རི་ཉིལ་བའི་གནོད་འཚེ་སྔོན་འགོག་བྱས་ནས་མཁའ་ལམ་ཐོགས་མེད་ཤར་བགྲོད་ཐུབ་པ།

རྩོམ་སྒྲིག་པ།ཡོང་ཁུངས། མི་དམངས་དྲ་བ། སྤེལ་དུས། 12-05



——འཛམ་གླིང་གི་ཉེན་ཁ་ཆེ་ཤོས་ཀྱི་ཁྲོན་བོད་ལྕགས་ལམ་གྱི་ཚན་ཞིབ་པའི་སྐོར་བཀོད་པ།
        རི་མཐོ་གཡང་གཟར་གྱི་ཁྲོན་བོད་ལྕགས་ལམ་ནི་འཛམ་གླིང་དུ་ཉེན་ཁ་ཆེ་ཤོས་ཀྱི་ལྕགས་ལམ་ཞིག་ཡིན་པར་གྲགས། དེར་ཚན་ཞིབ་པ་སྐོར་ཞིག་གིས་རང་རང་གི་བློ་གྲོས་ལ་བརྟེན་ནས་ལོ་ངོ་ཁྲི་སྟོང་སོང་བའི་ས་གཤིས་ཀྱི་འགུལ་ཚུལ་ལ་འགྲན་པ་དང་གོམ་པ་རེ་རེ་བཞིན་སྤོས་ནས“མཁའ་ལམ”ཞིག་གསར་དུ་བཏོད་དེ་གེགས་བར་འགོག་ཐུབ་པའི་ས་ཆ་བདམས་ནས་གངས་ལྗོངས་ས་མཐོར་བདེ་འཇགས་ཀྱི་བགྲོད་ལམ་ཞིག་བསྐྲུན་པར་གཞོལ་ཡོད། 
        ཁྲོན་བོད་ལྕགས་ལམ་དང་གཞུང་ལམ་གྱི་ཆེད་དུ་ཀྲུང་གོ་ཚན་རིག་ཁང་ཁྲེང་ཏུའུ་རི་ཉིལ་བའི་གནོད་འཚེ་དང་ཁོར་ཡུག་སྲུང་སྐྱོང་ཞིབ་འཇུག་ཁང་གི་སྤྱི་ཁྱབ་བཟོ་བཀོད་པ་ཡེའུ་ཡུང་གིས་འདམ་རྡོའི་ཆུ་རུད་ཐོན་སའི་རོང་100ལྷག་ཙམ་ལ་རྩད་ཞིབ་ཚོད་སྐོར་བྱས་ཏེ་གནོད་འཚེ་འགོག་བཅོས་ཀྱི་འཆར་འགོད་དཔེ་རིས་འབྲི་མྱོང་། 
        རི་ཉིལ་བའི་གནོད་འཚེར་ཞིབ་འཇུག་ལོ་30ཙམ་བྱས་པའི་ཡེའུ་ཡུང་གིས་ཁྲོན་བོད་ལྕགས་ལམ་ས་བབ་སྨི་4000ཡན་གྱི་གངས་རི་21དང་ཆུ་བོ་དང་གཙང་པོ་14སྒྲོལ་དགོས་པས། དེ་ནི་ལམ་རྒྱུད་ས་ཆའི་ཆགས་རིམ་ཁྱད་པར་ཆེ་ལ་ས་ཡོམ་ཤུགས་ཆེན་རྒྱག་པའི་ས་ཆ་ཞིག་ཡིན་པ་མ་ཟད། རི་ཉིལ་བའི་གནོད་འཚེ་ཡང་ཡང་ཐོན་པ་དང་། གནོད་འཚེའི་རིགས་མང་ཤོས། གནོད་འཚེ་ཚབས་ཆེ་ཤོས་ཀྱི་ས་ཁུལ་གྲས་ཤིག་ཀྱང་རེད་ཅེས་བཤད།
        ཁྲོན་བོད་ལྕགས་ལམ་སི་ཁྲོན་གྱི་ཁྲེང་ཏུའུ་ནས་འགོ་བཙུགས་ཏེ་གཡག་རྔ་དང་། དཀར་མཛེས་བརྒྱུད་བོད་ལྗོངས་ས་ཁོངས་སུ་སླེབས་པ་དང་དེ་ནས་ཆབ་མདོ་དང་། ཉིང་ཁྲི། ལྷོ་ཁ་བཅས་བརྒྱུད་མཐར་ལྷ་སར་སླེབས་པ་དང་སྤྱིའི་རིང་ཚད་ལ་སྤྱི་ལེ་1700ཡོད་པར་ཧ་ལམ་མ་དངུལ་སྒོར་དུང་ཕྱུར་2500ཟིན་གྱི་ཡོད། ཀྲུང་གོ་ལྕགས་ལམ་ཁང་གཉིས་པའི་ཁྲོན་བོད་ལྕགས་ལམ་སྤྱིའི་འཆར་འགོད་ཀྱི་འགན་འཁུར་མཁན་རིགས་གཅིག་མཁས་པས་ཁྲོན་བོད་ལྕགས་ལམ་ལ་གྱེན་ཐུར་མང་བ་དང་གྱེན་གྱི་མཐོ་ཚད་ལ་སྨི་16000ལྷག་ཟིན་པ་དེ་ཇོ་མོ་གླང་མ་གཉིས་ལ་འཛེགས་པ་དང་མཚུངས་པ་དང་། ལམ་རྒྱུད་ཀྱི་ས་གཤིས་ཆ་རྐྱེན་རྙོག་འཛིང་ཆེན་པོ་ཡོད་ཅེས་བཤད།
        རི་ཉིལ་གནོད་འཚེ་ཞིབ་འཇུག་ཁང་གི་སུའོ་ཀྲང་གཞོན་པ་ཁྲེན་ཞའོ་ཆིང་གིས་ཁྲོན་བོད་ལྕགས་ལམ་བརྒྱུད་སའི་བོད་ཀྱི་ཤར་ལྷོ་དང་སི་ཁྲོན་ནུབ་རྒྱུད་ནི་རྒྱ་མཚོའི་རང་བཞིན་གྱི་འཁྱག་ཀླུང་ས་ཁུལ་ཡིན་པ་དང་། གངས་འཁྱགས་ཀྱི་འགུལ་ཚུལ་ལས་ས་གོ་ལ་ཧྲིལ་པོའི་གནམ་གཤིས་ལ་འགྱུར་ལྡོག་ཅི་བྱུང་བ་མངོན་གྱི་ཡོད། གནམ་གཤིས་དྲོ་རུ་ཕྱིན་པ་དེས་འཁྱག་པ་དང་གངས་བཞུར་ཚད་ཇེ་མང་དུ་སོང་སྟེ་དར་ཆགས་པའི་མཚོ་མཚོའུ་ཡི་ཆུ་ཁ་ཤོར་ནས་རྒྱུན་གཏན་གྱི་གཞི་ཁྱོན་ལས་བརྒལ་བའི་ཆུ་ཁ་ཤོར་བའི་འདམ་རྡོའི་ཆུ་རུད་ཐོན་ནས་རོང་གི་ལམ་རྒྱུད་དུ་རྩ་བརླགས་རང་བཞིན་གྱི་གཏོར་སྐྱོན་ཆེན་པོ་ཡང་ཡང་ཐོན་གྱི་ཡོད་ཅེས་བཤད།
        “ས་གཤིས་ཀྱི་ཁོར་ཡུག་ཆ་རྐྱེན་རྙོག་འཛིང་འདི་འདྲའི་ཆ་རྐྱེན་འོག་ལྕགས་ལམ་འདིང་བར་ཚན་རིག་དང་ལག་རྩལ་གྱི་དཀའ་ངལ་ཆེན་པོ་ཞིག་འཕྲད་ངེས་ཡིན་ཞིང་། དེའི་ཁྲོད་ཀྱི་རི་ཉིལ་བའི་གནོད་འཚེ་འགོག་བཅོས་ཐུབ་མིན་ནི་ཁྲོན་བོད་ལྕགས་ལམ་འདིང་རྒྱུ་ལམ་ལྷོངས་ཡོང་མིན་གྱི་འགག་རྩའི་གནད་དོན་ཞིག་རེད”ཅེས་ཡེའུ་ཡུང་གིས་བཤད།
        དུས་རབས་གོང་མའི་ལོ་རབས་དྲུག་ཅུའི་དུས་ནས་རི་ཉིལ་བའི་གནོད་འཚེ་ཞིབ་འཇུག་ཁང་གི་ཚན་ཞིབ་པས་ཁྲོན་བོད་གཞུང་ལམ་རྒྱུད་ཀྱི་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་དཀའ་གནད་མང་པོ་ཞིག་ལ་ཞིབ་འཇུག་བྱས་ནས་ལེགས་སྐྱེས་ཆེན་པོ་ཕུལ་ཡོད།
