དཔལ་ལྷ་མོའི་དུས་ཆེན་ལ་རོལ་བ།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 12-06


  
        ཟླ་12ཚེས་3ཉིན་ལྷ་སའི་གཙུག་ལག་ཁང་གི་ཐང་ཆེན་དུ་མི་ཚོགས་ཀྱིས་ཁེངས་ཡོད།    གཟབ་མཆོར་ལེགས་པར་སྤྲས་པའི་བོད་ཀྱི་བུད་མེད་རྣམས་ནམ་རྒྱུན་ལས་དེ་བས་འཁྲུག་ཆ་ཆེ།  དོན་གྱིས་ཉིན་དེ་ནི་བོད་ཟླ་བཅུ་པའི་ཚེས་བཅོ་ལྔར་འཁེལ་བ་དང་།  བོད་བརྒྱུད་ནང་བསྟན་གྱི་སྲོལ་རྒྱུན་གྱི་དམངས་སྲོལ་དུས་ཆེན་ཏེ་“ལྷ་མོའི་དུས་ཆེན་”ཡིན།  གཟབ་མཆོར་ལེགས་པར་སྤྲས་པའི་བུད་མེད་རྣམས་ཀྱིས་ལོ་རེར་ཁོ་མོ་ཚོར་གཏོགས་པའི་དུས་ཆེན་ལ་བསུ་བ་ཞུ།

        ལྷ་མོའི་དུས་ཆེན་གྱི་མིང་གཞན་ལ་“དཔལ་ལྷ་མོའི་དུས་ཆེན་”ཟེར་བ་དང་།  བོད་རིགས་དམངས་ཁྲོད་དུ་ངག་རྒྱུན་འདི་འདྲ་ཞིག་ཡོད་སྟེ།  གཙུག་ལག་ཁང་གི་སྲུང་མ་ཆེན་མོ་དཔལ་ལྡན་དམག་ཟོར་རྒྱལ་མོའི་བུ་མོ་ཆེ་བ་དཔལ་ལྷ་དྲག་མོས་བག་མེད་འཆལ་སྤྱོད་དང་ཨ་མའི་ཁ་ཏ་ལ་མི་ཉན་པས། ཨ་མས་ཁོ་མོ་ལོ་རེ་ཁྱོ་ག་ཆོས་སྐྱོང་རྫོང་བཙན་དང་ཐུག་འཕྲད་ཐེངས་གཅིག་ལས་བྱ་མི་ཆོག་པར་བྱས།

        གཙུག་ལག་ཁང་དུ་དད་ལྡན་མང་ཚོགས་མང་པོས་དཔལ་ལྷ་མོའི་མདུན་དུ། ལག་ཟུང་ཐལ་མོ་སྦྱར་ཏེ་ཁ་བཏགས་འབུལ་བ་དང་། གནས་མཇལ་བ་རྣམས་ཀྱིས་རང་གི་བསྣམས་པའི་ནས་ཆང་གཙུག་ལག་ཁང་གི་སྒོ་རའི་ལྟེ་བའི་ཆང་དེམ་ཆེན་པོར་བླུགས་པ་དང། དེ་མ་ཐག་ཆང་དེམ་གྱི་མཐིལ་ནས་བླངས་ཏེ་འཐུང་བ་ཡིན། དད་ལྡན་མང་ཚོགས་ཀྱིས་བསམ་པར་ནས་ཆང་ལ་ལྷ་མོས་བྱིན་རླབས་གནང་བས་རང་ཉིད་ཀྱི་བསོད་ནམས་རླུང་རྟ་འཕེལ་ཐུབ།
        “ལྷ་མོའི་དུས་ཆེན་”ནི་བོད་ཀྱི་བུད་མེད་རྣམས་ལ་གཏོགས་པའི་དུས་ཆེན་ཞིག་ཡིན། ཁོ་མོ་ཚོས་དཔལ་ལྷ་མོའི་མདུན་དུ་ཞབས་བྲོ་འཁྲབ་པ་དང་ནས་ཆང་འཐུང་བ།  གླུ་ལེན་གར་རྩེད་ཀྱིས་ལྷ་མོའི་བྱམས་བརྩེ་ལ་མྱོང་བ་དང་སྔར་སོང་ལོ་ཟླའི་ནང་ལྷ་མོས་མགོན་སྐྱབས་གནང་བར་གསོལ་མཆོད་བྱེད།   ཉིན་དེ་ནི་དད་ལྡན་བུད་མེད་ཚོའི་སྤྲོ་ཚོགས་ཆེན་པོ་ཞིག་ཡིན།   བུད་མེད་ཚོ་སླེབས་ས་གང་སར་གླུ་དབྱངས་དང་དགའ་སྤྲོ་ཡིས་ཁེངས་ཡོད།

