བླ་བྲང་བཀྲ་ཤིས་འཁྱིལ་གྱི་རིག་དངོས་སྲུང་སྐྱོང་ལས་གྲྭའི་ལྷ་ཁང་13ཉམས་གསོ་ལེགས་འགྲུབ་བྱུང་པ།

རྩོམ་སྒྲིག་པ།ཡོང་ཁུངས། མི་དམངས་དྲ་བ། སྤེལ་དུས། 11-30


        ཀན་སུའུ་ཞིང་ཆེན་བསང་ཆུ་རྫོང་རིག་གནས་ལུས་རྩལ་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་ཅུས་ཀྱི་ཅུས་ཀྲང་གཞོན་པ་དང་། བླ་བྲང་བཀྲ་ཤིས་འཁྱིལ་གྱི་རིག་དངོས་གཙོ་ཆེའི་གྲས་ཉམས་གསོ་འགན་འཁུར་བ་བསོད་ནམས་རྒྱལ་གྱིས་ཉེ་སྔོན་ཀྲུང་གོའི་གསར་འགྱུར་ཁང་གི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས་བླ་བྲང་བཀྲ་ཤིས་འཁྱིལ་གྱི་རིག་དངོས་སྲུང་སྐྱོང་ལས་གྲྭ་ནི་2012ལོའི་ཟླ་9པ་ནས་སྒྲུབ་འགོ་ཚུགས་པ་ནས་ད་བར་ལྷ་ཁང་13ཉམས་གསོ་ལེགས་འགྲུབ་བྱས་པ་དང་། བདེ་འཇགས་སྲུང་སྐྱོང་དང་མེ་འགོག་མེ་གསོད་ལས་དོན་99%ལེགས་འགྲུབ་བྱས་ཟིན་ཞེས་ངོ་སྤྲོད་བྱས་པ་རེད། 

      བླ་བྲང་བཀྲ་ཤིས་འཁྱིལ་ལ་ལོ་ངོ་སུམ་བརྒྱ་ལྷག་གི་ལོ་རྒྱུས་ལྡན་ཞིང་། བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་དགོན་པ་ཆེ་ཤོས་གྲས་ཤིག་ཡིན་ལ། ཀྲུང་གོའི་བོད་ཀྱི་བསྟན་བཅོས་གྲངས་འབོར་མང་ཤོས་དང་། རིག་གཞུང་གི་ཆུ་ཚད་མཐོ་ཤོས། མཁས་དབང་གྲགས་ཅན་མང་ཤོས་བཅས་ཀྱི་བོད་བརྒྱུད་ནང་བསྟན་གྱི་དགོན་པ་ཞིག་ཀྱང་ཡིན་པས། དེ་ལ"འཛམ་གླིང་གི་བོད་རིག་པའི་སློབ་གླིང"ཞེས་གྲགས་པ་རེད། དགོན་པ་འདིར་གྲྭ་ཚང་དྲུག་དང་། ལྷ་ཁང་48 གནའ་གཞུང་དཔེ་རྙིང་རྩ་ཆེན་བམ་པོ་ཁྲི་6.8ལྷག་ཙམ། གྲྭ་ཤག་500ལྷག་ཙམ་བཅས་དང་དེ་བཞིན་རིག་དངོས་ཧ་ཅང་མང་པོ་ཆག་གྲུམ་མེད་པར་རང་སོར་གནས་པ་དང་ཉར་ཚགས་བྱས་ཡོད་པ་རེད། 1982ལོར་ཀྲུང་གོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་ཀྱི་རིག་དངོས་སྲུང་སྐྱོང་སྡེ་ཚན་གཙོ་གནད་དུ་གཏན་འཁེལ་བྱས་པ་རེད།

     ཐེངས་འདིར་ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར་3.05བཏང་བའི་བླ་བྲང་བཀྲ་ཤིས་འཁྱིལ་གྱི་རིག་དངོས་སྲུང་སྐྱོང་ཉམས་གསོ་ལས་གྲྭ་ནི་2012ལོའི་ཟླ་9པ་ནས་སྒྲུབ་འགོ་བརྩམས་པ་དང་། འདི་ནི་བསྒྱུར་བཅོས་སྒོ་འབྱེད་བྱས་པ་ནས་བཟུང་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ལོ་རྒྱུས་ཐོག་གཞི་རྒྱ་ཆེ་ཤོས་ཀྱི་ཉམས་གསོ་ཐེངས་ཤིག་རེད།
     བླ་བྲང་བཀྲ་ཤིས་འཁྱིལ་གྱི་རིག་དངོས་དོ་དམ་ཨུ་ལྷན་གྱི་ཨུ་ཡོན་འགྱུར་མེད་རྒྱ་མཚོ་ཡིས་ཉམས་གསོ་ནི"སྔོན་མ་ཇི་མ་ཇི་བཞིན་ཉམས་གསོ་བྱེད་རྒྱུ"རྩ་དོན་དུ་བཟུང་ཡོད་པ་སྟེ། དཔེར་ན། ལྡེབས་རིས་ཉམས་གསོ་བྱེད་པར་ཚོན་མདོག་ཁ་གསབ་རྒྱ་ཆེན་པོ་མི་བྱེད་པར། ཚོས་གཞི་བུད་པའམ་ལྷུང་བའི་གནས་སམ། ཡང་ན་ཁང་པར་གས་སྲུབས་བྱུང་བའི་དབང་གིས་ལྡེབས་རིས་ལ་རལ་གས་བྱུང་རིགས་ལ་ཐིག་རིས་ཁ་གསབ་བྱས་པ་རེད། ཉམས་གསོ་བྱེད་རྒྱུ་ཚང་མ་ཚད་ལྡན་ཡིག་ཆའི་དཔྱད་གཞིའི་ཡིག་རིགས་ལ་གཞིགས་ནས་ཁུངས་ལུང་འདྲེན་རྒྱུ་ཡོད་པའི་སྔོན་མའི་རྣམ་པ་ཡིན་པས། སྔོན་མའི་རྣམ་པ་ལྟར་ཉམས་གསོ་བྱས་ཡོད་ཅེས་བཤད་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1