ཡ་ཆེན་ཨོ་རྒྱན་བསམ་གཏན་གྱི་གླིང་གར། འདན་སྲས་རྟོགས་བརྗོད་ཟློས་གར་དེ་འཕེལ་སོང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-27


ཡ་ཆེན་ཨོ་རྒྱན་བསམ་གཏན་གླིང་གི་འདན་སྲས་རྟོགས་བརྗོད་ཟློས་གར་ཆེན་མོ།
        འདན་སྲས་རྟོགས་བརྗོད་ཟློས་གར་ནི་བགྲང་བྱ་བཅུ་ཕྲག་ཙམ་གྱི་ཡར་སྔོན་ལ་གསེར་རྟ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་ནས་ཐོག་མར་སྲོལ་ཕྱེས་ཤིང་དར་བའི་གླིང་གེ་སར་རྒྱལ་པོའི་སྒྲུང་གི་ཟློས་གར་ཞིག་ཡིན་ལ། ཕྱིས་སུ་རིམ་གྱིས་ཁམས་ཕྱོགས་ཀྱི་རྙིང་མའི་དགོན་སྡེ་མང་པོ་ཞིག་ཏུ་དར། རྟོགས་བརྗོད་གླུ་གར་ཆེན་མོ་འདི་དཔལ་ཡུལ་ཡ་ཆེན་ཨོ་རྒྱན་བསམ་གཏན་གླིང་དུ་ལོ་རེའི་ཟླ་5པའི་ཚེས་13ནས་17བར་ཉིན་ལྔ་ཙམ་ལ་འཁྲབ་སྟོན་བྱེད་བཞིན་ཡོད་ལ། དེ་ནི་དགོན་པའི་སྒྲུབ་མཆོད་ཆེན་མོ་བཞིའི་གྲས་སུ་བཀོད་ཡོད་པས་ཤིན་ཏུ་གལ་ཆེན་གྱི་ཆོས་ལུགས་བྱ་འགུལ་ཞིག་རེད།
འདན་སྲས་རྟོགས་བརྗོད་ཟློས་གར་ཆེན་མོའི་འཁྲབ་ཚན་ངོ་སྤྲོད་མདོར་བསྡུས།

        ཟློས་གར་ཆེན་མོ་འདི་ནི་ཞི་རྒྱས་དབང་དྲག་དང་མཆོག་གི་འཕྲིན་ལས་བཅས་འཕྲིན་ལས་རྣམ་པ་ལྔའི་རིམ་པ་དང་མཐུན་པར་ལེའུ་ལྔའི་སྒོ་ནས་གླིང་རྗེ་གེ་སར་རྒྱལ་པོའི་བཀའ་བློན་ཚ་ཞང་འདན་མ་བྱང་ཁྲ་མཆོག་གི་གདུང་སྲས་འདན་སྲས་གཡུ་འོད་འབུམ་མེ་ཡི་སྐུ་ཚེ་ཧྲིལ་པོའི་མཛད་པ་བརྗོད་བྱར་བྱས་ཤིང་དོན་གྱིས་འདན་སྲས་དཔའ་བོའི་སྤྲུལ་བའི་ཟློས་གར་མཁན་ཆེན་འཇིགས་མེད་ཕུན་ཚོགས་འབྱུང་གནས་ཀྱི་ཕྱི་ནང་གསང་གསུམ་གྱི་བླ་མའི་རྣལ་འབྱོར་གྱི་སྒྲུབ་མཆོད་ཡིན་པར་གསུངས། ཟློས་གར་འདི་རྣམ་པ་ཤིན་ཏུ་རྒྱ་ཆེ་ཞིང་ནང་དོན་ཕུན་སུམ་ཚོགས་པ་ཞིག་ཡིན་ཞིང་འཁྲབ་རིམ་ཡོངས་ལ་ལེའུ་ལྔ་ཡོད་དེ།


