ཨ་བསོའི་གཏམ་རྒྱུད།

ཁྲག་སྐྱེས། (རྨ་ཆུ་རྫོང) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-15


གཅིག
        ཨ་བསོ་ནི་ཨ་སྐྱ་སྡེ་བའི་ནང་གི་སློབ་ཆེན་པ་གཅིག་པུ་རེད། དེ་ནི་ཨ་བསོ་ལ་མཚོན་ན་ཆེས་དགའ་འོས་པའི་གཟི་བརྗིད་ཅིག་ཡིན། ཡིན་ནའང་ང་ཚོའི་འཛིན་གྲྭའི་ནང་ཁོ་དང་མཐོ་འབྲིང་ནས་མཐར་ཕྱིན་པའི་སློབ་གྲོགས་ཞིག་ཡོད་པ་དེས་བཤད་པ་ལྟར་ན་ཨ་བསོས་དུས་རྒྱུན་རང་ཉིད་སྡེ་བའི་ནང་གི་སློབ་ཆེན་པ་གཅིག་པུ་ཡིན་པར་འཁང་ར་བྱེད་ཀྱིན་འདུག་ཟེར།
        ཨ་བསོའི་མིང་ཆ་ཚང་ལ་བསོད་ནམས་དོན་འགྲུབ་ཟེར་ཞིང་ཁོ་ནི་ཨ་སྐྱ་སྡེ་བའི་ནང་གི་གཅེས་མིང་མེད་པའི་བྱིས་པ་གཅིག་པུ་དེ་ཡིན། ཁོ་སློབ་གྲྭར་འགྲིམ་རྗེས་སྡེ་བ་གཞན་པའི་སློབ་མ་ཚོས་ཨ་སྐྱ་སྡེ་བའི་བསོད་ནམས་དོན་འགྲུབ་ཅེས་པའི་མིང་གི་དོན་བསྡུས་ཏེ་ཨ་བསོད་ཅེས་བོས་ཤིང་། རིམ་བཞིན་ཨ་བསོད་ཅེས་པའི་མིང་གི་རྗེས་འཇུག་ད་ཡང་དོར་ཏེ་ཨ་བསོ་ཞེས་ཤིན་ཏུ་འབོད་བདེ་བར་བཟོས་པས་མིང་དེ་ཁོའི་དངོས་མིང་ལྟ་བུར་ཆགས། རེད་ཡ། ཨ་སྐྱ་སྡེ་བའི་བསོད་ནམས་དོན་འགྲུབ་ཅེས་པ་དེ་དམིགས་བསལ་ངང་ཨ་བསོད་ཅེས་བསྡུ་དོན་ནི་འདི་འདྲ་སྟེ། ཨ་སྐྱ་སྡེ་བ་དང་རྟ་དམར་སྡེ་བ། གཡག་མགོ་སྡེ་བ་བཅས་ནི་གཡུ་མཚོ་ཐང་གི་སྡེ་བ་ཆེ་ཤོས་གསུམ་ཡིན་ཞིང་ཨ་སྐྱ་སྡེ་བ་ནི་གནའ་སྔ་མོ་ནས་འབྱོར་ཕྱུག་ལྡན་ཞིང་དཔའ་ངར་ལྡན་པའི་སྡེ་བ་ཆེན་པོ་ཞིག་ཡིན་པས་སྡེ་བ་གཞན་གཉིས་པོ་དང་བསྡུར་ན་མིང་གྲགས་ཆེ་ཤོས་ཀྱང་ཡིན། ཡིན་ནའང་རིག་གནས་གསར་བརྗེ་ཆེན་པོ་མཇུག་རྫོགས་པའི་རྗེས་ཀྱི་ལོ་ཁ་ཤས་ནས་བཟུང་ཨ་སྐྱ་སྡེ་བ་ནི་སྡེ་བ་གཞན་པ་གཉིས་དང་བསྡུར་ན་ཉམ་ཆུང་ཞིང་འཁོས་ཆུང་བར་གྱུར། དེའི་རྒྱུ་མཚན་གཙོ་བོ་ནི་ཨ་སྐྱ་སྡེ་བ་ལ་ལས་བྱེད་པ་དང་སློབ་ཆེན་པ་གཅིག་ཀྱང་མེད་པས་རེད། དེ་བས་ཨ་བསོ་སློབ་གྲྭར་མངགས་རྗེས་སྡེ་བ་གཞན་པའི་སློབ་མ་ཚོས་ཁོ་ནི་ཨ་སྐྱ་སྡེ་བའི་སློབ་མ་ཐོག་མ་ཡིན་པ་མཚོན་ཆེད་བཟང་བསྟོད་དང་ངན་སྨད་གང་ཡིན་མི་ཤེས་པའི་མིང་འདི་བཏགས་པ་ཡིན་འདུག
        ངས་ཨ་བསོ་ངོ་ཤེས་དུས་ནི་ལོ་ངོ་ཁ་ཤས་གོང་རོལ་གྱི་དབྱར་ཁ་ཞིག་སྟེ་ང་རང་སློབ་ཆེན་དུ་བསླེབས་ནས་ཟླ་ཕྱེད་ཙམ་འགོར་བའི་ཉིན་ཞིག་ཡིན། དེ་དུས་ང་ཚོའི་སློབ་གྲྭའི་རྩོམ་རིག་བགྲོ་གླེང་ཚོགས་པས་ལོ་དེའི་རྩོམ་རིག་བགྲོ་གླེང་ཚོགས་འདུ་ཐོག་མ་འཚོགས་ཤིང་ཚོགས་འདུ་གྲོལ་རྗེས་ཚོགས་མི་གསར་བ་སྡུད་བཞིན་འདུག ཨ་བསོའང་ང་དང་འདྲ་བར་ཚོགས་འདུ་དེའི་སྟེང་དུ་ཞུགས་འདུག་ཅིང་ཚོགས་འདུ་གྲོལ་བའི་རྗེས་སུ་ཁོས་ཚོགས་མི་གསར་བའི་མིང་དང་ཁ་པར་ཨང་གྲངས་འབྲི་སའི་ཤོག་ལྷེབ་དེའི་སྟེང་དུ་རང་ཉིད་ཀྱི་མིང་དང་ཁ་པར་ཨང་གྲངས་བྲིས་སོང་། ཨ་བསོའི་ཕྱིའི་ཆ་བྱད་ནི་གཞན་དང་མི་འདྲ་བར་སྣང་སྟེ། ཁོའི་འཛིང་ཞིང་འཁྱིལ་བའི་སྐྲ་ལོ་དང་རིད་ཅིང་ནག་པའི་ངོ་གདོང་། ཐུང་ལ་དྲང་མོ་མ་ཡིན་པའི་གཟུགས་དབྱིབས་སོགས་ཀྱིས་ངའི་སེམས་སུ་ཐུན་མོང་མ་ཡིན་པའི་སྣང་བརྙན་གསར་བ་ཞིག་བསྐྲུན་བྱུང་། ཨ་བསོ་དང་ངེད་གཉིས་ལ་ཐུན་མོང་གི་དགའ་ཕྱོགས་མང་བོ་འདུག་སྟེ། ཁོའང་ང་ནང་བཞིན་དཔེ་ཀློག་བྱ་རྒྱུར་མོས་ལ་སྙན་ངག་ཐན་ཐུན་རེ་བྲིས་ཏེ་དྲ་ངོས་སུ་ངོམ་སོ་བྱེད་པར་ཤིན་ཏུ་དགའ་བོ་འདུག རྒྱུ་མཚན་དེའི་དབང་གིས་ང་རང་ཁོའི་གྲོགས་པོ་བཟང་བོར་འགྱུར་འདོད་ཤིན་ཏུ་ཆེ་བས་ང་ཚོའི་འཛིན་གྲྭའི་ནང་ཁོ་དང་མཐོ་འབྲིང་གཅིག་ནས་མཐར་ཕྱིན་པའི་སློབ་གྲོགས་དེ་བརྒྱུད་ནས་ཁོའི་སྐད་འཕྲིན་འབྲེལ་ལམ་བཙལ་བ་ཡིན། མ་བགྲོས་རང་མཐུན་གྱི་དགའ་ཕྱོགས་གཅིག་པ་ནི་མི་དང་མིའི་བར་གྱི་འབྲེལ་བ་ཇེ་བཟང་དུ་གཏོང་བྱེད་ཀྱི་བགྲོད་ལམ་ཡག་ཤོས་ཤིག་ཡིན་པ་འདྲ་སྟེ། ངེད་གཉིས་ཀྱིས་ཕན་ཚུན་ངོ་ཤེས་ནས་ཡུན་རིང་བོ་མ་འགོར་བར་འབྲེལ་ཐག་ཇེ་ཉེ་ནས་ཇེ་ཉེར་གྱུར་ཏེ་ཕལ་ཆེར་ཕན་ཚུན་བར་སྨྲ་མི་ཐུབ་པའི་སྐད་ཆ་མེད་ཅིང་ཁྱོད་ཀྱིས་མ་ཟོས་ཚེ་ངས་ཀྱང་མི་བཟའ་ཟེར་བའི་གྲོགས་པོ་བཟང་བོར་ཆགས་སོང་། དུས་རྒྱུན་གཟའ་མཇུག་གམ་སློབ་ཐུན་མེད་པའི་དུས་ཚོད་མང་ཤོས་སུ་ངེད་གཉིས་སློབ་གྲྭའི་ཉེ་འཁོར་གྱི་ཇ་ཁང་ངམ་སློབ་གྲྭ་དང་ཐག་མི་རིང་བའི་སྤྱི་གླིང་ག་གེ་མོར་སོང་ནས་མཉམ་དུ་དཔེ་ཀློག་བྱེད་པའམ། རང་རང་གི་རྩོམ་རིག་ཕྱོགས་ལ་བཟུང་བའི་ལྟ་བ་གང་འདྲ་ཡིན་པ་བརྗོད་པ། རང་ཉིད་ཀྱིས་བྲིས་པའམ་རྩོམ་མཁན་གྲགས་ཆེན་རེའི་སྙན་ཚིག་ཡག་པོ་རེ་སྐད་གསེང་མཐོན་པོས་གྱེར་འདོན་བྱེད་པ། ཡང་ན་གར་ཡོང་ཆ་མེད་ཀྱི་རྩོད་གཞི་རེར་རྩོད་པ་བརྒྱབ་སྟེ་མཚམས་འཇོག་མི་ཤེས་པ་ལྟ་བུར་བྱས་པ་སོགས་ད་ལྟ་ཕྱིར་འདང་བརྒྱབ་ན་ཕྱིར་དྲན་བྱ་རིན་ཡོད་པ་དང་རིན་ཐང་ལྡན་པ་ཞིག་ཏུ་གྱུར་ཡོད།
        “ང་ཁྱོད་ཚོ་དང་གཏན་ནས་མི་འདྲ།”ཨ་བསོས་ཝུ་ཆང་དམ་བེ་གང་གཙང་དག་བྱས་རྗེས་ཤེལ་དམ་གྱིས་ཅོག་ཙེའི་སྟེང་ལ་ཤུགས་ཆེན་པོས་ཐེངས་གཅིག་བརྒྱབ་སྟེ་དེ་ལྟར་བཤད་བྱུང་། འདི་ནི་ངས་ཐེངས་དང་བོར་ཨ་བསོ་དང་མཉམ་དུ་ཆང་འཐུང་དུས་ཨ་བསོས་བཤད་པའི་སྐད་ཆ་ཞིག་སྟེ། ང་ལ་བག་ཆགས་ཟབ་ཤོས་ཀྱི་སྐད་ཆ་ཞིག་ཀྱང་ཡིན། སྤྱིར་མི་ཚང་མར་དགའ་ཕྱོགས་དང་བསམ་ཕྱོགས། ཡུལ་གྱི་དབུལ་ཕྱུག་གི་ཁྱད་པར་སོགས་གཞན་དང་མི་འདྲ་བའི་གནས་མང་བོ་ཡོད་པས་ང་ཁྱོད་ཚོ་དང་མི་འདྲ་ཞེས་པའི་སྐད་ཆ་ཕལ་བ་ཞིག་ལ་ཉམས་འཇོག་དེ་འདྲ་བྱེད་དགོས་དོན་མེད་མོད། ཡིན་ནའང་ཨ་བསོའི་དམར་ནག་ཏུ་གྱུར་པའི་ངོ་གདོང་ལས་སུས་ཀྱང་རྟོགས་མི་ཐུབ་པ་ལྟ་བུའི་སྐྱོ་ཉམས་ཤིག་མངོན་འདུག་པ་ལ་བལྟས་ན་ད་སོ་མའི་སྐད་ཆ་འདིའི་ཕག་ན་དངོས་གནས་ང་ཚོའི་རྩ་བ་ནས་ཤེས་མི་ཐུབ་པའི་དོན་དག་ཅིག་ཡོད་པ་འདྲ། སྐབས་དེར་ཁོའི་ཁ་གཏད་དུ་བསྡད་ཡོད་པའི་ཆང་གྲོགས་ཤིག་གིས་ཀྱང་ཝུ་ཆང་དམ་བེ་གང་གཙང་དག་བྱས་ཏེ་ཤེལ་དམ་གྱིས་ཅོག་ཙེའི་སྟེང་དུ་ཤེད་ཅི་ཡོད་ཀྱིས་ཐེངས་གཅིག་བརྒྱབ་སྟེ་མ་དགའ་བའི་ཉམས་ཀྱིས“ཡ་ཅི་རེད། ཁྱོད་ང་ཚོ་དང་གཏན་ནས་མི་འདྲ་ཟེར་དོན་ཅི་ཡིན། ཁྱོད་ཀྱིས་རང་ཉིད་ཁྱད་དུ་འཕགས་པ་ཞིག་ཡིན་པས་ང་ཁྱོད་ཚོ་དང་མི་འདྲ་ཞེས་ང་ཚོར་དམའ་འབེབ་བྱེད་པ་ཨེ་ཡིན། ཧེ་ཧེ། གྲོགས་པོ། དོན་ངོ་མར་མི་དང་མིའི་བར་ན་བར་ཁྱད་ཆེན་པོ་ཡོད་པ་མ་རེད། ཁྱོད་ཀྱིས་འདི་ལྟར་ཚིག་ཟུར་གཏད་དགོས་དོན་ཡོད་དམ”ཞེས་བཤད་དེ་གམ་གྱི་ཝུ་ཆང་དམ་བེ་གསར་བ་ཞིག་གི་ཁ་ཕྱེས་ཏེ་ཁྲོ་ཉམས་ཀྱིས་ཧུབ་བརྒྱབ་བྱུང་། ངས་ཆང་འཐུང་གཉིས་ཀྱིས་འདི་ལྟར་ཁ་འཛིང་བྱས་ཚེ་བར་འབྱེད་རྒྱུ་ཁག་པོ་རེད་སྙམ་ནས་ཅི་བྱ་གཏོལ་བྲལ་གྱི་