        ཐང་པང་ཤིང་འདྲ་བའི་ཚན་ཞིབ་པ་རྒན་གྲས་ཁག་གཅིག་ནི་རང་རྒྱལ་གྱི་འདམ་རྡོའི་ཆུ་རུད་ཞིབ་འཇུག་སྒྲིག་འཛུགས་བྱེད་མཁན་དང་དེར་ཞུགས་མཁན་སྔ་ཤོས་རེད་ཅེས་བཤད་ཆོག ཁོང་ཚོས་ལས་ཀ་བྱས་ནས་ཀྲུང་གོའི་རི་ཉིལ་བའི་གནོད་འཚེའི་ཚན་རིག་དང་མཐུན་པའི་ཞིབ་འཇུག་དང་མཐོ་རིམ་ཤེས་ལྡན་པ་གསོ་སྐྱོང་ལ་རྨང་གཞི་བཏིངས་པ་མ་ཟད། འདམ་རྡོའི་ཆུ་རུད་ཞིབ་འཇུག་དང་། རི་ཉིལ་བའི་ཁོར་ཡུག་སྲུང་སྐྱོང་། རི་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་གཏོང་བ་བཅས་ཕན་ཚུན་མཉམ་དུ་བསྲེས་ནས་ཞིབ་འཇུག་བྱེད་པའི་ཁ་ཕྱོགས་གསར་པ་སྟེ་འདམ་རྡོའི་ཆུ་རུད་ཚན་རིག་ཅེས་པ་མཉམ་དུ་བཏོན་ཡོད།
        རང་རྒྱལ་གྱི་འདམ་རྡོའི་ཆུ་རུད་ལ་ཐོག་མར་ཞིབ་འཇུག་བྱེད་མཁན་ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲི་ཚུའེ་ཕེང་ནི། དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་པ་ནས་བཟུང་ཁྲོན་བོད་འགྲིམ་འགྲུལ་བར་ཁྱམས་ཀྱི་གནོད་འཚེར་ཞིབ་འཇུག་བྱས་པ་དང་། 2000ལོའི་རྗེས་སུ་ཡང་ཁྲོན་བོད་འགྲིམ་འགྲུལ་གྱི་གནོད་འཚེ་ཉུང་གཏོང་དང་ལས་གྲྭའི་བདེ་འཇགས་ལ་མུ་མཐུད་ཞིབ་འཇུག་བྱས་ཤིང་། ཁོང་གིས་གནོད་འཚེ་ལས་གཡོལ་བའི་ལམ་ཐིག་འདེམས་རྒྱུའི་གཞི་རྩའི་རྩ་དོན་དང་ལག་རྩལ་བྱེད་ཐབས་བཅས་པ་ཐོག་མར་བཏོན་པ་མ་ཟད། གནོད་འཚེ་ཉུང་གཏོང་གི་རྐྱེན་རྩ་དང་སྔོན་འགོག་ལག་རྩལ་ཐད་ཚད་བརྒལ་ཆེན་པོ་བྱུང་ནས་རྗེས་ཀྱི་ཁྲོན་བོད་གཞུང་ལམ་ཤར་བགྲོད་འགན་ལེན་དང་། དབུན་ཁྲོན་ས་ཡོམ། འབྲུག་ཆུའི་འདམ་རྡོའི་ཆུ་རུད། ལུའུ་ཧྲན་གྱི་ས་ཡོམ། ནེ་པ་ལའི་ས་ཡོམ་སོགས་ལ་འགག་རྩའི་རང་བཞིན་གྱི་གནོད་འཚེ་ཉུང་གཏོང་གི་ཚན་རྩལ་གྱི་འདེགས་སྐྱོར་བྱས་ཡོད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1