ཟུང་ཆུ་རྫོང་གིས་སྐད་གཉིས་སློབ་གསོར་ཤུགས་སྣོན་བྱས་པ།

ཚེ་རིང་ལྷ་མོ། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 12-07


        ཟུང་ཆུ་རྫོང་གི་སྐད་གཉིས་དགེ་རྒན་གྱི་ལས་སྒོའི་ཆུ་ཚད་མུ་མཐུད་དུ་མཐོར་འདེགས་གཏོང་བ་དང་སྐད་གཉིས་སློབ་གྲྭའི་སློབ་ཁྲིད་ཀྱི་སྤུས་ཚད་ཇེ་ལེགས་དང་། སློབ་གྲྭའི་སློབ་གསོའི་བྱ་བཞག་གོང་སྤེལ་གཏོང་སླད། ཟུང་ཆུ་རྫོང་སློབ་དཔྱོད་ཁང་གིས་གཙོ་སྒྲུབ་བྱས་ཏེ་2017ལོའི་ཟླ་12པའི་ཚེས་2ཉིན། རྫོང་གྲོས་ཚོགས་ལྟེ་གནས་སུ་ཟུང་ཆུ་རྫོང་གི་2017ལོའི་སྐད་གཉིས་དགེ་རྒན་གྱི་གསབ་སྦྱོང་སྐབས་གསུམ་པ་འཚོགས།

   ཐེངས་འདིའི་གསབ་སྦྱོང་ཚོགས་འདུ་ལ་རྣམ་པ་རྒྱ་ཆེ་ཞིང་རིམ་པ་མཐོ་ལ། ཁ་གཏད་རང་བཞིན་ཤུགས་ཆེ་བ་སོགས་ཀྱི་ཁྱད་ཆོས་ལྡན་ཅིང་། རྔ་བ་ཁུལ་ཁྲིད་ཚན་སུའོ་ཡི་སུའོ་ཀྲང་གཞོན་པ་འཇམ་དབྱངས་བཀྲ་ཤིས་དང་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་འབུམ་སྐྱབས་གཉིས་ཆེད་དམིགས་ཀྱིས་གདན་དྲངས་ཡོད་ལ། རྫོང་གི་སློབ་གྲྭ་སོ་སོ་ནས་ཡོང་བའི་དགེ་རྒན་120ལྷག་ཀྱང་ཐེངས་འདིའི་གསབ་སྦྱོང་ལ་ཞུགས་ཡོད།

     གསབ་སྦྱོང་ཚོགས་འདུ་ཉིན་གཉིས་ཀྱི་རིང་ལ་ཚོགས་ཤིང་། ཚེས་2ཉིན་གྱི་སྔ་དྲོར་རྫོང་སློབ་གསོ་ཅུས་ཀྱི་འགོ་ཁྲིད་པས་དབུ་ཚུགས་མཛད་སྒོ་རུ་སློབ་སྦྱོང་གི་བླང་བྱ་སྒྲོག་འདོན་བྱས་རྗེས། དགེ་རྒན་འཇམ་དབྱངས་བཀྲ་ཤིས་ཀྱིས་ཆེད་དོན་འཆད་ཁྲིད་གནང་། གཙོ་བོ་ཕྱོགས་ཆེན་པོ་གསུམ་གྱི་ཐད་ནས་འཆད་ཁྲིད་གནང་ཞིང་། གཅིག་ནས་ཟུང་ཆུའི་སྐད་གཉིས་སློབ་གསོའི་ད་ལྟའི་གནས་བབ་ལ་དབྱེ་ཞིབ་བྱས་པ་དང་། གཉིས་ནས་གཞི་གྲངས་དང་དཔེ་མཚོན་སྤྱད་ནས་ཟུང་ཆུ་རྫོང་གི་སྐད་གཉིས་སློབ་གསོར་གདེང་འཇོག་མཛད། གསུམ་ནས་ཟུང་ཆུའི་སྐད་གཉིས་སློབ་གསོའི་ཁ་ཕྱོགས་ལ་མཛུབ་སྟོན་དང་སྐད་གཉིས་དགེ་རྒན་ལ་བླང་བྱ་གསལ་བོ་བཏོན། 