        ལེའུ་དང་པོ། ཞི་བའི་འཕྲིན་ལས་ཀྱི་རིམ་པ་སྟེ་དེ་ལ་འཁྲབ་ཚན་གཉིས་ཡོད་དེ། འཁྲབ་ཚན་དང་པོ། རིགས་གསུམ་སེམས་དཔའི་སྒྱུ་འཕྲུལ་གར། །སྲས་ཆུང་གཡུ་འོད་འབུམ་མེ་བལྟམས། །ལྔ་བདོའི་རྒུད་པ་དབྱིངས་སུ་དྭངས། །རྫོགས་ལྡན་གསར་བའི་པད་ཚལ་བཞད། ཅེས་གླིང་གེ་སར་རྒྱལ་པོའི་བཀའ་བློན་དང་འདན་སྡེ་ཁྲི་སྐོར་བཅུ་གཉིས་ཀྱི་བདག་པོ་ཚ་ཞང་འདན་མ་བྱང་ཁྲ་དང་གླིང་བཟའ་ལྷ་སྒྲོན་ཆོས་མཚོ་གཉིས་ལ་ལྟས་དང་མཚན་མ་བཟང་པོ་དང་བཅས་རིགས་སྲས་མཚན་ལྡན་ཞིག་འཁྲུངས་ཤིང་འདན་བླ་མ་བདེ་ཆེན་རང་གྲོལ་གྱིས་བསམ་དོན་འགྲུབ་པའི་རྟེན་འབྲེལ་གྱི་ལུང་བསྟན་གནང་ཞིང་འདན་སྲས་གཡུ་འོད་འབུམ་མེ་ཞེས་མཚན་གསོལ། གླིང་སྤྱི་དཔོན་རོང་ཚ་ཁྲ་རྒན་གྱིས་བཀྲ་ཤིས་པའི་ཁ་བཏགས་ཕུལ་ནས་རྟེན་འབྲེལ་ཞུས། གླིང་ཚོ་དྲུག་ལྷ་སྡེས་བཙས་སྟོན་བྱས་ཤིང་གླིང་གེ་སར་རྒྱལ་པོའི་བཀའ་ལུང་ལྟར་ཁྲོ་ཐུང་གིས་རྟེན་འབྲེལ་གྱི་ཤིས་ཚིག་བརྗོད། གླིང་བ་རྒན་རིམ་རྣམས་ཀྱིས་བཀྲ་ཤིས་པའི་གཏམ་གླེང་དང་ཕུ་ནུ་རྣམས་ཀྱིས་རྟ་རྒྱུག་མདའ་འཕེན། མ་སྲུ་རྣམས་ཀྱིས་གླུ་བྲོ་སོགས་རྩེད་འཇོའི་དགའ་སྟོན་གྱི་ཡོ་ལང་ལ་རོལ་བའོ། །
འཁྲབ་ཚན་གཉིས་པ། སྲས་ཆུང་གཡུ་འོད་འབུམ་མེ་ཡིས། སྒྱུ་རྩལ་མ་ལུས་བྱང་ཞིང་ཆུབ། །ནེའུ་ཆུང་ཌཱཀི་གྲོགས་སུ་བཀུགས། རྟེན་འབྲེལ་ལེགས་པའི་ཕྱོགས་སུ་འགྲིགས། །ཞེས་འདན་སྲས་གཡུ་འོད་འབུམ་མེ་དེ་དགུང་ལོ་བདུན་ལ་སོན་པའི་སྐབས་དེར་གླིང་ལྷ་སྡེའི་སྤྱི་ཆུས་དང་སྒོས་གེ་སར་རྒྱལ་པོའི་དགོངས་བཞེད་སྒྲུབ་པ་ལ་བློ་རིག་སྤྱང་གྲུང་ལྡན་དགོས་པར་མ་ཟད་ཁྱད་པར་དུ་དྲག་པོའི་སྒྱུ་རྩལ་ལ་བྱང་དགོས་པར་དགོངས་ནས་ཕོ་རྩལ་སྣ་དགུ་སྦྱང་བར་དཔའ་བོ་ཆོས་ཀྱི་སེང་གེའི་དྲུང་དུ་བྱོན་པར་ཞུས་པ་དང་གླིང་གེ་སར་རྒྱལ་པོས་བསྔགས་པ་བརྗོད་ཅིང་གླིང་གི་རྒྱལ་བློན་ཡབ་ཡུམ་སོགས་གླིང་པ་རྣམས་ཀྱིས་སྐྱེལ་མ་མཛད། འདན་སྲས་ཁོང་དམག་དཔོན་ཆོས་ཀྱི་སེང་གེའི་དྲུང་དུ་བྱོན་ནས་མོས་གུས་ཀྱིས་ཚུལ་བཞིན་བསྟེན་ཏེ་མདའ་རྩལ་དང་གྲི་རྩལ་སོགས་སྒྱུ་རྩལ་གྱི་བྱེ་བྲག་ཀུན་ལ་བྱང་ཆུབ་པར་སྦྱང་ནས་དཔའ་རྩལ་གཉིས་ལ་འགྲན་ཟླ་བྲལ་བར་གྱུར། དམག་དཔོན་ཆོས་ཀྱི་སེང་གེས་རང་གི་གསེར་རྨོག་འདན་སྲས་ལ་གཟེངས་རྟགས་སུ་ཕུལ་ཅིང་བསྔགས་བརྗོད་དང་རེ་བའི་ཁ་ཏ་གནང་། འདན་སྲས་དེ་ཉིད་རྩལ་དྲུག་ལུས་ལ་རྫོགས་ཤིང་དཔའ་མཛངས་ཕུལ་ཏུ་ཕྱིན་ནས་ཕྱིར་ཁྲ་མོ་གླིང་ལ་བྱོན། གླིང་སྤྱི་དཔོན་རོང་ཚ་ཁྲ་རྒན་གྱིས་གྲོས་མགོ་བཏོན་པ་ལྟར་འདན་སྲས་གཡུ་འོད་འབུམ་མེ་ལ་ནེའུ་ཆུང་དབྱིངས་ཀྱི་ཌཱཀི་ཁབ་ཏུ་བསུས་ཤིང་གླིང་སྟོད་སྨད་བར་གསུམ་དགའ་བདེའི་དཔལ་ལ་རོལ་ཅིང་གནས་པའོ། །
        ལེའུ་གཉིས་པ། རྒྱས་པའི་འཕྲིན་ལས་ཀྱི་རིམ་པ་ལ་ཡང་འཁྲབ་ཚན་གཉིས་ཏེ། འཁྲབ་ཚན་དང་པོ། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས། །གཡུ་འོད་བུ་ལ་ལུང་བསྟན་ལྟར། །གསེར་ལུང་པདྨ་འདབ་དྲུག་དེར། །ས་གནད་བཙལ་ཞིང་རྟེན་འབྲེལ་འགྲིགས། །ཞེས་པ་ལྟར་འདན་སྲས་གཡུ་འོད་འབུམ་མེ་ཡིས་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་དང་གླིང་རྗེ་གེ་སར་ནོར་བུ་དགྲ་འདུལ་གྱི་བཀའ་བཀོད་དང་དུ་བླངས་ནས་ཡུལ་གསེར་ལུང་པདྨ་འདབ་དྲུག་དུ་བྱོན། ལྷ་སྲས་དགྲ་ལྷ་རྩེ་རྒྱལ་གྱིས་རྟེན་འབྲེལ་གྱི་བདེན་ཚིག་བདར་ནས་ལྷ་མདའ་འཕངས་ཤིང་ས་ཡི་ལྷ་མོ་བརྟན་མས་ས་གནད་བསྟན་ཏེ་མཁར་གཞིས་ངོས་བཟུང་བའོ། །
        འཁྲབ་ཚན་གཉིས་པ། ལྷག་པའི་ལྷ་ཡི་ལུང་བསྟན་ལྟར། ཆོས་དང་ནོར་གྱི་གཏེར་ཁ་བླངས། ། རྒྱ་ཚ་གཙོ་བྱས་ལྷ་བབས་བྱས། སྲས་ཆུང་རྒྱལ་པོའི་ཚབ་ཏུ་བསྐོས། །ཞེས་པ་སྟེ་ལྷག་པའི་ལྷ་ཡི་ལུང་བསྟན་ལྟར་འདན་སྲས་ཀྱིས་གླིང་གི་དཔུང་ཆེན་ལ་ཁ་ལོ་བསྒྱུར་ནས་ཕྱོགས་ཀྱི་རྒྱལ་ཁག་ལ་དཔུང་འཇུག་བྱས་ཤིང་གཏེར་གཡང་དང་རིན་ཆེན་སྣ་ཚོགས་གླིང་ལ་དྲངས། གླིང་རྗེ་སེང་ཆེན