ངང་དུ་གནས་པའི་ཚེ་བློ་ཡིད་ལས་འགོངས་པ་ཞིག་ལ་ཨ་བསོས་ཆང་གྲོགས་དེར་བལྟ་ཙམ་ཡང་མི་བྱེད་པར་ཝུ་ཆང་ཤེལ་དམ་ཡར་བཏེགས་ནས་ལག་པས་ཕུར་ཕུར་འགའ་བྱས་ཤིང་། དེ་དང་མཉམ་དུ“ཧུ་ཧུ”ཞེས་ཁོང་དགོད་ཅིག་བྱས་ཏེ་མུ་མཐུད་དུ་ཝུ་ཆང་ལ་ཧུབ་བརྒྱབ་བྱུང་། རྒྱུན་ལྡན་ལྟར་ན་ཆང་འཐུང་གཉིས་ཀྱི་ཚིག་རྩོད་ནི་འདི་འདྲ་ལས་སླ་མོ་ཞིག་བྱས་ནས་མཇུག་བསྡུ་མི་སྲིད་ནའང་དེ་རིང་ཨ་བསོས་ཧ་ཅང་བསམ་ཤེས་ཀྱི་ངང་ནས་ཚིག་ལན་མ་བསློག་པ་ལ་དཔག་ན་ཁོ་ལ་རང་གཅུན་གྱི་ནུས་པ་ཧ་ཅང་གྲིམ་པོ་ཞིག་ཡོད་པ་འདྲ། དེ་མིན་ཚེ་ཁོའི་བཤད་པའི“ང་ཁྱོད་ཚོ་དང་གཏན་ནས་མི་འདྲ”ཞེས་པའི་སྐད་ཆ་འདིའི་ནང་དུ་ཚིག་གཅིག་གཉིས་ཞིག་གིས་བཤད་མི་ཐུབ་པའི་སྐད་ཆ་མང་བོ་ཞིག་ཡོད་པས་ཁོས་ཆང་གྲོགས་དེ་ལ་གསལ་བཤད་བྱ་མ་འདོད་པ་རེད། གང་ལྟར་ཁོས་སྣང་དོགས་མེད་པའི་ལན་བསློག་དེས་ངས་ཁོས་བཤད་པའི“ང་ཁྱོད་ཚོ་དང་གཏན་ནས་མི་འདྲ”ཞེས་པའི་སྐད་ཆ་དེ་ནི་སྤྱིར་བཏང་གི་སྙིང་བོ་དབེན་པའི་བཟི་བཤད་དང་ཁྲམ་བཤད་ཅིག་མིན་པ་གསལ་བོར་ཤེས་སོང་། ཉིན་དེ་ནི་ང་སློབ་ཆེན་ལ་བསླེབས་རྗེས་ཐེངས་དང་བོ་ཨ་བསོ་དང་མཉམ་དུ་ཆང་འཐུང་བར་སོང་བ་ཡིན་ལ། དེ་ནས་བཟུང་ངས་ཨ་བསོ་ལ་གཞན་དང་མི་འདྲ་བའི་དོ་སྣང་དང་རྒྱུས་ལོན་བྱ་རྒྱུའི་འདུན་པ་དྲག་པོ་ཞིག་སྐྱེས་བྱུང་།
        རྗེས་སུ་ངས་ཨ་བསོ་ལ“ཁྱོད་ཀྱིས་རང་ཉིད་མི་གཞན་དང་མི་འདྲ་ཞེས་བཤད་པར་ནང་དོན་གཞན་ཡོད་དམ”ཞེས་དྲིས་པར་ཁོས་ངོ་གདོང་ལ་གཟབ་ནན་གྱི་ཉམས་ཤིག་མངོན་ཏེ“ལོས་ཡོད། དེ་ནི་ངའི་ཕྲག་པ་ན་ཁྱེད་ཚོ་དང་མི་འདྲ་བའི་ཁུར་བོ་ཆེན་པོ་ཞིག་ཡོད་པས་ཡིན”ཟེར། སྐབས་དེར་ངས་ཁོས་བཤད་པའི“ཁུར་བོ”ཞེས་པ་ནི་ཡང་སྙིང་ཅི་ཞིག་ཡིན་པ་ཤེས་མ་སོང་ལ་མུ་མཐུད་དུ་ཁོ་ལ་གཏིང་འདྲིའང་མ་བྱས།
        ལོ་གཅིག་གི་དུས་ཚོད་ནི་དངོས་གནས་ཐུང་ཐུང་ཞིག་རེད། ན་ནིང་གསར་དུ་སློབ་ཆེན་ལ་འབྱོར་བའི་ང་ཚོ་ཡང་བསྐྱར་དབྱར་ཟླ་གསར་བ་ཞིག་གི་མཛེས་སྡུག་ལ་མིག་ཟུང་ཤོར་བའི་དགའ་སྤྲོས་རབ་ཏུ་བཟི་ཞིང་། ལྷག་པར་དུ་སློབ་སྐབས་འདིའི་མཇུག་རྒྱུགས་ཚང་མ་བླངས་ཚར་ཏེ་དབྱར་གནང་གཏོང་བའི་དུས་ལ་བསླེབས་པ་ཡིན་པས་སློབ་གྲོགས་ཚང་མས་རང་གིས་དབྱར་གནང་གི་དུས་ཚོད་བེད་སྤྱད་དེ་ས་ཆ་གང་ཞིག་ལ་ལྟ་སྐོར་དུ་ཆས་རྒྱུ་ཡིན་ཚུལ་དང་དོན་དག་གང་འདྲ་ཞིག་བསྒྲུབ་རྒྱུའི་འཆར་གཞི་ཡོད་ཚུལ་སོགས་བཤད་ནས་འུར་འུར་ཟང་ཟིང་དུ་གྱུར། ངས་ཀྱང་གློག་ཀླད་སོགས་རང་ལ་དབྱར་གནང་སྐབས་སུ་མཁོ་གལ་ཆེ་བའི་ཉེར་མཁོའི་ཅ་དངོས་འགའ་དང་། ཉེ་སྔོན་དཔེ་མཛོད་ཁང་ཞིག་ནས་བླུས་པའི་སྒྲུང་གཏམ་དང་སྙན་ངག་སྐོར་གྱི་དཔེ་དེབ་ཁ་ཤས་ཡོད་པ་རྒྱབ་ཁུག་ནང་དུ་བཅུག་ཏེ་གྲ་སྒྲིག་ཚགས་པོར་བྱས། ཅུང་ཙམ་འགོར་རྗེས་གློ་བུར་དུ་ཡིད་ལ་ཨ་བསོར་དབྱར་གནང་སྐབས་སུ་འཆར་གཞི་ཅི་འདྲ་ཞིག་ཡོད་དམ་སྙམ་སྟེ་ཁོའི་མལ་ཁང་དུ་ཕྱིན་པ་ཡིན། “ཨ་རོགས་ཨ་བསོ། ཁྱོད་ལ་དབྱར་གནང་སྐབས་སུ་འཆར་གཞི་ཅི་ཞིག་ཡོད་དམ།”ངས་ཨ་བསོ་མལ་ཁྲིའི་སྒང་ལ་བུད་དེ་དཔེ་དེབ་འགའ་བསྡུ་གསོག་རྒྱག་གིན་པ་ལ་བལྟས་ཏེ་དེ་ལྟར་དྲིས། “ང་། ང་ཡུལ་ལ་ལོག་རྒྱུ།”ཁོས་དཔེ་དེབ་འགའ་འགྱིག་ཤོག་སེར་པོ་ཞིག་གི་ཁུད་དུ་གཅུད་རྗེས་རྒྱབ་ཁུག་ནང་འཇུག་ཞོར་ལན་བཏབ་བྱུང་། “འབྲོག་ས་ཨེ”ངས་ཁོས་བཤད་པའི་ཡུལ་ཞེས་པ་དེ་གང་ཞིག་ལ་གོ་དགོས་མ་ཤེས་པར་སླར་ཡང་དེ་ལྟར་དྲིས། “འོ་ལེ། ང་ཚོའི་སྡེ་བར་ལས་བྱེད་པ་གཅིག་ཀྱང་མེད་པས་ཁྱོད་ཚོ་དང་འདྲ་བར་རྫོང་དང་ཡུལ་ཚོའི་ཐོག་ན་འགྲོ་ས་འདུག་ས་ཞིག་ག་ལ་ཡོད། ”ཁོའི་ལན་དེས་ང་རང་རེ་ཞིག་ཧད་དགོས་པ་བྱས་སོང་། ཡིད་ཙམ་འགོར་རྗེས་ངས་ཡང་བསྐྱར་ཁོ་ལ“དེ་ན་ཁྱོད་ཀྱིས་རྫོང་ཐོག་ནས་ཁང་བ་ཞིག་གླས་ནས་བསྡད་ན་མི་ཆོག་གམ། ང་ཚོའི་སློབ་གྲོགས་མང་བོ་ཞིག་གིས་རྫོང་ཐོག་དང་གྲོང་ཁྱེར་སོགས་སུ་ཁང་བ་གླས་ཏེ་ཞོར་ལས་རྒྱག་གྲབས་འདུག་ལ། དེ་ལྟར་བྱས་ན་ཡུལ་དུ་ལོག་ནས་དཀའ་ལས་མྱོང་མི་དགོས་པར་མ་ཟད་ཡོང་འབབ་ཉུང་ཙམ་ཡང་གསོག་ཐུབ་པ་མ་ཡིན་ནམ”ཞེས་དྲི་བ་དང་བསམ་འཆར་གང་ཡིན་མི་ཤེས་པ་ཞིག་བཤད། ཁོས་ཕལ་ཆེར་ཅ་ལག་དག་བསྡུ་གསོག་བརྒྱབ་ཚར་སོང་བ་འདྲ་སྟེ། ཉལ་གོས་དང་མལ་གདན་གཉིས་དྲིལ་བུར་བྱས་ཏེ་ཐོག་ལ་རས་སྨུག་པོ་ཞིག་བཀབ་རྗེས་རྒྱབ་ཁུག་དེའི་སྟེང་དུ་བཞག་ཅིང་། དེ་རྗེས་ལག་པ་སྦྲུགས་སྦྲུགས་ཙམ་བྱས་ཏེ་མཆོང་ཐེངས་གཅིག་གིས་ས་ལ་བབས་ཏེ་ང་ལ་ལན་བཏབ་བྱུང་། “ང་ཁྱོད་ཚོ་དང་གཏན་ནས་འདྲ་བ་མ་རེད།”ཁོས་ང་ལ་རྐུབ་སྟེགས་ཆུང་ཆུང་ཞིག་བསྟན་ཏེ་སྟེང་དུ་སྡོད་དགོས་པའི་བརྡ་སྟོན་ཞོར་མུ་མཐུད་དུ་བཤད་རྒྱུར། “ང་ཆུང་དུས་ནས་དབྱར་གནང་དགུན་གནང་སྐབས་སུ་ཡུལ་ལ་ལོག་ལོབས་བྱས་པས་གློར་བུར་དུ་ཡུལ་ལ་མ་སོང་ན་ཕ་མ་གཉིས་གས་སེམས་ཁུར་བྱས་ཡོང་ཞིང་ང་རང་ཉིད་ཀྱང་དབྱར་གནང་དགུན་གནང་གི་དུས་ཚོད་བེད་སྤྱད་དེ་ཕ་མ་གཉིས་པོ་དང་མཉམ་དུ་སྡོད་རྒྱུར་ཤིན་ཏུ་དགའ་བོ་ཡོད། ཡང་གཅིག་བཤད་ན་ཡུལ་ནི་གྲོང་ཁྱེར་དང་མི་འདྲ་བར་ཁ་པར་བརྡ་རྟགས་དང་སྐུད་མེད་དྲ་བ་སོགས་མེད་པས་ཧ་ཅང་ནན་ཏན་གྱི་ངང་ནས་དཔེ་ཀློག་བྱེད་ཐུབ། ངས་སློབ་གྲྭའི་ནང་ནས་ཟླ་བ་བཞི་ཡི་རིང་ལ་དཔེ་དེབ་གཅིག་གཉིས་རེ་ལས་ཀློག་ཐུབ་ཀྱིན་མེད་ནའང་ཡུལ་ལ་ལོག་རྗེས་ཟླ་བ་གཅིག་གི་ནང་དུ་དཔེ་དེབ་ལྔ་དྲུག་རེ་བཀླགས་ཚར་གྱིན་ཡོད། དཔེ་ཀློག་གི་གྲུབ་འབྲས་ཀྱང་སློབ་གྲྭའི་ནང་དང་བསྡུར་ན་ལྡབ་འགྱུར་གྱིས་བཟང་བར་འདུག དེར་མ་ཟད་དབྱར་གནང་དང་དགུན་གནང་གི་སྐབས་སུ་ཕ་མ་གཉིས་ལ་ཕྱུགས་འཚོ་བ་སོགས་ལས་ཀ་ལས་རོགས་རེ་བྱེད་ཐུབ་ན་སློབ་གྲྭའི་ནང་དང་གྲོང་ཁྱེར་ནས་སྦྱོང་མི་ཐུབ་པའི་ཤེས་བྱ་སྣ་མང་ཞིག་སྦྱོང་ནུས་ཤིང་། དེ་དག་ལས་ཀྱང་གལ་འགངས་ཆེ་བའི་ཕ་ཡུལ་གྱི་ཡུལ་མི་རྣམས་ཀྱི་དྭངས་གཙང་ལྷད་མ་གོས་པའི་སེམས་གཤིས་དང་ཞི་འཇམ་གཞུང་དྲང་གི་མི་གཤིས་ལ་བློ་སྦྱོང་མི་དམན་པ་བྱེད་ཐུབ་པས་དེའི་ཡན་གྱི་དོན་དག་གལ་ཆེན་དང་དོན་སྙིང་ཅན་ཞིག་གང་ན་ཡོད། ད་དུང་དེས་ག་ལ་ཚད། ཁྱོད་ཀྱིས་དྲ་ངོས་སོགས་སུ་གྲོང་ཁྱེར་ཆེན་པོ་དག་གི་ལས་བྱེད་པ་དང་ཚོང་བ་རྣམས་བྱ་བའི་བྲེལ་འཚུབ་ཀྱི་དབང་གིས་ལོ་ཁ་ཤས་རེའི་ནང་དུ་ཕ་མ་གཉིས་ལ་ཐེངས་གཅིག་ཀྱང་བལྟ་རུ་འགྲོ་ཐུབ་ཀྱིན་མེད་ཚུལ་གོ་ཐོས་མ་བྱུང་ངམ། ངས་བསམ་ན་རྗེས་ཕྱོགས་ང་ཚོའང་བྱ་བའི་དབང་གིས་དུས་ལྟར་དུ་ཕ་མར་སྐོར་བ་རྒྱག་ཏུ་འགྲོ་མི་ཐུབ་པས་ད་བར་གྱི་གོ་སྐབས་འདི་འདྲ་དམ་འཛིན་བྱས་ན་མི་ལེགས་སམ”ཞེས་བཤད། ཨ་བསོའི་གོ་རིམ་ཚང་ཞིང་ནང་དོན་ཟབ་པའི་ལན་དེས་ང་རང་རེ་ཞིག་སྨྲ་མེད་དུ་བཏང་སོང་། ཁོའི་བྱང་ཆ་དོད་པའི་ལན་འདེབས་སྟངས་དེ་ལ་དཔག་ན་སྔ་མོ་ནས་དོན་དག་དེ་ཚོར་བསམ་གཞིག་གྲ་དག་པོ་བྱས་ཡོད་པ་རྟོགས་ཐུབ། དོན་ངོ་མར་བཤད་ན་ང་རང་འབྲོག་ཕྲུག་ཅིག་ཡིན་པར་མ་ཟད་སྦྲ་གུར་དང་ནོར་ལུག་གིས་བཀང་བའི་སྤང་ལྗོངས་བླ་ལྷག་གིས་དགའ་མོས་ཡོད་མཁན་ཞིག་ཡིན་ནའང་ཆུང་དུས་ནས་རྫོང་མཁར་ནས་འཚར་ལོངས་བྱུང་རྐྱེན་བྱེ་བྲག་ཏུ་གྱུར་པའི་འབྲོག་མིའི་འཚོ་བ་ལ་ཆ་རྒྱུས་ཆེན་པོ་མེད། དེ་བས་ཁོས་བཤད་པའི་གནས་ཚུལ་ལ་ལར་གོ་བ་དེ་ཙམ་ལོན་གྱིན་མི་འདུག