང་བསགས་ཀྱང་ཆོག་དུས་མེད།། ཟས་ཡང་ཡང་ཟོས་ཀྱང་ཚིམ་དུས་མེད།། ལས་ཡང་ཡང་སྤྱད་ཀྱང་ཟིན་དུས།། དེར་མི་རྨུས་ད་རུང་འཇུག་འདོད་གནང་།། བདག་འདྲ་བའི་རྟོགས་ལྡན་རེ་ཡོད་ན།། སེམས་འཁོར་བ་ལས་ནི་མ་འདས་པར།། ཁ་ཁྲི་འཕང་ཡང་གོང་སླེབ་པ་རེད།། དེ་འདྲ་བའི་ལས་སྤྱོད་ཐབས་ཀྱིས་སྤོངས།། གྲོས་རང་ལ་འདེབས་ན་འདེབས་རན་འདྲ།། དགྲ་ཤི་བདུད་ནམ་མཁའི་ཐོག་ལྷུང་འདྲ།། ལུས་མི་རྟག་དབྱར་དགུན་སྟོན་དཔྱིད་འདྲ།། ཚེ་མ་ངེས་སྤྲིན་བར་ཉི་མ་འདྲ།། ལས་ཟིན་མེད་ཆུ་ཡི་གཉེར་མ་འདྲ།། ད་བསམ་ཞིང་བསམ་ཞིང་ཕྱི་ཕྱིར་འགྱོད།། དུས་འདི་ནས་སངས་རྒྱས་མ་དགོས་དང་།། གཏན་མི་ཐར་བ་གཅིག་བྱེད་ལས་ཆེ།། ནང་ཉོན་མོངས་ཆགས་སྡང་རང་ཁ་མ།། ལས་ཅི་སྤྱོད་མི་སྟོ་ཐེག་ཆེན་སྐད།། ཁར་ཐམས་ཅད་མི་རྟག་འཆི་འོ་ཟེར།། དོན་རང་ཉིད་ཡུན་རིང་འདུག་ཆུས་བྱེད།། སེམས་བདག་མེད་སྟོང་བ་མཐའ་བྲལ་ལ།། ཕན་གནོད་མེད་ཟེར་ཞིང་བཤད་ལགས་ཀྱང་།། མིག་དུ་བས་ཕོག་ན་མི་བཟོད་པར།། སྐྱོན་ཐམས་ཅད་དེ་ན་དོན་ནས་འདུག།། ཕ་བླ་མའི་གདམ་ངག་བདུད་རྩི་དེ།། འཐུང་མ་ཤེས་རྔམ་པས་ཁྲེལ་བར་ཤོར།། བོན་ཟབ་མོ་ཐེག་ཆེན་ནོར་བུ་དེ།། བཅང་མ་ཤེས་མི་གཙང་འདམ་ལ་བོར།། རང་མཐོང་བའི་ཀུན་གསལ་མེ་ལོང་དེ།། ཕྱི་མ་ཤེས་བཅོས་སླད་གཡའ་ཡིས་སྒྲིབ།། སྔགས་བསྐྱེད་རྫོགས་སྒྱུ་འཕྲུལ་དྲ་བ་དེ།། སྒྲུབ་མ་ཤེས་ཐེ་ཚོམ་རླུང་ལ་ཕྱོར།། རྒྱུད་འདུལ་བྱེད་ཚུལ་ཁྲིམས་མེ་ཏོག་དེ།། བསྲུང་མ་ཤེས་མདང་གསུམ་སད་ཀྱིས་ཁྱེར།། ཚོགས་མཆོད་སྦྱིན་ཕྱི་མའི་རྒྱགས་བཅའ་དེ།། བསོག་མ་ཤེས་སེར་སྣའི་ཁྱི་ལ་བསྐུར།། དབང་གདམ་པ་རྒྱལ་བའི་ཡིག་ཚང་དེ།། ཞུ་མ་ཤེས་རང་ཆེའི་རྫོང་ལ་ཞེན།། བཀའ་དམ་ཚིག་འཇིགས་པར་སྐྱེལ་མ་དེ།། འགྲོགས་མ་ཤེས་འདོད་པའི་གཡང་ལ་ལྷུང་།། བདག་མེད་པའི་དགེ་བའི་ལོ་ཏོག་དེ།། ཟ་མ་ཤེས་བདག་འཛིན་ཁྱིམ་ན་ཉལ།། ཤུགས་ལྡན་པའི་བརྩོན་འགྲུས་རྟ་ཕོ་དེ།། ཞོན་མ་ཤེས་ལེ་ལོའི་རི་ལ་བཏང་།། རྒྱུན་མེད་པའི་བསམ་གཏན་ཆུ་བོ་དེ།། བཅུ་མ་ཤེས་ཉོན་མོངས་སྐྱོགས་ཀྱིས་རྙོགས།། མཐའ་བྲལ་བའི་ལྟ་བའི་ནམ་མཁའ་དེ།། མཐོང་མ་མྱོང་གཉིས་འཛིན་མཐའ་ལ་ཉུལ།། དམིགས་མེད་པར་སྒོམ་པའི་ཉི་མ་དེ།། འདེར་མ་མྱོང་བྱིང་རྒོད་དོང་ལ་ལྷུང་།། རྩོལ་ཟད་པའི་སྤྱོད་པའི་ཚོང་འདུས་དེ། ། འགྲིམ་མ་མྱོང་ཐམས་ཅད་བདག་ཏུ་འཛིན།། རྒྱུ་མ་སྒྲུབ་འབྲས་བུ་གསེར་ཁྲིད་དེ།། ཐོབ་མ་མྱོང་རེ་དོགས་དགྲ་ལ་བྱིན།། འཛིན་མེད་ཀྱི་འཇའ་ཚོན་ལག་པས་རྙོབ།། དངོས་མེད་ཀྱི་བྲག་ཆ་རྣ་བར་སྙན།། བཅུད་མེད་ཀྱི་ཆུ་བཤིག་མར་འབྱུང་རེ།། སྙིང་མེད་ཀྱི་མི་ཁྱོས་ཅི་འདྲ་བསམ།། གཤིན་རྗེ་ལ་ཤགས་གཅིག་ཐོགས་ལགས་སམ།། བཙོ་སྲེག་ལ་བཟོད་བསྲན་ཚུགས་ལགས་སམ།། བཅད་གཏུབ་ལ་ཡི་རངས་ནུས་ལགས་སམ།། དགེ་སྡུག་གཉིས་བྱར་མེད་རྟོགས་ལགས་སམ།། བདེ་སྡུག་གཉིས་རོ་མཉམ་རྟོགས་ལགས་སམ།། རྡོ་གསེར་གཉིས་ཁྱད་མེད་བྱས་ལགས་སམ།། དགྲ་གཉེན་གཉིས་དབྱེར་མེད་སྙོམས་ལགས་སམ།། དོན་དེ་ཚོ་གནས་པའི་མི་འདྲ་འདུག།། དགའ་ཟེར་ཞིང་བྲོ་གླུ་མ་བྱས་ཙམ།། སྡུག་ཟེར་ཞིང་འོ་དོད་མི་འབོད་ཙམ།། ཁྲོས་ཟེར་ཞིང་རང་སྲོག་མ་བཅད་ཙམ།། གཉིད་ཟེར་ཞིང་བརྒྱལ་ནས་མ་བསྡད་ཙམ།། ལས་དེ་དག་འབར་བ་རྟོགས་ཚུལ་རེད།། སེམས་ལྷོད་དེ་ཡངས་པའི་ངང་ལ་བཞག།། ཡིད་དཀྲོང་ངེ་ཟ་ཉལ་འགྲོ་འདུག་སྒོམ།། མིག་ཅེར་རེ་ལམ་འགྲོ་རྩིས་ལ་འདེབས།། རྣ་ཀྲུང་ངེ་གསང་ཚིག་ཨི་གོར་ཉོན།། སྒོམ་ཤེས་པའི་ཆ་ལུགས་ཕྱག་རྒྱ་རེད།། སེམས་སངས་རྒྱས་ཡིན་ཚུལ་མ་རྟོགས་པར།། ཁས་སངས་རྒྱས་བཤད་པས་ཕུང་བ་འདྲ།། དོན་གནས་ལུགས་ཅི་ལྟར་ཡིན་མ་རྟོགས།། ཁས་མ་བཅོས་ངང་སྡོད་ཨེ་རེ་སྡུག།། བཅོས་མི་བཅོས་ངོ་བོ་ཅང་ཤེས་སམ།། གཞི་ཀ་དག་རྟོག་འཁྲུལ་སོ་མཚམས་ཅན།། བཅོས་མི་དགོས་སླད་ན་སེམས་ཅན་རྣམས།། གཅིག་མ་ལུས་ཀུན་སངས་རྒྱས་མོད་བསམ།། སེམས་གོམས་རྟོགས་བྱེད་རྒྱུ་གང་དུ་ཐལ།། ལམ་མ་བགྲོད་གནས་ཕྱིན་རྣ་སྙན་པོ།། ཚུལ་གཅིག་མ་བརྟེན་ཅི་ལྟར་སླེབ།། བྱ་ས་ལ་འགྲོ་བ་མ་ཡིན་ཏེ།། གཤོག་རླབ་ཅིང་རླུང་གི་ལམ་ལ་འགྲོ།། དེ་མིན་ན་ཉམས་ལེན་ཟེར་མ་དགོས།། འབྲས་སྒྲུབ་མེད་རང་ལས་འཚོལ་བ་དེ།། རྩལ་མི་དགོས་དང་ནས་རྙེད་སྲིད་ན།།  ནས་མ་བཏབ་འབྲས་བུ་སྨིན་ཨི་སྣང་།། དེ་སྣང་ན་མ་རྩལ་རྙེད་པ་རིག།། ཚིག་དེ་ཚོའི་ཐེ་ཚོམ་གསལ་ཤེས་སམ།། མཚམས་གཅོད་ཟེར་ལུས་ངག་སོས་དལ་འདུག།། ལས་མི་འགྲུབ་པ་ལ་གཅིག་ཀྱང་མེད།། བཟོ་ལ་སོགས་ལག་གི་འདུ་བྱེད་དང་།། འདོན་ལ་སོགས་ཟ་བོན་སློབ་གཉེར་དང་།། ཚོང་ལ་སོགས་སེམས་ཀྱི་རྩོལ་བ་རྣམས།། མཚམས་གྲོལ་དུས་ཐམས་ཅད་འགྲུབ་ནས་བྱུང་།། དེ་སྒོམ་སྒྲུབ་བརྩོན་པའི་འབྲས་བུ་རེད།། ཅི་བྱས་ན་ཅིར་ཡང་མ་སོང་བའི།། ལས་དོན་མེད་འདིར་འཇུག་ཆད་གལ་ཅི།། ཨེ་ཧོ་ཧོ་བསམ་ན་ཁོ་རེ་ཆད།།བག་ཆགས་ཀྱི་ཁུར་བ་ལྗི་ཞིང་མནར།། དཀོར་ནག་གི་ཁ་ཟས་ཁ་ཞིང་དུག།། རྣམ་སྨིན་གྱི་ལན་ཆགས་དོས་ཤིང་དྲག།། སྡུག་ཚེ་འདི་རིང་བར་གྱུར་ན་ནི།། བསྟན་པ་ཡི་ཞབས་འདྲེན་བྱེད་ལས་ཆེ།། མི་ཁ་ཡི་སྡུད་ཤིང་ཡོང་ལས་ཆེ།། ལས་ཟད་ཀྱི་བུ་ཚ་བསམ་བརླག་ཁྱེད།། གཉིད་རྒྱུ་ཞིག་ཁྱེད་ལ་ད་རུང་འདུག།། རེ་ལྟོས་ཀྱི་བླ་མ་དབྱིངས་སུ་གཤེགས།། ཉམས་མྱོང་གི་ལྡང་ཚད་སྙན་མ་ཐིང་།། སྐལ་མེད་ངས་བློ་གཏད་སུ་ལ་འཆའ།། ལྟ་བ་