་ཁོང་ནི་ཕྱི་ནང་གསང་གསུམ་གྱི་དགོས་དབང་གིས་རེ་ཞིག་མཁའ་སྤྱོད་ཞིང་དུ་བྱོན་པས་འདན་སྲས་གཡུ་འོད་འབུམ་མེ་དེ་ཉིད་ཁོང་གི་རྒྱལ་ཚབ་ཏུ་བསྐོས་ཤིང་། འདས་པོ་རྒྱ་ཚ་ཞལ་དཀར་སོགས་ལྷ་བབ་བྱས་ཏེ་གླིང་གི་ལྷ་མི་ཞལ་འཛོམས་བྱུང་བའོ། །
        ལེའུ་གསུམ་པ། དབང་གི་འཕྲིན་ལས་ཀྱི་རིམ་པ་ལ་ཡང་འཁྲབ་ཚན་གཉིས་ཏེ། འཁྲབ་ཚན་དང་པོ། འདན་སྲས་གཡུ་འོད་འབུམ་མེ་ཡིས། །ཕྱོགས་བཞིའི་རྒྱལ་ཁམས་དབང་དུ་བསྡུས། །དགེ་བ་བཅུ་ཡི་ལམ་བཟང་བསྟན། །སྐྱེ་འགྲོ་ཐར་བའི་ལམ་ལ་བཀོད། །ཞེས་པ་ལྟར་འདན་སྲས་ཀྱིས་འདུ་ར་སྟག་ཐང་ཁྲ་མོ་རུ་གླིང་ཚོ་དྲུག་ལྷ་སྡེའི་ལས་དམག་བསྡུས་ནས་གླིང་བཞིའི་ཡུལ་ཁམས་དབང་དུ་བསྡུས་ཤིང་འགྲོ་རྣམས་ཆོས་ལ་བཀོད་ནས་སླར་གླིང་ལ་བྱོན་པའོ། །
        འཁྲབ་ཚན་གཉིས་པ། ལྷ་དབང་བརྒྱ་བྱིན་བསྐུལ་བ་བཞིན། ། མ་གཟའ་དམ་གསུམ་འཁོར་བཅས་བྱོན། །དགའ་རབ་དབང་ཕྱུག་ཆམ་ལ་ཕབ། །རྒྱལ་ཚབ་བྱམས་པར་མཇལ་འཕྲད་གནང་། །ཞེས་པ་ལྟར་ལྷའི་དབང་པོ་བརྒྱ་བྱིན་གྱིས་འདན་སྲས་ལྷའི་ཡུལ་དུ་སྤྱན་དྲངས་ནས་ཆོས་ཀྱི་མཛད་པ་སྐྱོང་བ་ལ་བདུད་ཀྱིས་བར་ཆད་བརྩམས་པ་ན་ཁོང་གིས་རྫུ་འཕྲུལ་གྱིས་བདུད་དཔུང་ཚར་བཅད་པ་ན་རྗེ་བཙུན་བྱམས་པ་མགོན་པོས་བསྔགས་པ་བརྗོད། ལྷ་དང་ལྷ་མིན་མ་ལུས་དབང་དུ་བསྡུས་ནས་ཕྱིར་ཁྲ་མོ་གླིང་ལ་བྱོན་པའོ། །
ལེའུ་བཞི་བ། དྲག་པོ་གཡུལ་འགྱེད་ཀྱི་འཕྲིན་ལས་ཀྱི་རིམ་པ་ལ་ཡང་གཉིས་ཏེ། འཁྲབ་ཚན་དང་པོ། ཐོག་རྒྱལ་བསམ་སྦྱོར་ངན་པ་ཡིས། །ཁྲ་མོ་གླིང་ལ་བར་ཆད་བརྩམས། །སློབ་དཔོན་པདྨའི་བཀའ་ལུང་ལྟར། །གླིང་དཀར་ལྷ་སྡེ་གཡུལ་ལ་ཆས། །ཞེས་པ་ལྟར་གླིང་གེ་སར་རྒྱལ་པོ་མཁའ་སྤྱོད་ཞིང་ལ་བྱོན་ཤུལ་དུ་དོལ་གྱི་བདུད་རྗེ་གནམ་ལྕགས་ཐོག་རྒྱལ་གྱིས་བདུད་དམག་གི་དཔུང་ཆེན་བསྐུལ་ནས་དམག་སྣ་གླིང་ལ་གཏད་པ་ན། གླིང་སེང་ཆེན་ནོར་བུ་དགྲ་འདུལ་ཁོང་མཁའ་སྤྱོད་ཞིང་ན་ཡོད་པ་ལ་སློབ་དཔོན་གྱི་ལུང་བསྟན་བྱུང་ནས་བདུད་རྒྱལ་འདུལ་སྐལ་དེ་འདན་སྲས་ཁོ་ན་ལ་ཡོད་པར་གསུངས་པས། གེ་སར་རྒྱལ་པོས་མྱུར་དུ་ཕོ་ཉ་མངགས་ཤིང་འདན་སྲས་གཡུ་འོད་འབུམ་མེ་ཡིས་གླིང་ཚོ་དྲུག་ལྷ་སྡེའི་འདུ་ར་བསྡུས་ཤིང་གླིང་གི་དཔའ་རྟུལ་བརྒྱད་ཅུ་གཙོས་རུ་བཞིའི་དཔུང་ཆེན་ལ་ཁ་ལོ་བསྒྱུར་ནས་བདུད་དཔུང་འདུལ་བར་ཆས་པའོ། །

        འཁྲབ་ཚན་གཉིས་པ། སྲས་ཆུང་གཡུ་འོད་འབུམ་མེ་ཡིས། བདུད་རྒན་ཐོག་རྒྱལ་གཙོ་བྱས་པའི། །བདུད་སྡེ་མ་ལུས་ཆམ་ལ་ཕབ། དཀར་ཕྱོགས་ལྷ་ཡི་རྒྱལ་མཚན་བསྒྲེངས། །ཞེས་པ་ལྟར་བདུད་གླིང་བར་གཡུལ་འགྱེད་དྲག་པོ་བྱུང་ཞིང་མཐར་བདུད་རྗེ་གནམ་ལྕགས་ཐོག་རྒོད་དེ་ངར་རྒོད་ཀྱིས་གླིང་སྒར་དུ་ཤོར་བྱུང་བ་ན་དཔའ་འདན་སྲས་གཡུ་འོད་འབུམ་མེ་དེས་བདུད་རྗེ་འདུལ་བའི་དུས་ལ་བབ་པ་མཁྱེན་ནས་གཞུ་མོ་ཁམས་གསུམ་དབང་སྡུད་ཀྱི་སྟེང་དུ་ལྷ་མདའ་དགྲ་ཁྲག་ཧུབ་འདྲེན་དེ་བཞག་སྟེ་འཕངས་པས་སྐད་ཅིག་ཉིད་ལ་ཚར་བཅད་དེ་རྣམ་ཤེས་འཇམ་དཔལ་གྱི་ཞིང་དུ་སྤར་ཞིང་བདུད་ཡུལ་ཆོས་ལ་བཀོད་ནས་བདུད་འདུལ་མཆོད་རྟེན་བཞེངས་པའོ། །


        ལེའུ་ལྔ་བ། མཆོག་གི་འཕྲིན་ལས་ཀྱི་རིམ་པ་ལ་ཡང་གཉིས་ཏེ། འཁྲབ་ཚན་དང་པོ། གླིང་དཀར་དཔའ་ཐུལ་གཙོ་བྱས་པའི། །ལྷ་སྡེ་ཡོངས་ཀྱིས་བསང་མཆོད་བཏང་། །སེང་ཆེན་མཁའ་སྤྱོད་ཞིང་ནས་ཕེབས། །གཞིས་བྱེས་ལྷན་འཛོམས་དགའ་སྟོན་བྱས། །ཞེས་པ་ལྟར་གླིང་གེ་སར་ནོར་བུ་དགྲ་འདུལ་གྱིས་མཁའ་སྤྱོད་ཞིང་ནས་འགྲོ་དོན་རེ་ཞིག་རྫོགས་ཏེ་ཕྱིར་གླིང་ལ་བྱོན་པར་ཆས་པ་ན། འདན་སྲས་གཡུ་འོད་འབུམ་མེ་གཙོས་དཔའ་རྟུལ་ཕུ་ནུ་རྣམས་ཀྱིས་གླིང་ཆུང་རྒྱུད་འབུམ་པའི་བླ་རི་ནས་ལྷ་བསང་རྒྱ་ཆེན་པོ་ཕུལ་པའི་ཚེ་ན་རྒྱལ་མཆོག་སེང་ཆེན་ནོར་བུ་དགྲ་འདུལ་ཉིད་ཤར་རྨ་རྒྱལ་ལྷ་རིའི་མདུན་ངོས་ཀྱི་སྤྲིན་དཀར་པོའི་གུར་ཁང་གི་ཀློང་ནས་རྫུ་འཕྲུལ་གྱིས་བྱོན་ཅིང་། ཁོང་གིས་འདན་སྲས་ཀྱིས་ནག་ཕྱོགས་བདུད་དགྲ་བཏུལ་བར་གཟེངས་བསྟོད་རྒྱ་ཆེན་པོ་གནང་བའོ། །