འོན་ཏེ་ཁོས་བཤད་པའི“རྗེས་ཕྱོགས་ང་ཚོའང་བྱ་བའི་དབང་གིས་དུས་ལྟར་དུ་ཕ་མར་སྐོར་བ་རྒྱག་ཏུ་འགྲོ་མི་ཐུབ་པས་ད་བར་གྱི་གོ་སྐབས་འདི་འདྲ་དམ་འཛིན་བྱས་ན་མི་ལེགས་སམ”ཞེས་པའི་སྐད་ཆ་དེ་ནི་ང་ལ་མཚོན་ན་གོ་རྒྱུ་ཆེན་པོ་ཡོད་པ་ཞིག་སྟེ། ང་ད་བར་དུ་སློབ་གྲྭ་འགྲིམ་ནས་འོངས་ནའང་གནད་དོན་འདིའི་ཕྱོགས་ལ་བསམ་གཞིག་ཙམ་ཡང་བཏང་མ་མྱོང་ཞིང་ཕལ་ཆེར་སློབ་མ་གཞན་མང་ཤས་ཀྱིས་ཀྱང་བསམ་གཞིག་གཏོང་གིན་མེད་པ་འདྲ། དེར་མ་ཟད་དགེ་རྒན་ཚོས་ཀྱང་འདིའི་ཕྱོགས་སུ་བསམ་གཞིག་ཅི་ཡང་མ་བཏང་བ་འདྲ་སྟེ། ནམ་རྒྱུན་དབྱར་གནང་དང་དགུན་གནང་གི་དུས་ཚོད་རྣམས་སུ་དགེ་རྒན་ཚོས་ང་ཚོར་གོང་གསེང་གི་དུས་ཚོད་བེད་སྤྱད་དེ་ས་ཆ་གང་འདྲ་ཞིག་ལ་སོང་ནས་སློབ་སྦྱོང་བྱས་ན་བཟང་རབས་དང་ས་ཆ་གང་འདྲ་ཞིག་ལ་སོང་སྟེ་ཞོར་ལས་བསྒྲུབས་ན་ལེགས་ཚུལ་སོགས་བཤད་པ་ལས་ཕྱིར་ཡུལ་དུ་ལོག་ནས་ཕ་མ་ལ་རོགས་རམ་བྱོས་ཞེས་དང་ཕ་ཡུལ་གྱི་རིན་ཐང་ཆེ་བའི་རིག་གནས་རྣམས་ལ་སྦྱོང་བ་གྱིས་ཟེར་བ་ཞིག་གནའ་ནས་ད་བར་དུ་རྣ་ཐོས་ཙམ་ཡང་བྱུང་མ་མྱོང་། སྤྱིར་ཞོར་ལས་སོགས་སུ་སོང་ནའང་སློབ་གྲྭའི་ནང་སྦྱོང་མི་ཐུབ་པའི་སྤྱི་ཚོགས་ཤེས་བྱ་དང་ཉམས་མྱོང་མང་བོ་སློབ་ཐུབ་མོད། ཡིན་ནའང་ང་ཚོ་མང་ཆེ་ཤོས་ནི་རྗེས་ཕྱོགས་གྲོང་ཁྱེར་དུ་བྱ་བ་སྒྲུབ་མཁན་དང་ཁྱིམ་གཞིས་འཛིན་མཁན་ཡིན་པས་གྲོང་ཁྱེར་གྱི་སྤྱི་ཚོགས་ཤེས་བྱ་དང་བསྡུར་ན་ཕ་ཡུལ་གྱི་རིན་ཐང་ཆེ་བའི་སེམས་ཁམས་ཤེས་བྱ་དང་འཚོ་གནས་སྙིང་སྟོབས། འཚོ་བའི་ལག་ཤེས་སོགས་སྦྱོང་བའི་དགོས་གལ་ཆེ་བར་འདུག་སྙམ། ངའི་སེམས་སུ་དེ་ལྟར་ཤར་ནའང་རྗེས་སུ་ངས་དེ་ལྟར་ལག་ལེན་དུ་འབེབ་ཐུབ་མ་སོང་།
        ཉིན་དེའི་ཕྱི་ཉིན་ནས་བཟུང་ཨ་བསོ་ཁོ་རང་ཉིད་ཀྱི་འཆར་གཞི་ལྟར་ཕ་ཡུལ་དུ་ལོག་ཞིང་ངའང་རང་ཉིད་ཀྱི་འཆར་གཞི་ལྟར་ཕ་ཡུལ་དུ་ལོག་པ་ཡིན།
གཉིས།
        ལོ་ཟླ་ནི་དངོས་གནས་སྡོང་ལོའི་སྟེང་དུ་བཀོད་པའི་བརྙན་རིས་བཞིན་དུས་ཚིགས་རེ་རེའི་འགྱུར་ལྡོག་དང་བསྟུན་ཏེ་འགྱུར་ལྡོག་འབྱུང་ཞིང་། རླུང་ཆེན་དང་རླུང་ཆུང་གི་རྒྱུ་ཕྱོགས་དང་བསྟུན་ཏེ་གཡོ་ཞིང་སྐྱོམས། ཡང་ན་ལོ་ཟླ་ནི་ཨ་ཕའི་དཔྲལ་བའི་གཉེར་མ་དང་འདྲ་བར་སྔར་མེད་པ་ཞིག་གསར་དུ་བྱུང་ཞིང་། སྔར་ཡོད་པ་རེ་འགའ་གཞི་ནས་མེད་པར་གྱུར་འགྲོ། ལོ་ཟླ་ནི་འདུ་ཞིང་བྲལ་ལ་བྲལ་ཞིང་འཛོམས་པའི་འདུ་བྲལ་གྱི་ཕྲེང་ཐག་རིང་བོ་ཞིག་དང་ཡང་ཤིན་ཏུ་འདྲ་སྟེ། ཨ་བསོ་དང་ངེད་གཉིས་ཁ་ཁར་གྱེས་ཏེ་ལོ་ངོ་དྲུག་འདས་རྗེས་དེ་རིང་སླར་ཡང་གཡུ་མཚོ་ཐང་གི་ཨ་སྐྱ་སྡེ་བ་སྟེ་བདག་གི་བརྩེ་བའི་སློབ་གྲོགས་ཨ་བསོའི་ཕ་ཡུལ་ནས་ལྷན་འཛོམས་བྱུང་སོང་། སློབ་ཆེན་མཐར་ཕྱིན་རྗེས་ངས་ནི་རང་ཉིད་ཀྱི་དགའ་ཕྱོགས་ལྟར་གྲོང་ཁྱེར་གྱི་དཔེ་སྐྲུན་ཁང་ཞིག་ཏུ་ལས་ཞུགས་བྱ་ཐུབ་སོང་ཞིང་ང་ཚོའི་སློབ་གྲོགས་མང་བོ་ཞིག་གིས་ཀྱང་གྲོང་ཁྱེར་དུ་རང་རང་ལ་འཚམ་པའི་ལས་ཀ་རེ་བཙལ་ནས་འཚོ་བ་རོལ་བཞིན་མཆིས། ཡིན་ནའང་ཨ་བསོ་ནི་ང་ཚོ་དང་མི་འདྲ་བར་སློབ་མཐར་ཕྱིན་མ་ཐག་གྲོང་ཁྱེར་གྱི་ལས་ཁུངས་ཁ་ཤས་ཀྱི་གདན་ཞུས་བྱས་པ་དང་ལེན་མ་བྱས་པར་ཕྱིར་གཡུ་མཚོ་ཐང་དུ་ཆས་སོང་། ངས་ཨ་བསོ་ལ“ཁྱོད་ཀྱིས་འདི་འདྲའི་གོ་སྐབས་ལེགས་པོ་རེ་དམ་འཛིན་མི་བྱེད་པར་ཕྱིར་སྤང་ཐང་དུ་ལོག་ན་ལོ་འདི་དག་གི་རིང་སློབ་གྲྭ་འགྲིམ་པ་དོན་མེད་དུ་བཏང་བ་མ་ཡིན་ནམ”ཞེས་བཤད་ཀྱང་ཁོས་ལན་དུ“ངའི་ཕྲག་ཏུ་ཁུར་བོ་ལྕི་མོ་ཞིག་ཡོད། ཁུར་བོ་དེ་གྲོང་ཁྱེར་ནས་འདེགས་ཐབས་མི་འདུག”ཅེས་བཤད་བྱུང་། ད་ནི་ངས་གཞི་ནས་ཁོས་བཤད་པའི“ཁུར་བོ”ཞེས་པའི་དོན་གསལ་བོར་ཤེས་ཡོད། དེ་ནི་རང་གི་ཕ་ཡུལ་གྱི་བྱིས་པ་ཚོར་རིག་གནས་སྦྱོང་སའི་སློབ་གྲྭ་ཞིག་འཛུགས་རྒྱུ་དེ་རེད། སློབ་གྲྭའི་ནང་དུ་ཡོང་དུས་སུ་ཁོས་དུས་རྒྱུན་དུ་རང་ཉིད་ནི་སྡེ་བའི་ནང་གི་སློབ་ཆེན་པ་གཅིག་པུ་ཡིན་ཞིང་ཁོ་ཚོའི་སྡེ་བ་རྫོང་མཁར་དང་ཐག་རིང་ལ་འགྲིམ་འགྲུལ་སྟབས་བདེ་མིན་པར་མ་ཟད་རྒན་པོ་ཁ་ཤས་ཀྱིས་རང་ལྟ་མཁྲེགས་འཛིན་གྱིས་བྱིས་པ་རྣམས་སློབ་གྲྭར་མི་སྐྱེལ་བས་ཧ་ཅང་རྗེས་ལུས་ཡིན་ཚུལ་ལབ་མྱོང་ནའང་ངས་ཁོས་རང་གི་ཕ་ཡུལ་དུ་སློབ་གྲྭ་ཞིག་གསར་འཛུགས་བྱེད་སྲིད་པ་ཡིད་ལའང་ཤར་མ་མྱོང་།
        ལོ་ངོ་གསུམ་ཙམ་གྱི་རིང་ལ་ཁོས་རང་ཉིད་ཀྱི་འབད་པ་ལ་བརྟེན་ནས་ཨ་སྐྱ་སྡེ་བའི་ནང་དུ་སློབ་གྲྭ་ཞིག་བཙུགས་ཡོད་པ་ངས་ཉིན་འགའི་སྔོན་དུ་ད་གཟོད་ཤེས་པ་ཡིན། ང་རང་གཡུ་མཚོ་ཐང་དུ་ཡོང་དོན་ནི་དཔེ་སྐྲུན་ཁང་གིས་གཞི་རིམ་གྱི་སློབ་གསོའི་གནས་ཚུལ་དང་འབྲེལ་བའི་དཔེ་དེབ་ཞིག་སྒྲིག་པའི་རྒྱུ་ཆ་འཚོལ་སྡུད་བྱེད་དུ་ཡོང་བ་ཡིན་ཞིང་། དཔེ་སྐྲུན་ཁང་གིས་སྔ་མོ་ནས་གཡུ་མཚོ་ཐང་དུ་ངའི་སློབ་གྲོགས་ཀྱིས་སློབ་གྲྭ་ཞིག་བཙུགས་ཡོད་པ་ཤེས་ཡོད་པས་ཐེངས་འདིར་ཆེད་དུ་ང་རང་ས་ཆ་འདིར་བཀོད་སྒྲིག་བྱས་པ་རེད། ཨ་ཤུ་རེ། སློབ་མཐར་ཕྱིན་པ་ནས་བཟུང་རང་རང་གི་བྱ་བའི་བྲེལ་འཚུབ་ཀྱི་རྐྱེན་ཀྱིས་ཕན་ཚུན་བར་འབྲེལ་གཏུག་ཅི་ཡང་བྱེད་མ་ཐུབ་པས་ཐ་ན་རང་གི་སློབ་གྲོགས་ཀྱི་གནས་ཚུལ་ཀྱང་གཞན་གྱི་ངག་ནས་ཐོས་པ་ཡིན་པས་ངོ་གནོང་དགོས་པ་ཞིག་རེད་ཨང་།
        གཡུ་མཚོ་ཐང་ནི་དངོས་གནས་གཡུ་ཡི་མཚོ་མོ་ཐང་ལ་ལྷུང་འདྲ་ཞིག་སྟེ། ཕྱོགས་བཞི་ཐམས་ཅད་མུ་མཐའ་མེད་པའི་སྤང་ལྗོངས་ཀྱིས་བསྐོར་ཡོད་ཅིང་བྱང་ཕྱོགས་ཀྱི་གནམ་ས་འདྲེས་མཚམས་སུ་མཐོ་དམའ་མི་མཉམ་པའི་གངས་རིའི་ཕྲེང་ཚོགས་ཤིག་མིག་ལམ་དུ་རྒྱུ་བའང་དེ་འདྲའི་མཛེས་སྡུག་ལྡན་པ་ཞིག་ཏུ་སྣང་། གཡུ་མཚོ་ཐང་དུ་ཆེ་རྒྱུ་མེད་ལ་ཆུང་རྒྱུའང་མེད་པའི་ཆུ་བོ་གཉིས་ཡོད་པ་ནི་ས་དེ་གའི་མི་ཕྱུགས་ཀུན་གྱི་འཐུང་ཆུ་ཡིན་ཞིང་། ཆུ་བོ་དེ་གཉིས་ཉིན་མཚན་དབྱེ་བ་མེད་པར་ཕན་ཚུན་འགྲན་རེས་ཀྱི་ཚུལ་གྱིས་སྟོད་ཀྱི་གངས་རི་ནས་སྨད་ཀྱི་གཡུ་མཚོ་ཐང་དུ་སླེབས་ཤིང་། དེ་ནས་ཀྱང་མུ་མཐུད་དུ་མདུན་ནས་མདུན་དུ་སྐྱོད་བཞིན་པ་ནི་མི་རྣམས་ལ་རང་ཉིད་ཀྱི་ཕུགས་འདུན་དང་འཚོ་གནས་ཀྱི་དོན་དུ་བརྩོན་པ་ཆུ་བོའི་རྒྱུན་བཞིན་སྐྱོངས་ཤིག་ཨང་ཞེས་ཡང་ཡང་སྐུལ་མ་བྱེད་པ་དང་ཀུན་ནས་མཚུངས། གཡུ་མཚོ་ཐང་ནི་ཆ་སྙོམས་མཐོ་ཚད་མཚོ་ངོས་ལས་སྨི་བཞི་སྟོང་ལས་བརྒལ་བའི་མཐོ་སྒང་དུ་ཆགས་ཡོད་པས་ས་ཞིང་འདེབས་པར་མི་འཚམ། དེ་བས་དེ་ནི་འབྲོག་ལས་རྐྱང་རྐྱང་གཉེར་བའི་ས་ཆ་ཞིག་ཡིན་ཞིང་། ནམ་མཁའི་སྐར་ཚོགས་ཐང་ལ་ལྷུང་འདྲའི་ལུག་ཁྱུ་དང་ཀླུ་ཡི་འབྱོར་ཕྱུག་ས་ལ་འཕོས་འདྲའི་རྟ་ཁྱུ་དང་ནོར་ཁྱུ་ནི་གཡུ་མཚོ་ཐང་གི་འཚོ་བའི་རྟེན་ས་དང་མཛེས་པའི་རྒྱན་ཆ་རུ་གྱུར་ཡོད།