        “ལྷ་མོའི་དུས་ཆེན་”ད་ལྟའི་བར་དུ་དར་ཁྱབ་བྱུང་བ་དང་རིམ་གྱིས་དགའ་རོགས་དུས་ཆེན་གྱི་རྣམ་པས་ཁེངས་ཡོད། ལ་ལས་“བོད་ལུགས་ཀྱི་དགའ་རོགས་དུས་ཆེན་”ཞེས་འབོད།   བུ་མོ་ཆུང་ཆུང་ཚོས་རང་ཉིད་དགའ་རོགས་བཟང་པོ་ཞིག་དང་འཕྲད་པར་སྨོན་ལམ་འདེབས།

        གཙུག་ལག་ཁང་གི་ཐང་ཆེན་དུ་ཆོས་སྐོར་ལ་འགྲོ་བའི་རྒན་པོ་ཞིག་གིས་བརྗོད་རྒྱུར། “ལྷ་མོའི་དུས་ཆེན་”ནི་བུད་མེད་རྣམས་ཀྱི་རོལ་རྩེད་བྱེད་པའི་དུས་ཆེན་ཞིག་ཡིན་ཡང་། སྐྱེས་པ་རྣམས་ཀྱང་སྔ་མོ་ཡོང་ནས་ཇོ་བོ་དང་དཔལ་ལྷ་མོར་ཁ་བཏགས་ཕུལ་ནས་མཇལ་ཁ་ཞུས་ཏེ། རང་ཉིད་དང་ཁྱིམ་མི་བདེ་བ་ཐོབ་པར་གསོལ་སྨོན་བྱེད། གཙུག་ལག་ཁང་དུ་མི་ཚོགས་ཀྱིས་ཁེངས།   གཙུག་ལག་ཁང་གི་དཔལ་ལྷ་མོའི་སྐུའི་མདུན་དུ་མཇལ་ཁ་ཞུ་བར་སྒུག་པའི་ཕོ་མོ་རྒན་གཞོན་རྣམས་ཀྱིས་བར་སྐོར་དུ་ལེ་དབར་འགའི་བར་དུ་གྲལ་བསྒྲིགས་ཡོད།   སྤོ་བོ་ལགས་ཀྱིས་སྔ་མོ་ནས་མཇལ་ཁ་ཞུས་ཚར།
            “ལྷ་མོའི་དུས་ཆེན་”གྱི་ཉིན་དེར། གཙུག་ལག་ཁང་དུ་སླེབས་ནས་བསང་གཏོང་བ་དང་སྨོན་ལམ་འདེབས་པ།  དཔལ་ལྷ་མོར་མཇལ་བའི་དད་ལྡན་མང་ཚོགས་དུས་རྒྱུན་ལས་ལྡབ་འགས་མང་། དད་ལྡན་མང་ཚོགས་རྣམས་ཀྱི་གནས་མཇལ་བདེ་འཇགས་ངང་བྱེད་པ་ལ་འགན་ལེན་དང་མི་ཚང་མའི་བསམ་འདུན་འགྲུབ་ཆེད།   དགོན་པའི་དོ་དམ་ཚོགས་པ་དང་འབྲེལ་ཡོད་སྡེ་ཚན་གྱི་ལས་བྱེད་མི་སྣས་དད་ལྡན་མང་ཚོགས་ཀྱིས་ཆོས་མཇལ་འགོ་མ་ཚུགས་གོང་ནས་ཞབས་ཞུ་འགན་སྲུང་ལས་དོན་ལེགས་པར་བསྒྲུབས། གསར་འགོད་པས་མཐོང་བ་ལྟར་ན།  མེ་གསོད་རུ་མི་འགའ་ཞིག་ཡིས་བསང་ཁུང་གི་འགྲམ་དུ་དད་ལྡན་མང་ཚོགས་རྣམ་པར་བདེ་འཇགས་ལ་དོ་སྣང་དགོས་པར་གསལ་འདེབས་ཡང་ཡང་བྱེད་པ་དང།   མཚམས་ལར་བསང་ཁུང་གི་ཐལ་བ་གཙང་བཤེར་བྱེད། གཙུག་ལག་ཁང་གི་ཐང་ཆེན་དུ་གཙང་སྦྲ་བ་མང་པོ་བཀོད་སྒྲིག་བྱས་ཏེ་དུས་ཐོག་ཏུ་མང་ཚོགས་ཀྱིས་དབྱུག་པའི་གད་སྙིགས་གཙང་དག་བྱེད། ལྷ་ལྡན་གཙུག་ལག་ཁང་གི་སྒོ་འགྲམ་དུ་དེང་རབས་ཅན་གྱི་གཙང་ཕྱག་རླངས་འཁོར་འགའ་བྲེལ་བ་ཤིན་ཏུ་ཆེ།།
 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1