ནི་རྟག་ཆད་གཉིས་སུ་ཆད།། སྒོམ་པ་ནི་བྱིང་རྒོད་གཉིས་སུ་ཤོར།།སྤྱོད་པ་ནི་བཅོས་སླད་གཉིས་སུ་ཐལ།། འབྲས་བུ་ནི་བདེ་སྡུག་གཉིས་སུ་སྨིན།། དམ་ཚིག་ནི་མངོན་ལྐོག་གཉིས་སུ་ཡན།། ཉམས་ལེན་ནི་ཆགས་སྡང་གཉིས་སུ་སྦྱང་།། རང་དོན་ནི་རེ་དོགས་གཉིས་སུ་གོལ།། གཞན་དོན་ནི་ཉིན་མཚན་གཉིས་སུ་བྱེད།།དུས་མཐའ་རུ་བར་ཆད་བདུད་ཀྱང་རྒོད།། ཡར་བསམ་གྱི་ལས་དེ་འགྲུབ་དུས་མེད།། མར་ཁྲིད་ཀྱི་ཕྱོགས་དེ་མ་བསམ་འགྲུབ།། བུ་རང་གྲོས་རང་ལ་འདེབས་རན་རེད།། བློ་རང་ཐག་རང་གིས་གཅོད་རན་རེད།། ལས་བྱེད་རྒྱུ་མ་མང་རང་འཆུས་འཆོར།། བྱར་མེད་ཀྱི་དོན་དེ་སེམས་ལ་ཞོག།། ཚིག་སྨྲ་རྒྱུ་མ་མང་རང་མཚང་འདོན།། བརྗོད་མེད་ཀྱི་དོན་དེ་སེམས་ལ་ཞོག།། ཡིད་དྲན་རྒྱུ་མ་མང་ཉོན་མོངས་སློང་།། དངོས་མེད་ཀྱི་དོན་དེ་སེམས་ལ་ཞོག།། རྒྱུ་བསོགས་འཇོག་མ་མང་བག་ཆགས་བསགས།། ཆགས་མེད་ཀྱི་དོན་དེ་སེམས་ལ་ཞོག།། མིག་ལྟ་ས་མ་མང་སྒོམ་དང་བྲལ།། འབྲེལ་མེད་ཀྱི་དོན་དེ་སེམས་ལ་ཞོག།། ལྟ་བ་ནི་བག་ཡངས་རང་སར་ལྷོད།། སྒོམ་པ་ནི་དྲན་འཛིན་གཉན་པོ་བརྟེན།། སྤྱོད་པ་ནི་དགེ་སྡིག་འདྲེས་མ་འཆོལ།། འབྲས་བུ་ནི་རང་གིས་རང་ལ་འཚོལ།། དམ་ཚིག་ནི་མངོན་ལྐོག་གཉིས་མ་བྱེད།། ཁ་བཤད་ཀྱི་རྗེས་སུ་ཡེ་མ་འབྲེངས།། དབང་ལུང་ལ་ཚད་ཟིན་ཙམ་གྱི་དགའ།། སྡིག་པ་ནི་བློ་དང་སྦྱར་ཞིང་སྤོངས།། དགེ་བ་ནི་ལུས་དང་སྦྱར་ཞིང་སྒྲུབས།། བསྟན་པ་ནི་དུས་དང་བསྟུན་ཞིང་སྤེལ།། འགྲོ་དོན་ནི་མི་དང་བསྟུན་ཞིང་བྱོས།། རང་དོན་ནི་གཅིག་པུར་ཨི་འགྲུབ་ལྟོས།། རོགས་པ་རུ་མ་དད་དགེ་ལ་བཤོལ།། བུད་མེད་ལ་མ་དད་དམ་ཚིག་འཆོར།། སྡིག་ཅན་ལ་མ་དད་དམྱལ་བར་ཁྲིད།། ཟས་ནོར་ལ་མ་དད་བག་ཆགས་ཁུར།། གྲོང་ཉུལ་ལ་མ་དགའ་མི་ཁ་འཕོག།། ཚིག་རྩོད་ལ་མ་དགའ་འཁྲུག་པ་སློང་།། དགྲ་བཏུལ་ལ་མ་དགའ་རང་སྲོག་གཅོད་།། གཉེན་སྐྱོང་ལ་མ་དགའ་རང་དོན་འཆོར།། གྲོང་ཆོག་ལ་མ་དགའ་རང་མགོ་སྐོར།། སློབ་གཉེར་ལ་མ་དགའ་མི་ཚེ་འཛད།། ངོ་འཕྲད་པས་ཉམས་ལེན་མཐར་ཕྱིན་མིན།།  ཉིན་མཚན་གྱི་སྣང་བ་ཆད་པ་དགོས།། ལོ་ཚང་བས་ཉམས་ལེན་མཐར་ཕྱིན་མིན།། ལུས་ཕུང་བོའི་གཅེས་འཛིན་ཞིག་པ་དགོས།། ཚིག་མཁས་པས་ཉམས་ལེན་མཐར་ཕྱིན་མིན།། དོན་སྨྲ་བསམ་བརྗོད་མེད་རྟོག་པ་དགོས།། དོན་རྟོགས་པའི་ཉམས་ལེན་མཐར་ཕྱིན་མིན།། ཀུན་དེ་དང་དབྱེར་མེད་ཤེས་པ་དགོས།། དེ་ཤེས་པས་ཉམས་ལེན་མཐར་ཕྱིན་མིན།། དེའི་ངང་ལ་ཐམས་ཅད་འཇོག་ནུས་དགོས།། དགྲ་རྣམ་རྟོག་ཡིན་ཏེ་དོགས་མ་ཚ།། གྲོགས་ཡེ་ཤེས་ཡིན་ཏེ་བློས་མ་འཚོལ།།བདུད་ཉོན་མོངས་ཡིན་ཏེ་སླེས་ལ་བོར།།  གེགས་བྱིང་རྒོད་ཡིན་ཏེ་སྐྱོན་མ་ལྟ།། སྒོམ་མི་རྫོགས་ཡིན་ཏེ་མཆོག་མ་འཛིན།། དོན་གསལ་སྟོང་ཡིན་ཏེ་རིས་མ་ཆད།། ཞི་གནས་ཀྱི་བུ་མོའི་རྗེས་མ་འབྲང་།། ལྷག་མཐོང་གི་འཇའ་ལ་ལག་པ་སྙོབ།། ཟུང་འབྲེལ་གྱི་སྦྲང་རྩིའི་རོར་མ་ཆགས།། རྣམ་རྟོག་གི་རྐུན་མ་བཟུང་ལ་ཐོངས།། ཡེ་ཤེས་ཀྱི་སྒྲོན་མེ་མུན་པར་ཐེག།། བྱིང་རྒོད་ཀྱི་ཡོལ་བ་ཕར་ལ་ཕྱེས།། དྲན་འཛིན་གྱི་ཐག་པས་སྡོམ་ལ་ཞོག།། འགྱུ་དྲན་གྱི་རྩི་སྦུར་རླུང་ལ་སྐུར།། ཉམས་མྱོང་གི་ས་བའི་མིག་མ་བཅར།། ངར་འཛིན་གྱི་འགོང་བོ་ཕྱམ་ལ་སྒྱུར།། བདག་མེད་ཀྱི་རལ་གྲི་ཕྱི་བདར་གྱིས།། རྒྱུད་ངན་གྱི་ཀོ་གྱོང་ཆུ་ལ་སྦོངས།། ཞི་དེས་ཀྱི་རྩི་མར་བཀུ་མཉེ་གཟབ།། མཚན་བཅས་ཀྱི་ཚོང་དུས་མགྲོན་པོ་ལ།། མཚན་མེད་ཀྱི་སྐུ་མཁར་རྩེ་ནས་ལྟོས།། ཐུན་སྒོམ་གྱི་ཞི་ལུ་གྱ་ཉེས་ལ།། ངོ་སྤྲོད་ཀྱི་གསོས་སྦྱིན་