        ང་ཚོ་གཡུ་མཚོ་ཐང་དུ་སླེབས་དུས་ས་སྲོས་ཤིག་ཡིན་ཞིང་ལམ་ཁ་རུ་གཡུ་མཚོ་ཐང་གི་སྡེ་བ་སོ་སོའི་ཕྱུགས་རྫི་རྣམས་ཀྱིས་ཕྱུགས་ཟོག་ལྷས་འདབས་སུ་དེད་ནས་ཐོན་ཡོད་པས་མི་ཁྱི་ཀུན་བྲེལ་བྲེལ་འཚུབ་འཚུབ་ཀྱི་འདུ་འཛི་ཞིག་གི་ཀློང་དུ་སིམ་ཟིན། འབྲོག་ཁྱིམ་རེ་རེའི་སྦྲའི་ཁ་ཚུབ་ལས་དུ་བ་སྔོ་ལམ་མེ་བ་རེ་དལ་གྱི་མཁའ་རུ་རྒྱུ་ཞིང་། དེ་ནས་རླུང་བུའི་རྒྱུ་ཕྱོགས་དང་བསྟུན་ཏེ་རིམ་བཞིན་མཁའ་དབྱིངས་སུ་སྨུག་པ་སྲབ་མོའི་ཚུལ་དུ་འཐིབས་པས་ལྟ་བས་ཆོག་མི་ཤེས་པ་ཞིག་ཏུ་འདུག ང་ཚོ་གཡུ་མཚོ་ཐང་གི་ཨ་སྐྱ་སྡེ་བའི་སློབ་ཆུང་དུ་འབྱོར་མ་ཐག་ངའི་མིག་ལམ་དུ་མངོན་ཡོང་བ་ནི་སྡེ་དཔོན་དང་ཨ་བསོ་གཙོ་བྱས་པའི་སྡེ་བའི་སློབ་ཆུང་གི་དགེ་རྒན་རེ་འགས་ལག་ཏུ་ཁ་བཏགས་རེ་བཟུང་ནས་སྔ་མོ་ནས་ང་ཚོ་བསུ་བར་གྲ་སྒྲིག་བྱས་ཡོད་པའི་རྣམ་པ་དེ་རེད། སྐབས་དེར་ངའི་བསམ་པར་ང་ཚོ་ལྟ་བུའི་རྩོམ་སྒྲིག་པ་ཆུང་ཆུང་འགའ་ལ་འདི་འདྲའི་དགའ་བསུ་ཚད་ཆེན་པོ་བྱས་པ་ནི་དངོས་གནས་འོས་འཚམ་ཞིག་མིན་པར་སྙམ་པས་སེམས་སུ་ཅུང་ཟད་དོགས་མི་བདེ་བའི་སྣང་བ་ཞིག་སྐྱེས་བྱུང་། ང་རང་རླངས་འཁོར་ནས་བབས་རྗེས་མྱུར་དུ་ཨ་བསོའི་གམ་ལ་བརྒྱུགས་ཏེ་ཁོ་ལ་འཚམས་འདྲི་ཞུས་པ་ཡིན། ཨ་བསོས་ཀྱང་ང་མཐོང་མ་ཐག་དགའ་སྤྲོ་ཆེན་པོས“སློབ་གྲོགས་བཟང་བོ་ཁྱེད་ཕེབས་པར་དགའ་བསུ་ཞུ”ཞེས་བཤད་དེ་ངའི་ལག་པར་དམ་པོར་འཇུས་སོང་། སློབ་མཐར་ཕྱིན་རྗེས་ལོ་ངོ་གསུམ་ཙམ་ལ་ཕན་ཚུན་ངོ་མ་ཐུག་པས་ཨ་བསོའི་ཕྱིའི་ཆ་བྱད་ལ་དངོས་གནས་འགྱུར་ལྡོག་ཆེན་པོ་བྱུང་ཡོད་དེ། སྔོན་ཆད་ཀྱི་ནག་ཅིང་སྐམ་པའི་ངོ་གདོང་ལ་སྨ་ར་སྟུག་པོ་སྐྱེས་ཡོད་ཅིང་སྔོན་ལྟར་སྐམ་ཞིང་རིད་པ་ཞིག་ཀྱང་མ་རེད། དེར་མ་ཟད་ཁོའི་མགོའི་སྐྲ་ལོ་དེའང་རིང་བོར་བཞག་སྟེ་ཕྲག་སྟེང་དང་སོག་པར་ཁེབས་པར་བྱས་ཡོད་པས་བལྟས་མ་ཐག་ཏུ་གླུ་གཞས་སྒྱུར་རྩལ་བ་རེ་འགའི་ཆ་བྱད་དང་མཚུངས་པར་འདུག འོན་ཀྱང་ཁོའི་གདོང་ལ་ལོ་ཟླས་ཕབ་པའམ་བྱ་བའི་དཀའ་ངལ་གྱིས་བཟོས་པ་གང་ཡིན་མི་ཤེས་པའི་གཉེར་རིས་འགའ་བབས་འདུག་པ་ནི་ཅིས་ཀྱང་སློབ་མཐར་ཕྱིན་ནས་ལོ་ངོ་གསུམ་ཙམ་གྱི་དུས་ཡུན་ནང་ཡོང་དགོས་པ་ཞིག་མིན་མོད། ད་ནི་གཉེར་རིས་དེ་དག་ཨ་བསོའི་དཔྲལ་བའི་ངོས་སུ་ཆུ་ཡི་རླབས་རིས་ལྟར་ཆགས་ཏེ་གཏན་དུ་འགྲོ་རྒྱུ་མིན་པའི་བཟོ་ལྟ་སྟོན་བཞིན་མཆིས། ལོ་ཟླའི་གདུག་རྩུབ་དང་སྒྱུ་འཕྲུལ་ཅི་ཙམ་རྒོད་ནའང་ཨ་བསོའི་ཕྱིའི་ཆ་བྱད་དང་ནང་གི་སེམས་གཤིས་གཉིས་བྲག་རྡོའི་ངོས་སུ་བཀོད་པའི་རི་མོ་ཇི་བཞིན་ངའི་སེམས་པའི་གཏིང་ལ་ཟུག་ཡོད་པས་ངས་མིག་གིས་བལྟ་ཐེངས་གཅིག་གིས་ཁོ་ནི་ངའི་སློབ་ཆེན་སྐབས་ཀྱི་འདང་བརྩེ་ཟབ་པའི་སློབ་གྲོགས་ཨ་བསོ་ཡིན་པ་ཤེས་སོང་། ཁོས་ཀྱང་ངའི་མགོ་ནས་རྐང་བའི་བར་ཐེངས་གཅིག་བལྟས་རྗེས“དངོས་གནས་འགྱུར་ལྡོག་ཆེན་པོ་བྱུང་འདུག ཁ་སང་ནས་རྫོང་སློབ་གསོ་ཅུའུ་ནས་ཁྱེད་ཚོ་ཡོང་རྒྱུ་རེད་ཅེས་མ་བཤད་ཚེ་ངས་ཕལ་ཆེར་ཁྱོད་ངོ་མི་ཟིན་པ་འདྲ”ཞེས་ཟེར། ལོ་ངོ་གསུམ། ལོ་ངོ་གསུམ་གྱི་ཡུན་ལ་ང་ཚོར་དངོས་གནས་འགྱུར་ལྡོག་ཆེན་པོ་བྱུང་ཡོད། ང་ཚོ་ལོ་ངོ་གསུམ་གྱི་གོང་རོལ་གྱི་སློབ་མ་དེ་དག་དང་ཡེ་ནས་མི་འདྲ་བར་རང་རང་གི་ཁྱིམ་གཞིས་དང་རང་རང་གི་ལས་ཀ་རེ་ཕྲག་ཏུ་བླངས་ཡོད་ཅིང་། ལོ་ངོ་གསུམ་གྱི་གོང་རོལ་གྱི་སློབ་མ་དེ་དག་དང་མི་འདྲ་བར་རྒྱ་ཆེ་བའི་ཕུགས་བསམ་དང་རེ་འདུན་གླེང་རྒྱུའང་ཇེ་ཉུང་ནས་ཇེ་ཉུང་དུ་གྱུར་ཡོད། ལོ་ངོ་གསུམ་ནི་འདི་འདྲའི་རིང་བོ་ཞིག་རེད། ཡིན་ནའང་ཨ་བསོ་ལ་མཚོན་ན་ལོ་ངོ་གསུམ་གྱི་དུས་ཚོད་ནི་གློག་དམར་འཁྱུག་པ་ཇི་བཞིན་སྐད་ཅིག་ཉིད་དུ་འདས་སོང་ཞིང་། དེའི་ཡུན་དུ་ཁོས་དཀའ་མོའི་ཚེགས་དང་དཀོན་མོའི་རྒྱུ་ལ་བརྟེན་ནས་རང་སྡེ་བའི་ནང་དུ་བྱིས་པ་རྣམས་ལ་རིག་གནས་སྦྱངས་སའི་སློབ་གྲྭ་ཞིག་བཙུགས་ཡོད། ལོ་ངོ་གསུམ་ནི་ང་ཚོ་ལྟ་བུའི་མི་ནུས་མེད་ཚོ་ལ་མཚོན་ན་ཤིན་ཏུ་རིང་སྣང་སྐྱེ་ནའང་ཨ་བསོ་ལྟ་བུའི་མི་ཕུགས་འདུན་དང་ལ་རྒྱ་ཅན་ཞིག་ལ་མཚོན་ན་ཟླ་བ་གསུམ་མམ་ཉིན་གསུམ་ལྟར་ཤིན་ཏུ་ཐུང་བར་སྣང་།
        ཅ་ལག་རྣམས་སློབ་གྲྭས་བཀོད་སྒྲིག་བྱས་པའི་སྡོད་ཁང་གི་ནང་དུ་བཞག་ཚར་རྗེས་ཨ་བསོས་ང་ཚོ་གསོལ་སྟོན་བཤམ་ཡོད་པའི་ཁང་མིག་ཅིག་གི་ནང་དུ་ཁྲིད་སོང་། ཨ་སྐྱ་སྡེ་བ་ཆེ་རྒྱུ་མེད་ནའང་སློབ་གྲྭའི་ཉེ་འཁོར་དུ་ཡུལ་སྐོར་བ་སྣེ་ལེན་བྱེད་སའི་སྤྲོ་གསེང་ཁང་དང་མགྲོན་ཁང་ཁ་ཤས་ཡོད་པ་ཤིན་ཏུ་བརྗིད་ཉམས་ལྡན་པར་འདུག ང་ཚོ་ཁང་མིག་དེའི་ནང་དུ་འཛུལ་མ་ཐག་མིག་མདུན་དུ་སྡེ་དཔོན་དང་སྡེ་བའི་དགེ་རྒན་འགས་ཟས་སྣ་སྣ་ཚོགས་བཤམས་ཡོད་པའི་ཅོག་ཙེ་སྒོར་མོ་ཞིག་གི་མཐར་བསྡད་དེ་ང་ཚོར་སྒུགས་ཡོད། ཅོག་ཙེ་སྒོར་མོ་དེའི་དཀྱིལ་དུ་ཆང་རག་དམ་བེ་འགའ་བཞག་ཡོད་པའི་དེའི་མཐའ་འཁོར་དུ་ཤ་མོག་བསྲེགས་མ་དང་ཆུ་བཙོས་ཤ་མོག