སྐབས་བརྒྱད་པའི་ཁམས་པའི་རིག་གནས་ཡུལ་སྐོར་སྒྱུ་རྩལ་དུས་ཆེན་དང་ཡུས་ཧྲུའུ་རྟ་རྒྱུག་འགྲན་ཚོགས་འགོ་འཛུགས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 07-25


          སྤྱི་ཟླ་7པའི་ཚེས་25ཉིན། སྐབས་བརྒྱད་པའི་ཁམས་པའི་རིག་གནས་ཡུལ་སྐོར་སྒྱུ་རྩལ་དུས་ཆེན་དང་ཡུས་ཧྲུའུ་རྟ་རྒྱུག་འགྲན་ཚོགས་དེ་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་དུ་འགོ་འཛུགས།

         མཛེས་སྡུག་གི་ཁམས་པ་དང་། རྣམ་པ་གསར་བའི་ཡུས་ཧྲུའུ། ལྗང་མདོག་དང་དྲིན་དྲན། མཉམ་འབྲེལ་འཕེལ་རྒྱས་བཅས་གཙོ་དོན་བྱས་པའི་སྐབས་འདིའི་དུས་ཆེན་ཉིན་4རིང་འཚོགས་རྒྱུ་རེད། ཚོགས་ར་གཙོ་བོ་གཅིག་དང་ཡན་ལག་ཚོགས་ར་ལྔ་ལས་གྲུབ་ཅིང་། ཚོགས་ར་གཙོ་བོ་ནི་ཡུས་ཧྲུའུ་ཁུལ་སྐྱེ་རྒུ་གྲོང་རྡལ་བཀྲ་ཤིས་ཁོག་རྟ་རྒྱུག་ར་བ་ཡིན་པ་དང་། ཡན་ལག་ཚོགས་ར་ནི་དཔལ་ཐང་རྩྭ་ཐང་དང་། ཁམས་པ་རིག་གནས་སྒྱུ་རྩལ་ལྟེ་གནས། ས་འགུལ་ཤུལ་བཞག་རྗེས་དྲན་ཁང་། ཡུས་ཧྲུའུ་དངོས་མང་བཤམ་སྟོན་ཁང་། གེ་སར་རིག་གནས་ལྟེ་གནས་བཅས་སུ་བཙུགས་ཡོད། དུས་ཆེན་གྱི་བྱེད་སྒོ་གཙོ་བོ་ནི་རིག་གནས་ལུས་རྩལ་བྱེད་སྒོ་དང་། ཡུལ་སྐོར་དྲིལ་བསྒྲགས། ཚོང་ལས་སྐོར་གྱི་གྲོས་མོལ། ཁྱད་རྫས་ཐོན་ཁུངས་འགྲེམ་འཚོང་། གནོད་རྗེས་བསྐྱར་བསྐྲུན་གྱི་གྲུབ་འབྲས་འགྲེམ་སྟོན་སོགས་ཀྱིས་གྲུབ་ཡོད།

མིག་སྔའི་བར་དུ། སྐབས་འདིའི་དུས་ཆེན་ཐོག་ཏུ་སྐུ་མགྲོན་600ལྷག་གདན་ཞུ་བྱས་ཡོད་པ་དང་། གཙོ་བོ་སྐུ་མགྲོན་བསུ་བའི་མཛད་སྒོ་དང་འགོ་རྩོམ་པའི་མཛད་སྒོ། ཐང་ཆེན་ཞབས་བྲོ། ཡུས་ཧྲུའུ་སྲོལ་རྒྱུན་རྟ་རྒྱུག ཁམས་པའི་ཕོ་རྒོད་དང་མཛེས་མ་དཔྱད་འདེམས་སོགས་ཀྱི་ནང་དོན་འདུས་ཡོད།

       སྐབས་དང་པོའི་ཁམས་པའི་རིག་གནས་སྒྱུ་རྩལ་དུས་ཆེན་དེ་1994ལོར་མཚོ་སྔོན་ཡུས་ཧྲུའུ་དུ་འཚོགས་པ་དང་། སྒྱུ་རྩལ་དུས་ཆེན་འདི་ནི་ཁམས་པ་ས་ཁུལ་གྱི་ཆབ་སྲིད་དང་དཔལ་འབྱོར། རིག་གནས་བཅས་ཕན་ཚུན་བརྗེ་རེས་བྱེད་པའི་སྟེགས་བུ་ཞིག་ཏུ་གྱུར་ཡོད་ལ། 

དཔལ་འབྱོར་རིག་གནས་བརྗེ་རེས་ལ་སྐུལ་འདེད་དང་མི་རིགས་ཕུལ་བྱུང་རིག་གནས་རྒྱུད་འཛིན། མི་རིགས་མཐུན་སྒྲིལ་ལ་ཡར་སྐུལ། ས་ཁོངས་དཔལ་འབྱོར་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་སྤེལ་བཅས་ལ་བྱེད་ནུས་གལ་ཆེན་ཐོན་བཞིན་ཡོད་པས། ཀུན་གྱིས་དོ་སྣང་བྱེད་བཞིན་ཡོད་པའི་ས་ཁོངས་རང་བཞིན་གྱི་སྒྱུ་རྩལ་དུས་ཆེན་ཞིག་ཏུ་གྱུར་ཡོད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1