གང་ཞིམ་བྱིན།། ངང་སྒོམ་གྱི་ལམ་ཐག་རིང་བོ་ལ།། བརྩོན་འགྲུས་ཀྱི་རྟ་ཕོ་ལྕག་གིས་བྲབ།། ཀློང་སྒོམ་གྱི་དགྲ་མེད་སོ་མཚམས་ནས།། ལྟ་སྒོམ་གྱི་སྐྱེལ་མ་ཕྱི་ལ་ཐོངས།། མཐར་ཐུག་གི་གནས་མལ་ཟིན་ཙམ་ན།། ང་ཆེ་ཡི་རྒྱལ་བོ་ཁྲི་ནས་ཕོབ།། དེ་འདྲ་ཞིག་ཡིན་པ་གོ་ལགས་ཀྱང་།། དེ་ཐོག་ཏུ་སླེབ་དུས་དཀའ་མོ་རེད།། ཁ་བཤད་ལ་མཁས་པ་ང་འདྲ་བ།། ཁ་ལྟ་ཡི་ཕུད་པ་མང་བོ་གདའ།། རང་སེམས་ལ་གདེངས་ཞིག་མ་ཐོབ་ན།། རང་འདོད་ཀྱི་གཏམ་འདི་ཨེན་ཙམ་འཁྲུལ།། དེང་སང་གི་མཛད་སྤྱོད་ལེགས་འདུག་སྟེ།། དེ་རིང་གི་ཉིན་ངོ་རྟག་ལགས་སམ།། མི་ཤེས་པ་དགུ་ཤེས་ཡིན་འདུག་སྟེ།། མི་མཐོང་བ་དགུ་ཞིག་མཐོང་བ་འདྲ།། བསམ་བློ་ནི་ལེགས་པར་བཏང་ན་ནི།། བསམ་པ་དེ་ལོག་པ་འདྲ་ཞིག་འདུག།། དོན་ཐོག་ཏུ་གཅིག་ཀྱང་མི་ཞོག་པར།། དོན་མེད་ཀྱི་ཚིག་ལ་རྩོད་རྩོམ་བྱེད།། འདི་ཚོ་ནི་གཞན་ན་ལེགས་པ་འདྲ།། དུས་ངན་གྱི་སེམས་ཅན་ལས་ངན་ཚོ།། ང་འདྲ་བས་འདྲེན་པ་མི་དགོས་དང་།། རྗེ་ཀུན་བཟང་བྱོན་ཀྱང་དད་མི་འཇུག།། བོན་སྟོན་པས་གསུང་ཡང་ཞལ་མི་བརྩི།། ཆོས་ཤཱཀྱས་ཁྲིད་ཀྱང་རྗེས་མི་འགྲོ།། བདུད་གཤིན་རྗེ་མཐོང་ཡང་སྐྲག་མི་ཤེས།། རོ་སྔོན་དུ་ཡོད་ཀྱང་འཆི་མི་དྲན།། ལས་རྒྱུ་འབྲས་བཤད་ན་ལྐོག་གཏམ་བྱེད།། སྡིག་དགེ་ལ་སྒྱུར་ན་མི་ཁ་བསྡུ།། སེམས་ཡར་ཁྲིད་བྱས་ན་རྩོད་པ་བྱེད།། ཚིག་དྲང་བོ་གཏམ་ན་སྤྲོ་ཐུང་ཟློ།། ཚེ་ཕྱི་མ་བརྗོད་ན་ཁ་ལྕེ་རྩོད།། བྱམས་ཕར་ལ་བྱས་ན་ཚུར་ལ་སྡང་།། སྙིང་ཕར་ལ་སྟོན་ན་ཁུ་ཚུར་ཚད།། ཆུས་ཕར་ལ་སློབ་ན་རང་མཚང་འདྲུ།། ཕན་ཕར་ལ་བཏགས་ན་གནོད་ཚུར་སྐྱེལ།། དེ་འདྲ་བའི་སེམས་ཅན་སྐལ་ཟད་རྣམས།། འདྲེན་ནུས་པའི་རེ་བ་མེད་ན་ཡང་།། སེམས་སྐྱེད་པའི་གནས་ཤིག་མ་བྱས་ན།། རང་གོལ་བ་ཡིན་ནོ་གསུང་བ་གདའ།། ཞེས་སྨྲས་ནས་ནམ་མཁའ་རྒྱལ་མཚན་ང་།། ཁོ་ཆད་ཅིང་བྱང་ཡང་བདལ་ནས་སོང་།། གྲོགས་ཁྱེད་ཀྱི་ཐུགས་ལ་ཅི་དགོངས་ལགས།། བདག་དེ་འདྲ་ཡིན་པ་ངས་མཐོང་སྟེ།། གཞན་ང་འདྲ་ཡུལ་འདིར་ཁྱོས་ཨེ་མཐོང་།། སྐྱང་ནམ་མཁའི་མིང་ཅན་ཡིད་མུག་སྟེ།། མཚང་རང་ལ་འདོན་པའི་མགུར་དུ་བླངས།། རྗེ་རྒྱལ་བ་ཀུན་འདུས་སྐྱབས་གནས་མཆོག།། ཕ་དམ་པ་བཀའ་དྲིན་མཚུངས་མེད་པོ།། མཚན་ཡོངས་གྲགས་བླ་མ་ཁྱུང་པོ་བ།། དུས་རྒྱུན་དུ་གསོལ་བ་འདེབས་པའི་གནས།། བུ་ལེ་ལོ་ཅན་གྱི་ནམ་མཁའ་ང་།། ཁ་ནམ་མཁའི་དཀྱིལ་དུ་སྣང་མོད་དེ།། དོན་ནམ་མཁའི་ངང་དུ་ཐིམ་ལགས་སམ།། ཁ་རྟོགས་ལྡན་བཤད་པ་མཁས་འབོད་དེ།། དོན་རྟོགས་ལྡན་ཡིན་ལུགས་སྒོམ་ལགས་སམ།། རང་འདོད་ཀྱི་རང་འདོད་མ་ཆེ་དང་།། བླ་མ་དང་རྟོགས་ལྡན་དཀའ་བ་འདྲ།། བོན་སྒོ་ནི་བརྒྱད་ཁྲི་བཞི་སྟོང་སྟེ།། ཉག་གཅིག་ཏུ་དྲིལ་ལུགས་ཅི་འདྲ་བྱེད།། ཉོན་མོངས་ཀྱང་བརྒྱད་ཁྲི་བཞི་སྟོང་སྟེ།། གཞི་ཐོག་ཏུ་སངས་ལུགས་ཅི་འདྲ་བྱེད།། འཁྲུལ་རྟོག་ལ་སུམ་བརྒྱ་དྲུག་ཅུ་དེ།། ལམ་དུ་ནི་ལེན་ལུགས་ཅི་འདྲ་བྱེད།། གསས་མཁར་ཡང་སུམ་བརྒྱ་དྲུག་ཅུ་དེ།། བསྐྱེད་རྫོགས་ཀྱི་ཉམས་ལེན་ཅི་འདྲ་བྱེད།། འདུ་བྱེད་ལ་ཉིས་བརྒྱ་ལྔ་བཅུ་དེ།། རང་ཤེས་སུ་སློབ་ཚུལ་ཅི་འདྲ་བྱེད།། གོལ་སྒྲིབ་ནི་བརྒྱ་དང་རྩ་བརྒྱད་དེ།།  ཉམས་མྱོང་གི་གནས་ལུགས་ཅི་འདྲ་བྱེད།། དྲང་དོན་ཡང་བརྒྱ་དང་རྩ་བརྒྱད་དེ།། ངེས་འབྱུང་གི་འཆད་ཐབས་ཅི་འདྲ་བྱེད།། རྟོག་པའི་ཚོགས་བཞི་བཅུ་རྩ་ལྔ་དེ།། རྟོག་མེད་དུ་གྲོལ་ལུགས་ཅི་འདྲ་བྱེད།། ཐེག་པ་དེ་བཞི་བཅུ་རྩ་ལྔ་དེ།། དཀའ་བཅད་ཀྱི་གོང་འཕེལ་ཅི་འདྲ་བྱེད།། མ་རིག་པའི་འཁྲུལ་བ་སྒོ་དགུ་དེ།། རང་རིག་གིས་འབྱེད་ལུགས་ཅི་འདྲ་བྱེད།། བོན་སྒོ་ཡང་ཐེག་པ་རིམ་དགུ་དེ།། རྒྱུད་ཐོག་ཏུ་འགེལ་ན་ཅི་འདྲ་བྱེད།། ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་དེ།། མ་སྤངས་པར་གྲོལ་ལུགས་ཅི་འདྲ་བྱེད།། སྒོ་བཞི་དང་མཛོད་ལྔའི་བྱེ་བྲག་དེ།། དོན་གཅིག་ཏུ་རྟོགས་ལུགས་ཅི་འདྲ་བྱེད།། མ་རྟོགས་པའི་དུག་གསུམ་ཕུང་བོ་དེ།། རྟོགས་པའི་དུས་ཕྱེ་ལུགས་ཅི་འདྲ་བྱེད།། ཕྱི་ནང་དང་གསང་གསུམ་རྒྱུད་ལུང་དེ།། དུས་གཅིག་ཏུ་འགྲུབ་ན་ཅི་འདྲ་རེད།། རིག་པ་དང་མ་རིག་གཉིས་བྱུང་དེ།། གཞི་གཅིག་ནས་གྱེས་ལུགས་ཅི་འདྲ་བྱེད།། དྲང་དོན་དང་ངེས་དོན་གཉིས་པོ་དེ།། མི་འགལ་བའི་དགེ་སྦྱོར་ཅི་འདྲ་བྱེད།། མ་རིག་གི་མུན་པ་སངས་མེད་དེ།། གསལ་སྒྲོན་གྱི་འདེགས་ལུགས་ཅི་འདྲ་བྱེད།། རང་རིག་གི་ཐིག་ལེ་ཉག་གཅིག་དེ།། མ་མཐོང་བ་སྟོན་ན་ཅི་འདྲ་བྱེད།། གཞི་སེམས་ཀྱི་གནས་ལུགས་མི་ཤེས་བར།། ལྟ་བ་ཞེས་རྟོགས་ན་ཅི་འདྲ་ན།། ལམ་སྣང་བའི་འཆར་སྒོ་མི་ཤེས་པར།། སྒོམ་པ་ཞེས་གནས་པ་ཅི་འདྲ་ན།། མཐར་འབྲས་ནི་ཐོབ་ཚུལ་མི་ཤེས་པར།། སངས་རྒྱས་ཞེས་ཟེར་བ་ཅི་འདྲ་ན།། ཕྱིའི་སྣང་ཡུལ་སྟོང་བར་མི་ཤེས་པར།། ཉིན་སྣང་ནི་ཆད་པ་ཅི་འདྲ་ན།། ནང་གཟུང་འཛིན་རང་གྲོལ་མི་ཤེས་པར།། མཚན་སྣང་ནི་ཆད་པ་ཅི་འདྲ་ན།། བོན་དུ་མ་རོ་གཅིག་མི་ཤེས་པར།། བར་དོ་ནི་ཆད་པ་ཅི་འདྲ་ན།། སེམས་ཐེ་ཚོམ་མདུད་པ་མ་གྲོལ་བར།། མཐའ་ཀུན་དང་བྲལ་བ་ཅི་འདྲ་ན།། ཅི་འདྲ་བ་བྱེད་པ་ཉི་ཤུ་དང་།། ཅི་འདྲ་བ་བདུན་གྱི་མཚང་དོན་འདི།། གཏམ་མཐོན་པོ་ནམ་མཁའ་རྒྱལ་མཚན་གྱིས།། རང་ཉམས་ལ་གསལ་འདེབས་བསྐུལ་མར་བྲིས།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1