         དེའི་འཕྲོར། དགེ་རྒན་ཆེན་མོ་འབུམ་སྐྱབས་ཀྱིས་ཆེད་དོན་འཆད་ཁྲིད་གནང་། ཁོང་གིས་ཐོག་མར་ཟུང་ཆུའི་སྐད་གཉིས་སློབ་གསོའི་ཀྱག་ཀྱོག་གི་འཕེལ་རྒྱས་བརྒྱུད་རིམ་དང་གྲུབ་འབྲས་ཉམས་དགའ་བ་བླངས་པ་ལ་ཕྱིར་རྟོག་བྱས་ཤིང་། དེའི་རྗེས་སུ་དེང་གི་སྐབས་སུ་སྐད་གཉིས་དགེ་རྒན་རྣམས་རང་གི་བྱ་བར་དགའ་ཞེན་ཇི་ལྟར་བྱེད་དགོས་པ་དང་། སློབ་ཁྲིད་དང་སློབ་མ་གསོ་སྐྱོང་ལ་དགའ་ཞེན་ཇི་ལྟར་བྱེད་པ་སོགས་ཀྱི་ཐད་བློ་རྒྱུ་མས་མ་བསྐུམ་པར་བསམ་བློའི་མཛུབ་སྟོན་གནང་། མཇུག་ཏུ། ཁོས་བོད་རིག་པའི་ངོས་ནས་གོ་ལ་ཧྲིལ་བོས་བོད་ཀྱི་རིག་གནས་ལ་མཐོང་ཆེན་དང་། རྒྱུད་འཛིན་དང་དར་སྤེལ་སོགས་ཀྱི་ཐད་ལ་དབྱེ་ཞིབ་ཁ་གསལ་བ་བྱས།

        ཕྱི་དྲོར་ཟུང་ཆུ་རྫོང་བོད་ཡིག་སློབ་འབྲིང་གི་སློབ་གཙོ་ཁྲོ་འབུམ་དང། དམུ་དགེའི་སྟོད་པ་ཡུལ་ཚོའི་ལྟེ་གནས་སློབ་གྲྭའི་དགེ་རྒན་པདྨ་སྐྱིད་སོགས་དགེ་རྒན་17གྱིས་ཁྱིམ་ཚང་དང་སློབ་གྲྭའི་སློབ་གསོ་དང་སློབ་གྲྭའི་དོ་དམ། ལྟ་འཁྲིད་སྦྱོང་གསུམ་གྱི་སློབ་ཁྲིད་བྱེད་ཐབས་ལག་བསྟར་བྱས་པའི་གནས་ཚུལ། འཛིན་གྲྭའི་གཙོ་བདག་གི་བྱ་བ་སོགས་ཀྱི་ཐད་ནས་གཏམ་བཤད་གནང་ཞིང་བསམ་ཚུལ་བརྗེ་རེས་བྱས། 
    ཚེས་3གྱི་སྔ་དྲོར། དགེ་རྒན་ལི་ཞའོ་ལིས་སྐད་གཉིས་དགེ་རྒན་རྣམས་ཀྱིས་སློབ་ཁྲིད་གྲོས་གཞི་ཆུང་ངུའི་རིགས་ཇི་ལྟར་བཟོ་ཚུལ་གྱི་ཐད་ནས་ཆེད་དོན་འཆད་ཁྲིད་གནང་ཞིང་། མཇུག་མཐར། ཟུང་ཆུ་རྫོང་སློབ་གསོ་ཅུས་ཀྱི་ཅུའུ་ཀྲང་གཞོན་པ་ཐེན་པའོ་ཏན་གྱིས་ཐེངས་འདིའི་གསབ་སྦྱོང་ཚོགས་འདུ་ལ་གདེང་འཇོག་ཚད་མཐོན་པོ་གནང་ཞིང་ཟུང་ཆུ་རྫོང་གི་2017ལོའི་སྐད་གཉིས་དགེ་རྒན་གསབ་སྦྱོང་སྐབས་གསུམ་པ་ཡོངས་སུ་མཇུག་རྫོགས་པ་ཁྱབ་བསྒྲགས་བྱས།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1