ཤ་པ་ལི། ལུག་གི་རྩིབས་ཤ་བཙོས་མ། ཤ་བརྔོས་མ། གཡོས་དང་རྒྱུ་མ་བཙོས་མ་སོགས་ཤ་རིགས་གཙོར་བྱས་པའི་འབྲོག་པའི་ཁྱད་ཆོས་ལྡན་པའི་ཟས་རིགས་སྣ་ཚོགས་བསྒྲིགས་ཡོད་པས་མཐོང་མ་ཐག་ཏུ་བཟའ་འདོད་ཀྱི་འགྲམ་ཆུ་བཞུར་ཡོང་བ་ཞིག་རེད། ང་ཚོ་བསླེབས་པ་མཐོང་འཕྲལ་སྡེ་དཔོན་དང་སློབ་གྲྭའི་དགེ་རྒན་དེ་དག་མྱུར་སྟབས་ཀྱི་ཡར་ལངས་ཏེ་ཤིན་ཏུ་གུས་ཉམས་ཀྱིས་ང་ཚོར་གྲལ་མགོར་སྡོད་དགོས་ཚུལ་གྱི་ལག་བརྡ་བསྟན་པས་ང་ཚོས་ཁོ་ཚོའི་བཀོད་སྒྲིག་ལ་བརྩི་འཇོག་བྱེད་ཆེད་གྲལ་མགོ་ནས་ཙོག་པ་ཡིན། ཚང་མ་རང་རང་གི་འདུག་གནས་སུ་བསྡད་རྗེས་སྡེ་དཔོན་གྱིས་ཁ་བཏགས་དཀར་བོ་ཞིག་ཡར་བཏེགས་ནས་འདི་ལྟར་བཤད་བྱུང་། “ཡ་ཐོག་མར་ངས་འདི་ནས་ཁྱེད་ཅག་ས་ཐག་རིང་བོའི་དཀའ་ཚེགས་ལ་མ་འཛེམ་པར་ང་ཚོའི་སྡེ་བར་ཕེབས་པར་སྙིང་ཐག་པ་ནས་དགའ་བསུ་ཞུ། དགོས་སུ་ང་ཚོའི་སྡེ་བའི་སློབ་ཆུང་འདི་ལ་མཐོང་ཆེན་དང་དོ་ཁུར་བྱས་པར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུས་པ་ཡིན།”སྡེ་དཔོན་ཕྱིར་ནུར་ཙམ་བྱས་རྗེས་མུ་མཐུད་དུ།“ང་ཚོའི་སྡེ་བ་འདི་ལ་མཚོན་ན་སྔོན་ཆད་ས་གཡུ་མཚོ་ཐང་ཟེར་ན་བོས་ན་མིང་དང་བགོས་ན་སྐལ་ཅན་ཞིག་ཡིན་པས་ས་གཡུ་མཚོའི་སྟེང་གི་སྡེ་བ་གཞན་ཚང་མས་དཀར་དཀར་སོ་ཕྲེང་འཛུམ་ས་དང་ནག་ནག་མགོ་ཡིས་བཀུར་ས་དེ་ཅི་ལ་མིན། འོན་ཀྱང་ཉེ་བའི་ལོ་འགའི་རིང་དང་ལྷག་པར་དུ་རྒད་པོ་ངའི་རིང་ལ་རིག་གནས་ཤེས་བྱ་རིན་པོ་ཆེ་འདིའི་རིན་ཐང་མ་ཤེས། གོང་གི་འགོ་ཁྲིད་ཤེས་རྒྱ་ཅན་ཚོའི་ཁ་ཏ་ལ་མ་ཉན་པར། ཡ། མཐའ་མཇུག་སེམས་ཅན་གྱིས་མཐོང་ན་མཆུ་སྟོན་བྱེད་ས། གོང་དཔོན་པོས་མཐོང་རུང་མ་མཐོང་ཁུལ་བྱེད་ས་ཞིག་ཏུ་གྱུར་ཡོད་པ་འདི། ཡ། དྲང་མོར་བཤད་ན་རྒད་པོ་ང་མ་ལན་པ་གཅིག་ཀྱང་མེད”ཅེས་སྡེ་དཔོན་གྱིས་ལག་གི་ཁ་བཏགས་ཡར་འདེགས་ཙམ་བྱས་ཤིང་སྐད་མགོ་ཅུང་ཟད་ཆེ་རུ་བཏང་ནས“ཡིན་ན་ཡང་། ཞི་ལུ་དྲིན་ཆེན་ཨ་བསོའི་བཀའ་དྲིན་ལ་ང་ཚོའི་སྡེ་བ་འདིར་སྐྱིད་ཀྱི་ཉི་མ་ཤར་ནས་འཛུམ་སྟེ་སྡུག་གི་མུན་པ་ནུབ་ནས་ཡལ་སོང་བ་རེད། ཡ། ཁོར་མཚོན་ན་ང་ཚོའི་སྡེ་བའི་སློབ་གྲྭར་འགྲིམ་མྱོང་བའི་སློབ་མ་ཐོག་མ་དེ་ཡིན་པར་མ་ཟད་ང་ཚོའི་སྡེ་བའི་སློབ་ཆེན་མཐར་ཕྱིན་པ་ཐོག་མའང་ཡིན། དྲང་མོར་བཤད་ན་སྔོན་ཆད་ཁོང་གི་ཕ་རྒན་གྱིས་ཨ་བསོ་སློབ་གྲྭར་མངགས་པ་ལ་ང་རང་ཡིད་འཐད་བྱུང་མེད་མོད་རྗེས་སུ་ངས་རང་ཉིད་ཀྱིས་རང་ལྟ་མཁྲེགས་འཛིན་དང་གཡག་སྣ་ཁ་ཚུར་བྱས་ཡོད་པ་གསལ་བོར་ཤེས་སོང་། ཡ། ཞི་ལུ་དྲིན་ཆེན་ཁོང་གིས་དཀའ་མོའི་ཚེགས་དང་དཀོན་མོ་རྒྱུ་ལ་མ་འཛེམ་པར་མིད་ཐག་རིལ་རིལ་དང་མཆུ་ཏོ་ར་ར་བྱས་ཏེ་ང་ཚོར་སློབ་གསོ་དང་གོ་བརྡ་སྤྲད་མེད་ཚེ། ཡ། ད་སྐད་ཆ་མང་ན་ཉོག་འགྲོ། སྐུད་པ་ཕྲ་ན་ཆད་འགྲོ་བས་བརྒྱ་བཤད་ཚིག་གི་རྩ་བ་དང་སྟོང་བསྲིབས་འོ་མའི་མར་ལོ་ནི་ཞི་ལུ་དྲིན་ཆེན་འདིའི་བཀའ་དྲིན་དང་གཅིག ཁྱེད་གོང་རིམ་གྱི་ལས་བྱེད་པ་རྣམས་ཀྱི་རྒྱབ་སྐྱོར་དང་གཉིས། འདི་གཉིས་པོའི་བཀའ་དྲིན་ནི་ང་ཚོ་ཨ་སྐྱ་སྡེ་བའི་རྒན་མགོ་དཀར་མན་ཆད་དང་གཞོན་སོ་དཀར་ཡན་ཆད་ཚང་མས་ནམ་ཡིན་ཡང་བརྗེད་མི་སྲིད་ཅེས་བཤད་འདོད་པ་དེ་ཡིན། ཡ། དེ་རིང་ངས་འདི་ནས་མི་ཤེས་རྒན་པོས་འཆོལ་བཤད་ཅིག་བྱས་ཏེ་འདིར་བཞུགས་ཚོའི་ཐུགས་དགོངས་སུན་པོ་བཟོས་ཡོད་ན་རྒད་པོ་ངས་ཁྱེད་ཚོར་དགོངས་དག་ཞུས་པ་ཡིན”ཞེས་བཤད་དེ་ལག་གི་ཁ་བཏགས་དཀར་བོ་དེ་མདུན་ཅོག་དཀྱིལ་གྱི་ཆང་རག་བསྒྲིགས་ཡོད་པའི་སྟེང་དུ་བཟོ་ཡག་པོར་བལྟེབས་ཏེ་བཞག་ཅིང་། དེའི་འཕྲོར་ང་ཚོར་ཟོ་ཟོ་འཐུང་འཐུང་གིས་མགྲོན་བསུ་ཡིད་ཚིམས་པ་ཞིག་བྱས་བྱུང་། ཁོང་གིས་སྐད་ཆ་བཤད་སྐབས་བར་བར་དུ“ཡ”སྒྲ་རེ་ཐོན་པ་ནི་ཕལ་ཆེར་གོམས་ལོབས་སུ་སོང་ཡོད་པ་ཞིག་ཏུ་སྣང་ཞིང་། ངའི་བསམ་པར་དེ་ནི་ཨ་ཁུ་སྡེ་དཔོན་གྱི་སྐད་ཆར་བརྗིད་ཉམས་འདོན་བྱེད་ཀྱི་རྒྱན་སྤྲོས་ཡག་པོ་ཞིག་ཀྱང་རེད་སྙམ་བྱུང་། ཡངས་པའི་སྤང་ཐང་ནས་འཚར་ལོངས་བྱུང་བའི་སྡེ་དཔོན་དེ་ནི་ཕར་བལྟས་ཚོད་ལ་ལོ་དྲུག་ཅུ་ཡས་མས་ཞིག་ཡིན་ལ། གཟུགས་པོ་རྒྱགས་ཤིང་ཐུང་བར་མ་ཟད་ངོ་གདོང་ནག་ལ་སྣུམས་ཤིག་གེར་འདུག དཀར་ནག་འདྲེས་མའི་སྐྲ་ལོ་དེ་ཙམ་རིང་རྒྱུ་མི་འདུག་ནའང་སྐྲ་འཁྱིལ་ཏེ་འཇུ་ལུ་བབས་ཡོད་པས་རྫོངས་སྟུག་པའི་སྣང་བ་ཞིག་སྟེར། ཁོའི་སྐེ་ལ་ཚི་དྲེགས་ཀྱིས་ཟིན་པའི་མདུད་པ་མང་བོ་ཞིག་བཏགས་ཡོད་ལ་ལག་ཏུ་བགྲང་ནས་ཟད་པོར་གྱུར་པའི་བ་སོའི་ཕྲེང་བ་ཞིག་བཟུང་ཡོད་པ་དེ་ནི་ཟ་མ་ཟ་ཞོར་དང་སྐད་ཆ་བཤད་ཞོར་གང་ལའང་ཕལ་ཆེར་ལག་ནས་མི་འབྲལ་བས་ཁོང་ནི་ཆོས་དད་ཆེ་ཞིང་གཞུང་རྒྱུད་དྲང་བའི་གནའ་མི་ལྷད་མེད་པ་ཞིག་ཡིན་པ་གསལ་བོར་ཤེས་ཐུབ།
        གསོལ་ཚིགས་གྲོལ་རྗེས་ང་དང་ཨ་བསོ་གཉིས་སློབ་གྲྭའི་གཡས་ཕྱོགས་སུ་དེ་ཙམ་མཐོ་རྒྱུ་མེད་ནའང་གཡུ་མཚོ་སྤང་ཐང་གི་རུ་སྡེ་མང་ཆེ་ཤོས་མཐོང་ཐུབ་པའི་དེའུ་འབུར་ཞིག་ཡོད་པ་དེའི་ཐོག་ལ་བུད་དེ་ཁ་བརྡ་བྱས་པ་ཡིན། གསོལ་ཚིགས་སྟེང་ནས་ཆང་རག་ཅུང་ཟད་འཐུང་ཡོད་པས་ཡིན་ནམ། ངའི་མཐོང་སྣང་ལ་ཨ་བསོའི་ངོ་གདོང་ཅུང་ཟད་དམར་པོར་གྱུར་ཡོད་ལ་གོམ་འགྲོས་ཀྱང་འཁྱར་འཁྱོར་དུ་གྱུར་འདུག དབྱར་ཟླ་འབྲིང་བོའི་གཡུ་མཚོ་ཐང་ནི་མེ་ཏོག་དང་སྤང་ལྗང་གིས་ཡོངས་སུ་བརྒྱན་ཏེ་བཅུ་དྲུག་ལང་ཚོ་དར་ལ་བབས་པའི་གཞོན་ནུ་མ་ཞིག་གི་མཛེས་པའི་ཆ་བྱད་དང་ཡོངས་སུ་མཚུངས་པས་གྲོང་ཁྱེར་ནས་ཡུན་རིང་འཚོ་བ་བསྐྱལ་བའི་ང་རང་ལ་གློ་བུར་དུ་སེམས་སུ་སྨྲ་མི་ཤེས་པའི་དྲོད་ཁོལ་ཅིག་གནང་བྱུང་། དེ་ནི་ཕལ་ཆེར་ངས་ཀྱང་གཡུ་མཚོ་ཐང་དང་འདྲ་བའི་མཐོ་སྒང་གི་སྤང་ཐང་ཆེན་པོ་ཞིག་ནས་མི་ཚེའི་ངུ་དབྱངས་ཐོག་མ་བསྒྲགས་པས་ཡིན་རྒྱུ་རེད། ཆ་སྙོམས་ས་བབས་མཐོ་ཚད་མཚོ་ངོས་ལས་སྨི་བཞི་སྟོང་བརྒལ་བའི་མཚོ་བོད་མཐོ་སྒང་གི་འབྲོག་ཐང་འདི་རུ་ད་དུང་གྲང་ངར་ཆེ་ཚམ་གདའ་བས་ངས་རང་གི་གཡས་ལག་གིས་དཔུང་བ་གཡོན་པ་དང་གཡོན་ལག་གི་དཔུང་བ་གཡས་པ་བསྡམས་ནས་དྲོད་བསྡུ་ཐབས་བྱས།
        “ཨ་ཙི། དངོས་གནས་རྒྱ་མིའི་བཟོ་ལྟ་ཆགས་འདུག འོ་ཞོ་མར་ཕྱུར་གྱིས་གསོས་པའི་འབྲོག་ཕྲུག་ཅིག་གིས་གྲང་ངར་འདི་ཙམ་ཡང་བཟོད་མི་ནུས་སམ།”ཨ་བསོ་ཅུང་ཟད་བཟི་འདུག་པས་ཡིན་མིན་མི་ཤེས་མོད། ཁོའི་ཟུར་ཟ་དང་དོན་དངོས་འདྲེས་པའི་སྐད་ཆ་འདིས་ངའི་སེམས་སུ་གར་འོངས་མི་ཤེས་པའི་ན་ཟུག་ཅིག་སྦྱིན་བྱུང་། “ཧེ་ཧེ། ”ང་དེ་ལྟར་ཨུ་ཚུགས་ཀྱིས་ལན་གཅིག་བགད་དེ་ཁོའི་སྐད་ཆར་ལན་སློག་ཐབས་བྱས། དོན་ངོ་མར་ང་ལ་སྐད་ཆ་གཞན་པ་ཅི་ཡང་བཤད་རྒྱུ་མི་འདུག་སྟེ། ཆུང་དུས་སུ་ང་ཡང་ཨ་བསོ་དང་འདྲ་བར་འབྲོག་ས་འབྲོག་ཡུལ་ནས་འཚར་ལོངས་བྱུང་བ་ཡིན་ཞིང་ངའི་ཕ་མ་ཡང་ཨ་བསོའི་ཕ་མ་དང་འདྲ་བར འབྲོག་ལས་རྐྱང་རྐྱང་གཉེར་བཞིན་པའི་འབྲོག་མི་རྣལ་མ་རེ་ཡིན། འོན་ཀྱང་ངས་ཨ་བསོ་ནང་བཞིན་རང་གི་ཕ་ཡུལ་གྱི་རིག་གནས་ལ་མཐོང་ཆེན་མ་བྱས་པར་སློབ་གྲྭས་གོང་གསེང་གཏོང་ཐེངས་རེར་ཁ་གཡོར་ས་གང་མང་བཙལ་ཏེ་འབྲོག་ས་རུ་འགྲོ་མི་དགོས་ཐབས་བྱས། དེ་དུས་ངའི་སྣང་ངོར་འབྲོག་མི་ནི་ཕྱུགས་ཟོག་འཚོ་སྐྱོང་མ་གཏོགས་ཅི་ཡང་མི་ཤེས་པའི་བླུན་པོ་བླུན་ནག་སྐོར་ཞིག་ཏུ་འདོད་ཡོད་པས་འབྲོག་པ་དང་ཁ་ཐག་བཀྱེད་ཅི་ཐུབ་བྱས་ཏེ་གྲོང་ཁྱེར་གྱི་འཚོ་བ་དང་ཐག་ཇེ་ཉེ་ནས་ཇེ་ཉེར་བཏང་། ད་ལྟ་ཕྱིར་འདང་ཞིག་བརྒྱབ་ན་སྐབས་དེ་དུས་ངས་ནོར་འཕྱུག་ཆེན་པོ་ཞིག་བཟོས་ཟིན། མི་སུ་དང་གང་ཞིག་ཡིན་ནའང་རང་གི་ཕ་མེས་ཡང་མེས་ ནས་བརྒྱུད་ཡོང་བའི་རིག་གནས་ཤེས་བྱ་རྣམས་ལ་མཐོང་ཆུང་དང་དམའ་འབེབ་བྱས་ཚེ་རང་ཉིད་མི་ཡི་གྲལ་མཐའ་རུ་འཕེན་པ་ཙམ་ལས་ཅི་ཡང་མི་འདུག་སྟེ། ནམ་ཞིག་རྒྱ་མིན་བོད་མིན་གྱི་ཡ་མ་གཟུགས་ཀྱི་རིགས་སུ་གྱུར་དུས་གཞན་གྱིས་ཀུ་རེའི་ཚུལ་དུ“ཁྱོད་རང་རྒྱ་མིར་གྱུར་འདུག”ཅེས་བཤད་ནའང་རང་གི་མཚང་ལ་ཕོག་སྟེ་སེམས་ཁམས་མི་བདེ་བ་ཞིག་ཏུ་གྱུར་འགྲོ་བ་ནི་དེ་རིང་ང་རང་གིས་དངོས་སུ་མྱོང་ཚོར་བྱས་སོང་། སྐབས་དེར་ཨ་བསོས་ལག་པ་གཡས་པས་རང་གི་མདུན་ཕྱོགས་ཀྱི་མུ་མཐའ་མི་མངོན་པའི་གཡུ་མཚོ་ཐང་སྟོན་ཙམ་བྱས་ཏེ་སྐད་མགོ་མཐོན་པོས“ང་ནི་སྤང་ཐང་ནས་སྐྱེས་ཤིང་སྤང་ཐང་ནས་འཚར་ལོངས་བྱུང་ཞིང་། སྤང་ཐང་དང་གྱེས་རྗེས་སླར་ཡང་སྤང་ཐང་ལ་ལོག་པའི་རྟ་མཆོག་རྒོད་པོ་ཞིག་ཡིན། ང་ནི་སྤང་ཐང་གི་ནམ་མཁའ་དང་ས་གཞི་ལ་སིམ་ཆོག་པའི་བར་སྣང་གི་བྱ་གླག་རྒོད་པོ་དེ་ཡིན”ཞེས་ཟེར། ཁོའི་སྐད་ཆ་དེས་ང་རང་ཕྱིར་དྲན་གྱི་ཀློང་དུ་བསྐྱལ་བྱུང་། ངེད་གཉིས་སློབ་ཆེན་ནང་དུ་ཡོད་དུས་མཚམས་རེར་གྲོང་ཁྱེར་གྱི་སྤྱི་གླིང་ངམ་སློབ་གྲྭའི་ནང་གི་མིས་བཟོས་སྤང་ཐང་ཐོག་ཏུ་སོང་ནས་རང་རང་གི་སེམས་ལ་ཤར་ཚོད་ཀྱི་སྙན་ཚིག་གམ་ཚོར་སྣང་གང་རུང་རེ་སྐད་མཐོན་པོས་གྱེར་སྒྲོགས་བྱེད་པ་ཡིན། གྲོང་ཁྱེར་གྱི་གུ་དོག་པའི་ཁང་བརྩེགས་དང་གཞུང་ལམ་སྣོལ་མའི་དྲ་བ་ལས་རེ་ཞིག་ཐར་ཏེ་བག་ཡངས་པོས་མགྲིན་པ་གཟེངས་སུ་བཏེགས་ནས་གླུ་ལེན་པའམ་སྙན་ཚིག་གྱེར་བ་སོགས་བྱེད་པ་ནི་དེ་དུས་སུ་སློབ་སྦྱོང་གི་གནོན་ཤུགས་དང་ཕ་ཡུལ་དྲན་པའི་སྐྱོ་གདོང་སེལ་བྱེད་ཀྱི་ཐབས་ཤེས་མཆོག་ཏུ་གྱུར་པ་ཞིག་རེད། དྲང་མོར་བཤད་ན་ང་རང་ཨ་བསོ་ལ་ཡིད་སྨོན་འཆོར་བར་འདུག དེའི་རྒྱུ་མཚན་གཙོ་བོ་ནི་ཁོ་དངོས་གནས་ཁོ་རང་གིས་བཤད་པ་ལྟར་སྤང་ཐང་དང་གྱེས་རྗེས་སླར་ཡང་སྤང་ཐང་གི་པང་དུ་ལོག་ཅིང་། རང་གི་མ་ཡུམ་སྤང་ཐང་གི་སློབ་གསོའི་ལས་དོན་དང་མ་འོངས་པའི་མདུན་ལྗོངས་ཀྱི་ཆེད་དུ་གྲོང་ཁྱེར་གྱི་ཟང་ཟིང་འུར་འུར་དག་བློས་བཏང་སྟེ་རང་གི་ཕུགས་འདུན་དང་རྨི་ལམ་མངོན་འགྱུར་བྱས་ཡོད་པའི་ཁ་བཤད་དོན་གནས་ཀྱི་མི་སྣ་རླབས་ཆེན་ཞིག་ཡིན་པའི་རྐྱེན་གྱིས་ཡིན། ང་དང་ང་འདྲ་བའི་གྲོང་ཁྱེར་གྱི་ལས་གནས་ག་གེ་མོར་འགོ་ཁྲིད་ལ་མགོ་གུས་གུས་དང་གཉའ་སྒུར་སྒུར་བྱས་ཏེ་རང་གཅིག་པུའི་འཚོ་གནས་ཀྱི་ཆེད་དུ་གཞན་གྱི་བྲན་གཡོག་ལྟ་བུར་གྱུར་ཡོད་པ་ཚོ་ནི་ཁོ་དང་གཏན་ནས་བསྡུར་ཐབས་མི་འདུག་སྟེ། བལྟས་ཚོད་དུ་ང་ཚོའི་འཚོ་བའི་ཆ་རྐྱེན་དང་རྣམ་པ་ཚང་མ་ཨ་བསོ་ལས་བཟང་བར་སྣང་མོད་ཀྱང་། དོན་དུ་ང་ཚོ་ནི་ནམ་ཡང་གཞན་གྱི་མདུན་ཐད་དུ་བཤམས་པའི་ཚོང་རྫས་སམ་གྱོན་གོས་ཞིག་དང་འདྲ་བར་ཕྱི་ཚུལ་གྱི་རྣམ་པ་རྫིག་པོ་དེ་ལས་ཅི་ཡང་མེད་ལ། ནམ་ཡང་གཞན་གྱི་དཔྱད་བརྗོད་དང་གདེང་འཇོག་རྐྱང་རྐྱང་གི་དོན་དུ་ཉམས་གདོད་པ་དང་རྫི་བག་བྱེད་པ་ལས་རང་ཉིད་ཀྱི་ཆེད་དུ་གསོན་ཞིང་འཚོ་མཁན་ནི་ཤིན་ཏུ་ཉུང་ངུ་ཞིག་ལས་ག་ལ་ཡོད། དེ་དང་བསྡུར་ན་ཨ་བསོ་ནི་གཟེབ་ལ་མ་ཚུད་པའི་བྱེའུ་ཞིག་དང་འདྲ་བར་རང་དབང་གི་གཤོག་ཟུང་གང་དགར་རྐྱོང་ཆོག་པས་ཇི་འདྲའི་བདེ་སྐྱིད་ལྡན་པ་ལའང་། ངས་དེ་ལྟར་ཡར་མར་མང་བོ་འདང་བརྒྱབ་ནས་དུས་ཡུན་ཅི་ཙམ་འདས་སོང་བའང་མ་ཤེས་མོད། ཧ་གོ་དུས་ཨ་བསོ་ངའི་གམ་དུ་གན་རྐྱལ་དུ་གཉིད་ཟིན། མཚན་མོ་དེར་ནམ་མཁའ་ན་སྤྲིན་པ་ཕྲ་མོ་ཙམ་ཡང་མེད་པར་གཡའ་དག་པས་སྐར་མའི་ཚོགས་ནི་མུ་ཏིག་གི་ཕྲེང་བ་གནམ་ལ་གཏོར་བ་ལྟར་འོད་ཆེམ་ཆེམ་དུ་ལྟ་ན་སྡུག ནམ་མཁར་ཟླ་བ་ཤར་མེད་ནའང་མིག་མདུན་གྱི་སྐར་མ་སྨེ་བདུན་གྱིས་མཐུན་སྒྲིལ་གྱི་རྡོག་རྩ་གཅིག་ཏུ་བསྒྲིལ་ཏེ་འོད་སྣང་རབ་ཏུ་འགྱེད་པས་སྐར་ཚོགས་གཞན་པ་ཐམས་ཅད་དེ་དག་དང་བསྡུར་ན་ལྟོས་བཅས་ཀྱི་མོག་པོར་སྣང་། ངས་དེ་ལྟར་ནམ་མཁའ་ལ་ལྟ་ཞོར་ལག་པ་གཉིས་མགོ་ལྟག་ཏུ་སྔས་འབོལ་གྱི་ཚུལ་གྱིས་བཞག་ཏེ་ཨ་བསོའི་འགྲམ་དུ་གན་རྐྱལ་དུ་ལོག་སྟེ་སྐར་མ་སྨེ་བདུན་ལ་བལྟས། ཕར་བལྟས་ཚོད་ལ་སྐར་མ་སྨེ་བདུན་སྔོན་ཆད་སུ་ཞིག་གིས་བཙན་གྱིས་གཏོར་སོང་བ་དང་འདྲ་བར་སྐར་མ་རྡོག་གསུམ་གྲུ་བཞིའི་དབྱིབས་ཀྱི་སྐར་མ་རྡོག་བཞི་དང་ཅུང་ཟད་གྱེས་ཏེ་དེ་དག་གི་གོང་ཕྱོགས་སུ་འདུག དེ་ལྟ་ན་ཡང་སྐར་མ་དེ་གསུམ་ཟླ་གམ་དབྱིབས་ཀྱིས་ནང་དུ་གུག་སྟེ་འབད་བརྩོན་ལྷོད་མེད་ཀྱིས་འོག་ཕྱོགས་ཀྱི་སྐར་མ་རྡོག་བཞི་བོ་དང་ལྷན་འཛོམས་ཡོང་ཅི་ཐུབ་གང་ཐུབ་བྱེད་ཀྱིན་མཆིས། ཁོ་ཚོས་རྡོག་རྩ་གཅིག་སྒྲིལ་གྱིས་འོད་སྣང་འགྱེད་པས་མཐའ་འཁོར་གྱི་སྐར་མ་གཞན་དག་རེ་ཞིག་ངོ་གནོང་སྟེ་ཡིད་སྨོན་ཤོར་བའི་མིག་ཟུང་འབྱེད་བཙུམ་གྱིས་སྐར་མ་སྨེ་བདུན་གྱི་མཐའ་འཁོར་དུ་ཉམས་ཞན་པར་གྱུར་འདུག འདི་ནི་མཐུན་སྒྲིལ་གྱི་སྟོབས་ཤུགས་མ་ཡིན་ནམ། ང་ཚོས་ཀྱང་མཐུན་སྒྲིལ་གྱི་རྡོག་རྩ་གཅིག་ཏུ་བསྒྲིལ་ཏེ་མི་རིགས་རིག་གནས་ཀྱི་འཕེལ་རྒྱས་ལས་དོན་ཐད་རང་གི་ནུས་ཚོད་ཀྱི་ཤེད་ཤུགས་བཏོན་ན་སྐར་ཚོགས་ཁྲི་འབུམ་གྱི་ཁྲོད་དུ་གཞན་དག་ཟིལ་གྱིས་མནན་པའི་སྐར་མ་སྨེ་བདུན་དང་འདྲ་བར་ཀུན་གྱིས་ཡིད་སྨོན་དང་གོང་བཀུར་བྱེད་ངེས་རེད། ད་ལྟ་བསམ་ན་ཨ་སྐྱ་སྡེ་བ་ནི་སྐར་མ་སྨེ་བདུན་དང་ཤིན་ཏུ་མཚུངས་ཏེ། ཁོ་ཚོས་ཕྱི་ནང་ཟུང་འབྲེལ་དང་རྡོག་རྩ་གཅིག་སྒྲིལ་བྱས་ཏེ་རང་གི་སྡེ་བའི་ནང་དུ་རིག་གནས་ཀྱི་གཤིན་ས་འོད་དང་ལྡན་པ་ཞིག་བསྐྲུན་ཡོད་པ་མ་ཡིན་ནམ། ཡང་གཅིག་བཤད་ན་འདི་ནི་ཨ་བསོའི་བླ་ན་མེད་པའི་ཕུགས་བསམ་གྱི་འབྲས་བུ་ལོས་ཡིན། སྔོན་ཆད་ཨ་བསོས“ང་ཁྱོད་ཚོ་དང་གཏན་ནས་མི་འདྲ”ཞེས་པ་ནི་ངེས་པ་དོན་གྱི་སྐད་ཆ་སྟེ། ང་ཚོ་སུ་ཞིག་གིས་ཀྱང་ཁོ་དང་འདྲ་བར་སློབ་མཐར་ཕྱིན་རྗེས་ཀྱི་ལོ་ངོ་གསུམ་གྱི་ཡུན་ལ་རང་གི་འབད་བརྩོན་ལ་བརྟེན་ནས་བྱིས་པ་རྣམས་ཀྱིས་རིག་གནས་ཤེས་བྱའི་མེ་ཏོག་འཐོག་སའི་སློབ་གྲྭ་ཞིག་ཕར་ཞོག ཐ་ན་རང་གི་འཚོ་བའི་གནད་དོན་ཙམ་ཡང་ཐག་གཅོད་ཐུབ་ཀྱིན་མེད།
ད་ནི་ཕལ་ཆེར་ནམ་གུང་ཟིན་འདུག་པ་འདྲ་སྟེ། གར་འོངས་མི་ཤེས་པའི་རླུང་བུ་ཞིག་གིས་ངའི་ལུས་པོ་ཧྲིལ་བོར་གྲང་རེག་གི་ཚོར་སྣང་ཞིག་སྦྱིན་བྱུང་ཞིང་མཁའ་དབྱིངས་ཀྱི་སྐར་མ་སྨེ་བདུན་གྱིས་བདག་ལ་བསམ་གཞིག་གི་རྒྱགས་ཕྱེ་ཡིད་ཚིམས་པ་ཞིག་གནང་རྗེས་བྱང་ཕྱོགས་ཀྱི་གནམ་ས་འདྲེས་མཚམས་སུ་འོད་ལམ་ལམ་བྱེད་ཀྱིན་ཡོད་པ་ལ་བལྟས་ན་ངེད་ཅག་མི་འགྱང་བར་དེ་གའི་གནམ་སའི་བར་ཧྲག་ལ་འཛུལ་རྒྱུ་ཡིན་པས་རེ་ཞིག་བདེ་མོ་བྱོས་ཞེས་ཟེར་གྱིན་པ་དང་འདྲ། ངས་རང་གི་གམ་གྱི་ཆང་གིས་བཟི་བའམ་གཉིད་ཀྱིས་བཟི་བ་གང་ཡིན་མི་ཤེས་པའི་ཨ་བསོའི་ལག་པ་སྒུལ་སྒུལ་བྱས་ཏེ་ཡར་བསླངས་ཤིང་། ཁོ་དང་མཉམ་དུ་ཕྱིར་སྡོད་གནས་སུ་འགྲོ་བའི་ལམ་ལ་ཞུགས་པ་ཡིན།
        ཕྱི་ཉིན་གནམ་གསལ་མ་ཐག་ངས་སྒྲིག་ཆས་དང་འདྲི་གཞི་རྣམས་གྲ་སྒྲིག་བྱས་ཏེ་ཨ་བསོ་ལ་བཅར་འདྲི་བྱེད་པའི་ལས་ཀར་ཞུགས་པ་ཡིན། ང་རང་ཨ་བསོའི་གཞུང་ལས་ཁང་དུ་བསླེབས་དུས་ཁོ་སྔ་མོ་ནས་སློབ་ཁྲིད་བྱེད་པར་ཆས་ཟིན། ངས་དེ་གའི་དགེ་རྒན་ཞིག་ལ་ཨ་བསོས་སློབ་ཁྲིད་བྱེད་སའི་འཛིན་གྲྭའི་སློབ་ཁང་གར་ཡོད་དྲིས་རྗེས་ཐད་གར་དེར་སོང་། ཁོ་ཚོའི་སྡེ་བའི་སློབ་ཆུང་དེ་ཙམ་ཆེ་རྒྱུ་མེད་ལ་སློབ་ཁང་ཐམས་ཅད་སོ་ཕག་བརྩིགས་པའི་ཐོག་བརྩེགས་གཅིག་ཅན་རྐྱང་རྐྱང་ཡིན་ལ་ཁང་ཀླད་ནི་གྱོ་མོག་དམར་བོ་ཤུར་མ་ཅན་གྱིས་བཀབ་ཡོད། བསྡོམས་པས་ཁང་ཤར་གསུམ་ཡོད་ཅིང་ཁང་ཤར་གཅིག་རེའི་ནང་དུ་ཁང་བ་གྱན་གསུམ་རེ་ཡོད་པ་འདྲ། ཁང་ཤར་རེ་རེའི་མདུན་དུ་ཤེལ་ཁང་རིང་ཤར་རེ་ཡོད་ཅིང་ཐང་དུ་གྱོ་མོག་དམར་བོ་གྲུ་བཞི་རྣམས་བཟོ་ལེགས་པོར་བསྒྲིགས་འདུག དཀྱིལ་གྱི་ཁང་ཤར་དེའི་ནང་གི་ཁང་བ་དཀྱིལ་མ་ནི་དགེ་རྒན་རྣམས་ཀྱི་གཞུང་ལས་ཁང་རེད། དེའི་གཡས་གཡོན་གྱི་ཁང་བ་གཉིས་ཀྱི་སྒོ་གཏན་འདུག་མོད་གཡས་ཕྱོགས་ཀྱི་ཁང་བའི་སྒོར་ལུས་རྩལ་མཁོ་ཆས་ཁང་དང་གཡོན་ཕྱོགས་ཀྱི་ཁང་བའི་སྒོར་ཚོགས་འདུ་ཁང་ཞེས་བོད་ཡིག་གི་མིང་བྱང་གྲ་དག་པོ་ཞིག་བྲིས་ཡོད། ཁང་ཤར་དཀྱིལ་མའི་གཡས་གཡོན་གཉིས་སུ་ཁང་ཤར་གཞན་པ་གཉིས་ཁ་གཏད་དུ་ཡོད་ལ་བར་ཐག་ཡངས་པོ་འདུག ཁང་ཤར་དེ་གསུམ་ག་སོ་ཕག་བརྩིགས་པའི་ར་བ་ཞིག་གིས་སྤྲེལ་ཡོད་པར་མ་ཟད་ར་བ་དེ་ཁང་ཤར་གསུམ་གྱི་འོག་ཕྱོགས་ནས་རྒྱ་ཇེ་ཆེར་བཏང་སྟེ་ལུས་རྩལ་ར་བ་ཆེན་པོ་ཞིག་ཏུ་གྲུབ་ཡོད། ར་བའི་མདུན་ཐད་ན་སློབ་གྲྭའི་སྒོ་ཆེན་ཡོད་ཅིང་སྒོ་ཆེན་གྱི་ཀླད་ངོས་སུ་ལྕགས་སྒོར་མོ་ཆེ་ཆུང་རན་པ་དྲུག་གི་སྟེང་དུ“ཨ་སྐྱ་སྡེ་བའི་སློབ་ཆུང”ཞེས་པའི་ཡིག་འབྲུ་རེ་རེ་བོད་ཡིག་གིས་བྲིས་ཏེ་སྒོར་ཕྱེད་ཀྱི་རྣམ་པས་བསྒྲིགས་ཡོད་པས་རྫིག་ཉམས་ལྡན་པ་ཞིག་རེད། ར་བའི་ནང་ཤིན་ཏུ་ཆེ་ཞིང་རྩྭ་དང་མེ་ཏོག་མང་བོས་གང་འདུག་པའི་སྟེང་དུ་སློབ་མ་རྣམས་ཀྱི་ཞོགས་པའི་རྩལ་སྦྱོང་རྒྱུག་སའི་ས་ལམ་ཞིག་སྒོར་སྒོར་དུ་ཆགས་འདུག དེའི་དཀྱིལ་དུ་རྐང་གྲུག་རྩེད་སའི་ལྕགས་སྒྲོམ་ཆེན་པོ་གཉིས་དང་གཞན་མིང་མི་ཤེས་པའི་རྩལ་སྦྱོང་ཡོ་ཆས་མང་བོ་ཞིག་བཞག་ཡོད། ར་བའི་གཡས་ཕྱོགས་སུ་སླེ་གྲུག་རྩེད་སའི་ལྒང་སྒྲོམ་གཉིས་ཁ་གཏད་དུ་བཞག་ཡོད་ཅིང་དེ་གཉིས་ཀྱི་བར་ལ་རྡོ་ཧྲག་བླུགས་པའི་ཐང་འོས་འཚམ་ཞིག་ཀྱང་བཏང་ཡོད། སློབ་གྲྭའི་དཀྱིལ་དུ་རྡོ་ཁྲི་ཞིག་གི་སྟེང་རྒྱལ་དར་བསྒྲེང་སའི་ལྕགས་མདུང་རིང་བོ་ཞིག་བཞག་པའི་རྩེ་རུ་སྐར་ལྔའི་དར་དམར་ལྷབ་ལྷུབ་དུ་སྐྱོད་ཀྱིན་མཆིས་པས་དངོས་གནས་ཚད་ལྡན་གྱི་སློབ་གྲྭ་ཞིག་ལ་འཛོམས་དགོས་ངེས་ཀྱི་ཁོར་ཡུག་གི་ཆ་རྐྱེན་ཚང་མ་འཛོམས་འདུག་པར་སྣང་།
        ཨ་བསོའི་སློབ་ཁྲིད་བྱེད་སའི་འཛིན་གྲྭ་ནི་ཁང་ཤར་གཡས་པའི་ཁང་བ་དང་བོ་དེའི་ནང་དུ་ཡོད་ཅིང་སྒོ་ངོས་སུ་ལོ་རིམ་དང་བོ་ཞེས་བྲིས་འདུག “ཡང་བསྐྱར་ཐེངས་གཅིག་ཀློག ཨ། ཀ ཀ་ར། ཀ་བ། ཁ། ཁ་བ། ཁ་ཟས།”འདི་ནི་ཨ་བསོའི་སྐད་རེད། ངས་སློབ་ཁང་གི་སྒེའུ་ཁུང་ནང་ནས་དལ་མོར་བལྟས་པས་ཨ་བསོས་སྒོ་སམ་ངོས་སུ་ཀ་སྡེའི་གསལ་བྱེད་ཡི་གེ་རྣམས་བྲིས་པའི་གཤམ་དུ་དེ་དག་རེ་རེར་ཚིག་གྲོགས་རེ་སྦྱར་ནས་སློབ་མར་ཚོར་ཁྲིད་ཀྱིན་འདུག ཁོའི་གཟབ་ནན་དང་བྱམས་བརྩེའི་རྣམ་འགྱུར་གྱིས་ང་ལ་ཡང་བསྐྱར་ཨ་བསོ་གསར་བ་ཞིག་ངོ་ཤེས་སུ་བཅུག་བྱུང་། མ་གཞི་ངའི་གྲོགས་པོ་བཟང་བོ་ནི་དགེ་རྒན་བཟང་བོ་ཞིག་ཀྱང་རེད། ཁོས་ཧ་ཅང་གཟབ་ནན་གྱིས་ཀ་སྡེའི་གསལ་བྱེད་དག་སློབ་མ་རྣམས་ལ་ཀློག་ཁྲིད་བྱས་རྗེས་སློབ་མ་རེའི་གམ་དུ་སོང་ནས་ཁོ་ཚོའི་ལག་ནས་བཟུང་སྟེ་གསལ་བྱེད་རྣམས་ཀྱི་འབྲི་ཚུལ་ཁྲིད། དེ་ལྟར་ཀ་སྡེའི་གསལ་བྱེད་རྣམས་སྒོ་སམ་ངོས་སུ་བྲིས་ཏེ་སྔར་ལྟར་སློབ་མ་རྣམས་ལ་ཁྲིད་འགོ་བརྩམས། སྐབས་རེར་ཁོས་སློབ་གྲོགས་ག་གེ་མོ་རེའི་མགོ་ལ་ཐལ་ལྕག་གིས་ཡང་མོ་རེ་བརྡབ་རྗེས་དེ་མ་ཐག་ཏུ་སློབ་མ་དེའི་མགོ་ལ་བྱིལ་བྱིལ་བྱེད་ཀྱིན་འདུག ཡང་སྐབས་རེར་ངོ་གདོང་ལ་ཅུང་ཟད་གཟབ་ནན་གྱི་ཉམས་རེ་བཏོད་རྗེས་སླར་ཡང་ཤིན་ཏུ་ལྷོད་ཤ་ཆེ་བའི་འཛུམ་མདངས་རེ་མངོན་ཡོང་བས་ངོ་མ“དགེ་རྒན་ནི་སློབ་མའི་ཕ་མ་གཉིས་པ་ཡིན”ཞེས་པ་ཇི་མ་བདེན་ཨང་སྙམ་པ་ཞིག་རེད། ངས་དེ་ལྟར་སྐར་མ་བཞི་བཅུའི་རིང་ལ་སྒེའུ་ཁུང་ཕྱི་རོལ་ནས་ཁོའི་སློབ་ཁྲིད་བྱེད་པ་ལ་བལྟས་ནའང་ཁོས་གཏན་ནས་ཚོར་རྟོག་བྱུང་མ་སོང་། སློབ་ཐུན་གྲོལ་བའི་ཅོང་སྒྲ་གྲགས་པ་ན་ཁོས་སློབ་མ་ཚོར“སློབ་ཁྲིད་གྲོལ”ཞེས་བཤད་ཅིང་གཞི་ནས་སྒེའུ་ཁུང་ཕྱི་རོལ་གྱི་ང་མཐོང་སྟེ་མྱུར་སྟབས་ཀྱིས་སྒོར་བརྒྱུགས་ནས་ཐོན་བྱུང་།
“ཨ་ཁ། ཁྱོད་ད་བར་འདི་རུ་ལངས་ནས་བསྡད་པ་ཡིན་ནམ།”
“འོ་ལེ། ཡིན་ནའང་ངས་སློབ་གྲོགས་བཟང་བོ་ཁྱེད་ཀྱི་སློབ་ཁྲིད་ལ་ཉན་ནས་བསྡད་པས་དཀའ་ངལ་ཅི་ཡང་བྱུང་མ་སོང་།”
“ཧེ་ཧེ། ཁྱོད་ཚོ་དང་བསྡུར་ཐབས་ག་ལ་ཡོད།”
“ཨ་ཙི། དེ་འདྲ་གཏན་ནས་མ་ཟེར། ང་ཚོ་ཁྱོད་དང་བསྡུར་ཐབས་གཏན་ནས་མི་འདུག”
“ངོ་མ་ཨེ།”
“ངོ་མ་ཡིན།”
“ཧེ་ཧེ། རྫུན་མ་བཤད་ཨ།”
“ཧེ་ཧེ། ངོ་མ་ཡིན། རྫུན་མིན།”
“ཁྱོད་རང་ཅི་བྱེད་དུ་ཡོང་བ་ཡིན།”
“ཁྱོད་ལ་ལྟ་རྟོག་བྱེད་དུ་ཡོང་བ་ཡིན།”
“ཨ།”
“ཧེ་ཧེ། ཀུ་རེ་ཡིན། ངས་ཁྱོད་ལ་བཅར་འདྲི་ཞིག་བྱེད་བསམ་པ་ཡིན། ཁོམ་པ་ཡོད་དམ།”
“ང་ལ་བཅར་ནས་འདྲི་རྒྱུ་ཞིག་ཡོད་དམ། སྐྱག་ཕྲུག འདི་འདྲ་ནན་ཏན་བྱེད་དགོས་དོན་ཡོད་དམ།”
“འདི་ངའི་བྱ་བ་ཡིན། ནན་ཏན་ལོས་བྱེད། ཁྱོད་ཀྱིས་ཀྱང་རང་གི་བྱ་བའི་ཐོག་ནན་ཏན་བྱས་ཏེ་ང་རང་གཅིག་པུར་སྒོ་ཁ་རུ་སྐར་མ་བཞི་བཅུ་ལྷག་ལ་ལངས་སུ་བཅུག་པ་མ་ཡིན་ནམ།”
“ཧ་ཧ་ཧ། སྐྱག་ཕྲུག ཡུན་རིང་ཞིག་ལ་མ་ཐུག་པར་ཁ་བདེ་ཞིག་ཏུ་གྱུར་འདུག་ཨ། ཆོག་གི ད་དྲིས།”
“ཁྱོད་ལ་སློབ་སྦྱོང་བྱས་པ་ཡིན། ཧ་ཧ།”
ངས་དེ་གའི་སློབ་མ་རྣམས་ལ་བལྟ་ཙམ་བྱས་རྗེས“འདི་རུ་ཨེ།”
“འོ་ལེ། ཁྱོད་བྱིས་པ་ཚོར་ངོ་ཚའམ།”
“ཧ་ཧ། ང་ཁྱོད་ལ་ངོ་ཚ་བོ་འདུག ཀུ་རེ་ཡིན། ཡ་ཤོག”
        ཨ་བསོར་སྐར་མ་བཅོ་ལྔའི་རྗེས་སུ་ད་དུང་སློབ་ཐུན་གཞན་ཡོད་པས་ང་ལ་བཅར་འདྲིའི་དུས་ཚོད་ཐུང་ངུ་ཞིག་ལས་མ་རེག་མོད། དེའི་ཡུན་ལ་ཁོས་ཧ་ཅང་གཟབ་ནན་གྱིས་ངའི་དྲི་བ་རེ་རེར་ལན་བཏབ་བྱུང་། སློབ་ཐུན་འཚོགས་པའི་ཅོང་བརྡ་གྲགས་མ་ཐག་ཁོས་ང་ལ་བདེ་མོ་འཇོག་པའི་འཛུམ་ཆུང་ཞིང་བཞག་རྗེས་གོམ་སྟབས་མགྱོགས་པོས་གཡས་ཕྱོགས་ཀྱི་ཁང་ཤར་དེ་བསྙེགས་ནས་བུད་སོང་།