        འཁྲབ་ཚན་གཉིས་པ། ཡེ་ཤེས་མཁའ་འགྲོའི་ལུང་བསྟན་ལྟར། གླིང་དཀར་ལྷ་སྡེ་ཕྱི་ནང་ལ། །ཟབ་རྒྱས་ཆོས་ཀྱི་གདམས་པ་གནང་སྐྱེ་འགྲོ་ཐར་བའི་ལམ་ལ་བཀོད། །ཞེས་པ་ལྟར་དཀར་ཕྱོགས་ལྷའི་ལུང་བསྟན་དང་རྒྱལ་མཆོག་སེང་ཆེན་ནོར་བུ་དགྲ་འདུལ་གྱི་བཀའ་གསུང་ལྟར་འདན་སྲས་གཡུ་འོད་འབུམ་མེ་ཡིས་སྐར་མ་རྒྱལ་ཕུར་འཛོམས་པའི་དུས་བཟང་གི་ཉིན་མོ་ལ་གླིང་འདུ་ར་མེ་ཏོག་ཆོས་གླིང་ནས་ཐུགས་འོད་གསལ་མཉམ་བཞག་ཆེན་པོའི་ངང་གླིང་གོང་འོག་བར་གསུམ་ལ་ཆོས་གླུ་སྟོང་ཉིད་ལྡེམ་གླུ་བླངས་ཏེ་ཟབ་ཆོས་བདུད་རྩིའི་གདམས་ངག་རྒྱ་ཆེར་གནང་ཞིང་ཐར་བའི་ལམ་ལ་བཀོད་པའོ། །


        འདན་སྲས་རྟོགས་བརྗོད་ཟློས་གར་ཆེན་མོ་ནི་གླིང་སྒྲུང་གི་ཟློས་གར་གྱི་རྣམ་པ་ཁོ་ན་ཙམ་ཞིག་མ་ཡིན་པར་དེ་ནི་བོད་ཀྱི་དགོན་སྡེའི་གར་འཆམ་དང་ནང་བསྟན་གྱི་ཆོ་ག རྣམ་ཐར་ཟློས་གར། དམངས་ཁྲོད་ཀྱི་ཞབས་བྲོ་སོགས་རིག་གནས་སྒྱུ་རྩལ་གྱི་རྣམ་གྲངས་མང་པོ་འོ་ཆུ་ལྟར་འདྲེས་ནས་གྲུབ་པའི་དགོན་སྡེའི་གླུ་གར་གྱི་རྣམ་པ་ཞིག་ཡིན་པས། འདི་ལ་གཤམ་གྱི་ཕྱོགས་འགའི་ཐད་ཀྱི་རིག་གནས་རིན་ཐང་དང་དོན་སྙིང་ཡོད་པར་འདོད།

        གཅིག ཡ་ཆེན་དགོན་གྱི་འདན་སྲས་རྟོགས་བརྗོད་ཟློས་གར་ཆེན་མོ་འདི་ནི་བོད་ཀྱི་གླིང་སྒྲུང་ཟློས་གར་ལས་གཞི་རྒྱ་ཆེས་ཆེ་བའི་ཟློས་གར་གྱི་རྣམ་པ་ཞིག་ཡིན་ཏེ། ཟློས་གར་འདི་ནི་འཁྲབ་སྟོན་པ་ཉིས་བརྒྱ་ལྷག་གིས་འཁྲབ་ཡུན་ཉིན་ལྔའི་རིང་ལ་རྒྱ་ཆེ་བའི་ནང་བསྟན་གྱི་ཆོ་ག་དང་གླིང་གེ་སར་རྒྱལ་པོའི་སྒྲུང་ལས་འདན་སྲས་གཡུ་འོད་འབུམ་མེའི་རྟོགས་བརྗོད་གཉིས་ཟུང་དུ་འབྲེལ་ནས་འཁྲབ་སྟོན་བྱེད་པ་དང་། ལོ་རེར་ལྟད་མོ་བ་མི་སུམ་ཁྲི་ལྷག་འདུ་བཞིན་ཡོད་ཅིང་། འཁྲབ་སྟོན་གྱི་གར་སྟེགས་ནི་མེ་ཏོག་རྣམ་པར་བཞད་པའི་ཁྲོམ་གཞུང་སྤང་ལྗོངས་ཀྱི་གཞི་ཡིན་པས་མཐོ་སྒང་གི་མཛེས་ལྗོངས་དང་གླིང་སྒྲུང་སྒྱུ་རྩལ་གྱི་མཚར་ཉམས། བོད་ཀྱི་དགོན་སྡེའི་རིག་གནས་ཀྱི་སྟོབས་ཤུགས་བཅས་གཞི་གཅིག་ཏུ་གྲུབ་པའི་བོད་ཀྱི་སྲོལ་རྒྱུན་རིག་གནས་སྒྱུ་རྩལ་གྱི་དོ་ར་ཆེན་པོ་ཞིག་ངང་གིས་ཆགས་ཡོད་པ་རེད།


        གཉིས། ཡ་ཆེན་དགོན་གྱི་འདན་སྲས་རྟོགས་བརྗོད་ཟློས་གར་ཆེན་མོ་འདི་ནི་བོད་ཀྱི་རྟོགས་བརྗོད་ཟློས་གར་གྱི་རྣམ་པའི་སྒོ་ནས་འཁྲབ་སྟོན་བྱེད་པའི་ནང་བསྟན་དགོན་སྡེའི་ཆོས་ལུགས་ཀྱི་མཆོད་པ་དང་སྒྲུབ་ཐབས་ཀྱི་ཆོ་ག་རྒྱ་ཆེན་པོ་ཞིག་དང་། གླིང་སྒྲུང་ཟློས་གར་སྒྱུ་རྩལ་འཕེལ་རྒྱས་ཀྱི་རྣམ་པ་གལ་ཆེན་ཞིག་ཡིན་ཏེ། འདིས་སྔོན་གྱི་གླིང་སྒྲུང་ཟློས་གར་གྱི་རྣམ་པ་དེ་དགོན་པ་དང་དམངས་ཁྲོད་གང་ཡིན་ཡང་གླིང་སྒྲུང་གི་བརྗོད་བྱ་གཞིར་བཟུང་ནས་འཁྲབ་སྟོན་བྱེད་པ་ནས་གླིང་སྒྲུང་དང་བོད་ཀྱི་ནང་བསྟན་གྱི་ལྟ་གྲུབ་ཟུང་འབྲེལ་བྱས་ཤིང་། དགོན་སྡེའི་འཆམ་དང་གླིང་བྲོ་སོགས་སྒྱུ་རྩལ་རྣམ་གྲངས་དུ་མས་ཟུར་བརྒྱན་པས་རྣམ་པ་དང་ནང་དོན་གྱི་ཆ་ནས་གཏིང་ཟབ་ཅིང་ཕུན་སུམ་ཚོགས་པར་གྱུར་ཡོད་པ་རེད།

        གསུམ། ཡ་ཆེན་དགོན་གྱི་འདན་སྲས་རྟོགས་བརྗོད་ཟློས་གར་ཆེན་མོ་འདི་ནི་འཁྲབ་གཞུང་གི་རྩོམ་སྒྲིག་པ་དང་འཁྲབ་ཁྲིད་པ། ཇུས་འགོད་པ། ཟློས་གར་གྱི་འཁྲབ་སྟོན་པ་ནས་ཞབས་བྲོ་དང་རོལ་དབྱངས། གླུ་གཞས་སོགས་ཐད་ཀྱི་མི་སྣ་ཡོད་ཚད་དགོན་སྡེ་རང་ཁོངས་ཀྱི་གྲྭ་བ་དང་བཙུན་མ་ཁོ་ན་ཡིན་པས་འདིས་བོད་ཀྱི་དགོན་སྡེའི་རིག་གནས་སྒྱུ་རྩལ་ཐད་ཀྱི་སྟོབས་ཤུགས་རྒྱ་ཆེན་པོ་ཞིག་མངོན་པར་མ་ཟད། བོད་ཀྱི་སྲོལ་རྒྱུན་རིག་གནས་སྒྱུ་རྩལ་གྱི་ཤུལ་བཞག་སྔོག་འདོན་དང་རྒྱུན་འཛིན། གསར་སྤེལ་བཅས་ཀྱི་ཐད་ལ་སྔར་མེད་ཀྱི་སྒོ་འཕར་ཕྱེས་ཤིང་བགྲོད་ལམ་ཡངས་པོ་ཞིག་བསྟན་ཡོད་པར་འདོད་དོ། །  


མཇུག་གཏམ།
ལྷུན་སྟུག་ནགས་ཚལ་གྱི་ཚང་ཚིང་འཁྲིགས་ཤིང་། དཀར་དམར་མེ་ཏོག་གི་བཀྲག་མདངས་རྒྱས་པ། རིན་ཆེན་སྣ་ཚོགས་ཀྱི་གཏེར་ཁ་འཛོམས་ཤིང་རྩ་ཆེའི་རི་དྭགས་ཀུན་བག་ཡེངས་སུ་རྒྱུ་བ། གཞན་ཡང་ཡངས་པའི་རྩྭ་ཐང་དང་། བརྗིད་པའི་རི་བོ། དྭངས་གཙང་གི་ཆུ་བོ་སོགས་རང་བྱུང་སྣོད་ཀྱི་བཀོད་པ་མཛེས་པའི་ཡུལ་དེ་ལ་དཔལ་ཡུལ་ཞེས་འབོད། མིང་དོན་མཚུངས་པའི་ཡུལ་དེར་ཞིང་ལ་ལོ་ལེགས་ཤིང་ཕྱུགས་ཀྱི་འཕེལ་ཁ་དར་བས་རོང་འབྲོག་མང་ཚོགས་ཀྱི་འཚོ་བ་རྒྱས། གནས་དེར་ཕ་མེས་གོང་མས་བཞག་པའི་སྲོལ་རྒྱུན་གྱི་ལག་ཤེས། གསེར་དངུལ་ཟངས་ལྕགས་སོགས་བཞུ་བཏུལ་གྱིས་རྒྱན་ཆ་སྣ་ཚོགས་བཟོ་ཤེས་པ། གཞན་ཡང་ཤིང་བཟོ་དང་། རྡོ་བཟོ། ཐགས་འཐག་པ་དང་། ལུགས་བླུགས་པ། རི་མོ་འབྲི་བ་སོགས་ཚད་མཐོའི་རྒྱལ་ཁབ་རིམ་པའི་གྲས་སུ་འགྲོ་བའི་ལག་རྩལ་གྱི་ཕ་ས་རུ་གྲུབ། མི་རྣམས་ཀྱང་རང་གཤིས་བརྟན་ཅིང་། ཆོས་ལ་དད་པ་མ་ཟད་གླུ་གཞས་དང་། ཞབས་བྲོ། རྟ་རྒྱུགས་དང་། མདའ་རྩེད་སོགས་སྲོལ་རྒྱུན་གྱི་རྩེད་མོ་སྣ་ཚོགས་ལ་མཁས། རིས་སུ་མ་མཆིས་པའི་སྐྱེས་ཆེན་མང་པོས་ཞབས་ཀྱིས་བཅག་ལ་བྱིན་གྱིས་བརླབས་པ་མ་ཟད། རླབས་ཆེན་འཁོར་ལོ་གསུམ་གྱི་མཛད་པ་བསྐྱངས་པས་སྣོད་བཅུད་ལ་གཡང་ཆགས། བན་བོན་དང་། གསར་རྙིང་གི་བསྟན་པ་དར་ཞིང་རྒྱལ་བ་ཀཿདཔལ་གཉིས་དང་། ཁྲོཾ་རྡོ་ཁོ་དགོན་ཆེན། ཡ་ཆེན་ཨོ་རྒྱན་བསམ་གཏན་གླིང་སོགས་ཆོས་གྲྭ་ཆེན་པོ་རྣམས་སུ་ཆོས་དང་རིག་གནས་ཀྱི་རྒྱུན་བཟུང་བས། སྤྱི་ཚོགས་གསར་རྙིང་གཉིས་ལ་ཆོས་དང་རིག་གནས་དོན་དུ་གཉེར་བའི་སྐལ་བ་ལྡན་པའི་རབ་བྱུང་དང་། བཙུན་མའི་སྡེས་ལི་ཁྲིའི་རྒྱ་མཚོ་འཁྱིལ་བའི་ཚུལ་ལ་འགྲན་ཅིང་། སྙན་གྲགས་ཀྱི་དབྱར་རྔ་ཕྱོགས་མཐར་ཁྱབ་པའོ། །  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1