        སློབ་གྲྭ་འདིའི་ནང་དུ་ཨ་སྐྱ་སྡེ་བའི་སློབ་མ་ཁོ་ན་ཙམ་མ་ཡིན་པར་གཡུ་མཚོ་སྤང་ཐང་གི་སྡེ་བ་གཞན་པ་གཉིས་ཀྱི་སློབ་མ་མང་བོ་ཞིག་ཀྱང་དེ་རུ་ཡོང་སྟེ་སློབ་གཉེར་བྱེད་ཀྱིན་མཆིས། སློབ་མ་ཚོ་འདི་ནས་མཐར་ཕྱིན་རྗེས་ཐད་གར་དུ་རྫོང་སློབ་འབྲིང་དུ་རྒྱུགས་སྤྲད་ཆོག་པ་རེད། སློབ་གྲྭ་ཧྲིལ་བོར་སློབ་མ་སུམ་བརྒྱ་ཡས་མས་ཤིག་ཡོད་ཅིང་དགེ་བཟོ་བ་བཅུ་གྲངས་ཤིག་འདུག དེ་དག་ཕལ་ཆེ་བ་ཞིག་གིས་རང་འགུལ་ངང་དགེ་རྒན་གྱི་ལས་ཀ་ཁུར་བླངས་བྱས་པ་ཡིན་ཞིང་དགེ་རྒན་རེ་འགའ་ཞིག་ཨ་བསོས་གོང་རིམ་ལ་རེ་ཞུ་བྱས་ཏེ་མངགས་པ་ཡིན་ཟེར། སློབ་གྲྭ་འཛུགས་པའི་མགོ་མཇུག་བར་གསུམ་གྱི་བྱ་བ་དེ་དག་ནི་ཇི་འདྲའི་དཀའ་ཚེགས་ཆེ་ཞིང་རྙོང་འཛིང་ལྡན་པ་ཞིག་ཡིན་ནའང་ཨ་བསོས་རང་གི་དམིགས་ཡུལ་ཉག་གཅིག་པུ་འདི་མ་འགྲུབ་བར་དུ་ཕྱིར་ལྡོག་མ་བྱས་པས་གཞི་ནས་འདི་ལྟ་བུའི་གྲུབ་འབྲས་བཟང་བོ་ཞིག་བླངས་པ་རེད།
        ད་ནི་ངས་སྔོན་ཆད་ཨ་བསོས་རང་ཉིད་སྡེ་བའི་ནང་གི་སློབ་གྲྭ་བ་གཅིག་པུ་ཡིན་པ་ལ་འཁང་ར་བྱེད་པའི་རྒྱུ་རྐྱེན་གསལ་བོར་ཤེས་སོང་། མ་གཞིར་དེ་ནི་སྡེ་བ་ཞིག་སློབ་གསོའི་ལམ་ཁ་ནས་རྗེས་ལུས་ཐེབས་པའི་སྣང་ཚུལ་ཡ་ང་བ་ཞིག་ཡིན་པ་ཨ་བསོས་སྔ་མོ་ནས་ཚོར་ཡོད་པས་རེད། དེ་ནི་ཨ་བསོའི་ཁེར་རྐྱང་གི་ན་ཟུག་ཅིག་ཡིན་པར་མ་ཟད་ཨ་སྐྱ་སྡེ་བའི་ཁེར་རྐྱང་གི་ན་ཟུག་ཅིག་ཀྱང་ལོས་ཡིན། ཁེར་ཧྲེང་ཧྲེང་གི་སྐྱོ་ངལ་དང་འཇམ་ཅག་ཅག་གི་གཡུ་མཚོ་སྤང་ཐང་གི་ལྷིང་འཇགས་ཀྱིས་ཨ་བསོའི་གཞན་ལས་འཕགས་པའི་ཕུགས་བསམ་གྱི་སྒྲོམ་གཞི་གཏོས་ཆེན་པོ་འདི་བསྐྲུན་པ་རེད། ཨ་བསོ། ཁྱེད་ནི་ངའི་བློས་ཐུབ་ཀྱི་གྲོགས་པོ་ཙམ་དུ་མ་ཟད་གཡུ་མཚོ་སྤང་ཐང་གི་སློབ་གསོའི་ལས་དོན་གྱི་བློས་ཐུབ་ཀྱི་གྲོགས་པོའང་ཡིན། ཁྱེད་རང་ངའི་ལྟིག་ལྟིག་འགུལ་བའི་སྙིང་ཆུང་འདིའི་ཡིད་དུ་འོངས་པའི་དགའ་སྟོན་ཙམ་དུ་མ་ཟད་འོད་ལམ་ལམ་དུ་འཕྲོ་བའི་གཡུ་མཚོ་སྤང་ཐང་གི་ཉི་འོད་དྲོན་མོ་འདིའི་གཅེས་སུ་འོས་པའི་དགའ་སྟོན་དེའང་ཅི་ལ་མིན།
        ང་ཚོས་བཅར་འདྲི་དང་རྟོག་ཞིབ་ཀྱི་ལས་ཀ་ཡོངས་སུ་ཚར་ཏེ་མཛེས་སྡུག་གི་གཡུ་མཚོ་སྤང་ཐང་དང་རིང་དུ་གྱེས། ཨ་བསོས་འགྱིག་ཁུག་ཆེན་པོ་ཞིག་གི་ནང་དུ་མར་དང་ཕྱུར་བ་ཐེག་ཚད་ཅིག་བཅུག་སྟེ་ང་ལ་ལག་སྐྱེས་སུ་སྦྱིན་པ་ཡིན་ཟེར། ཨ་བསོས་ང་ལ་ཞི་འཇམ་དང་གཟབ་ནན་གྱི་མིག་མདངས་ཤིག་བསྟན་ཏེ་ང་ལ་སྐྱེལ་མ་བྱས། དེ་ལྟར་ང་ནི་རང་གི་སྙིང་དང་འདྲ་བའི་གྲོགས་པོ་བཟང་བོ་དང་གྱེས་ཏེ་རྒྱང་ཐག་རིང་བའི་གྲོང་ཁྱེར་གྱི་ཕྱོགས་སུ་གོམ་པའི་འདེགས་འཇོག་སྒྱུར་དགོས་བྱུང་། འདི་ནི་འདུ་ཞིང་འཛོམས་པའི་རྗེས་སུ་གྱེས་ཤིང་བྲལ་བའི་གོ་རིམ་ཆ་ཚང་བོ་ཞིག་སྟེ་མངར་ལ་སྐྱུར་བའི་འཚོ་བ་ཟེར་བའང་འདི་ཉིད་མ་ཡིན་ནམ། འཚོ་བ་ནི་མངར་སྐྱུར་ཁ་གསུམ་གྱི་གདམ་ཀ་མང་བོས་གྲུབ་པའི་ཐོབ་ཤོར་གྱི་རྩེད་མོ་སྙིང་དུ་མི་སྡུག་པ་ཞིག་ཡིན་ལ། འཚོ་བའི་དབང་གིས་བདེ་སྐྱིད་དག་སྡུག་བསྔལ་དུ་འགྱུར་ཞིང་སྡུག་བསྔལ་སླར་ཡང་སྡུག་བསྔལ་གྱི་ལྕགས་སྒྲོམ་ལ་ཚུད། འཚོ་བའི་དབང་གིས་ང་རང་གྲོགས་པོ་ཨ་བསོ་དང་རིང་དུ་གྱེས།
གསུམ།
        ངས་ནམ་ཡང་དགུན་ཁ་ནི་སྐྱོ་སྡུག་གི་དུས་ཚིགས་ཤིག་ཏུ་ངོས་འཛིན་ཞིང་ཁ་བ་བབས་པ་ནི་ངུ་ངག་གིས་ཁྱབ་པའི་འདས་མཆོད་ཀྱི་ཆོ་ག་ཞིག་ཏུ་རློམ། ཨ་བསོའང་ལོ་འདིའི་དགུན་དུས་སུ་འཇིག་རྟེན་མི་ཡུལ་དང་གཏན་དུ་གྱེས་སོང་།
        ང་རང་གཡུ་མཚོ་སྤང་ཐང་དང་ཁ་གྱེས་པའི་ཟླ་བ་བཞི་ལྷག་གི་རྗེས་ཀྱི་ཉིན་ཞིག་ལ་ཨ་བསོ་འགྲིམ་འགྲུལ་དོན་རྐྱེན་ཞིག་གི་དབང་གིས་གློ་བུར་དུ་འཇིག་རྟེན་མི་ཡུལ་དང་ཁ་གྱེས་པའི་གནས་ཚུལ་དེ་ཁ་པར་བརྒྱུད་ངའི་རྣ་ལམ་དུ་ཐོན།
        ཉིན་དེར་ང་ནམ་རྒྱུན་དང་འདྲ་བར་རང་གི་གཞུང་ལས་ཁང་དུ་ཚགས་པར་ཞིག་གི་པར་ངོས་ཇུས་འགོག་དང་རྩོམ་སྒྲིག་གི་ལས་ཀར་མགོ་འཁོར་ནས་བསྡད་ཡོད་ཅིང་། ཁ་པར་ནང་དུ་གསར་དར་རྡུང་ལེན་ཞིག་སྒྲ་གདངས་མཐོན་པོས་གྲགས་སུ་བཅུག་ཡོད། མདུན་ཅོག་སྟེང་དུ་ད་སོ་མར་ཕྱི་རོལ་ནས་ཉོས་པའི་ཚིག་ཇ་དྲོན་མོ་ཕོར་བ་གང་བཞག་ཡོད་པ་ལས་རླངས་པ་ཐུ་ལི་ལི་བྱེད་ཀྱིན་འདུག གང་ལྟར་ཞོགས་པའི་དུས་ཚོད་འདི་ནི་ཉིན་གཅིག་གི་བྱ་བ་ཐམས་ཅད་ཀྱི་མགོ་རྩོམ་ས་ཡིན་པས་ངའི་གཞུང་ལས་ཁང་གི་ནང་ཧྲིལ་བོ་དྲོད་འཇམ་དང་གསོན་ཤུགས་ཀྱིས་ཁྱབ་སྟེ་བྱ་བའི་དཀའ་ཁག་དང་སྐྱོ་ངལ་དག་ཀྱང་སྐབས་འདིར་རྩ་བ་ནས་གར་སོང་ཆ་མེད་དུ་གྱུར་ཟིན། འོན་ཏེ་གློ་བུར་བའི་གཏམ་ངན་དེ་ཁ་པར་སྐུད་ལམ་ནས་ངའི་རྣ་ལམ་དུ་འབྱོར་ཞིང་། དེ་ནས་སྐད་ཅིག་མའི་དུས་ཚོད་ནང་ངའི་ལུས་སེམས་ཆ་ཚང་ལ་བཀྲམ་པས་ངས་གཞི་ནས་ཕྱི་རོལ་ཏུ་ཁ་བ་ཆེན་པོ་ཞིག་འབབ་ཀྱིན་ཡོད་པ་ཚོར་རྟོག་བྱུང་སོང་། ཀྱེ་ཧུད། ད་ནི་དགུན་ཁ་སླེབས་འདུག་ཅིང་དེ་རིང་ནས་བཟུང་འཇིག་རྟེན་ཧྲིལ་པོ་སྐྱ་མདོག་གི་ངལ་བས་གཟིར་ཏེ་སྡུག་བསྔལ་དང་ཁེར་རྐྱང་གི་གདུང་བས་རབ་ཏུ་མནར་བར་གྱུར། ང་རང་དགུན་ཁ་ལ་སྡང་སྟེ། ཁེར་ཧྲེང་ཧྲེང་གི་དགུན་ཁ་ལ་ཤིན་ཏུ་སྡང་།
ཉིན་དེའི་ཉིན་གོང་ནས་བཟུང་ངས་གནང་བ་ཞུས་ཏེ་སློབ་གྲོགས་འགའ་དང་མཉམ་དུ་གཡུ་མཚོ་སྤང་ཐང་གི་ཨ་བསོའི་ཁྱིམ་མི་རྣམས་ཀྱི་སར་སོང་ནས་ཁོ་ཚོར་ཁ་ཏ་དང་སེམས་གསོ་རེ་བྱས་ཤིང་ཉིན་གསུམ་གྱི་རིང་ལ་དེ་གར་བསྡད་དེ་མཆོད་མེ་བཅའ་རོགས་དང་མགྲོན་པོ་སྣེ་ལེན་བྱེད་རོགས་སོགས་བྱས་པ་ཡིན། ཉིན་གསུམ་གྱི་རྗེས་སུ་ང་ཚོ་ཕྱིར་ལོག་གྲབས་བྱས་པས་ཨ་བསོའི་ཨ་ཕས་ཟིན་བྲིས་མཐུག་པོ་ཞིག་ང་ལ་སྟེར་ཞོར་དུ་གདོང་ལ་སྐྱོ་ཉམས་ཞིག་དོད་དེ“འདི་ནི་ཞི་ལུས་དུས་རྒྱུན་ལུས་དང་མི་འབྲལ་བའི་དངོས་པོ་གལ་ཆེན་ཞིག་ཡིན་ཞིང་ཁོས་དུས་རྒྱུན་འདི་ནི་ངའི་ཚེ་འདིའི་ཚེ་ནོམ་ཡིན་ཟེར། ཕལ་ཆེར་ཞི་ལུས་བྲིས་པའི་རྩོམ་ཡིག་ཁ་ཤས་ཡིན་པར་འདྲ། ཁོས་དུས་རྒྱུན་ནམ་ཞིག་ངས་འདི་དག་དཔར་ལ་བཏབ་ནས་དཔེ་དེབ་ཞིག་བཟོ་རྒྱུ་ཡིན་ཞེས་ཟེར་མོད། ད་ནི་ཁོའི་ཚེ་ཐོག་འདིར་དམིགས་ཡུལ་དེ་མ་འགྲུབ་པས་ངས་ཁྱོད་ལ་དཀའ་ལས་ཞིག་མི་བཟོ་ཐབས་མེད་བྱུང་སོང་། འདིའི་ཐད་ཀར་འགྲོ་སོང་ཅི་ཞིག་དགོས་ཀྱང་རྒད་པོ་ངས་གཏོང་ཆོག འོན་ཀྱང་རྒད་པོ་ང་ལ་ཤེས་ཡོན་མེད་པས་སེམས་ཡོད་ཀྱང་ནུས་པས་ལྕོགས་མི་འདུག ད་ནི་དྲིན་ཆེན་པོ་ཁྱོད་ཀྱིས་ཅིག་རེམ།”ཞེས་བཤད་ཅིང་ཧ་ཅང་ཉམས་ཐག་གི་མིག་མདངས་ཤིག་གིས་ང་ལ་བལྟས་འདུག ངས་མྱུར་དུ་ཨ་བསོའི་ཨ་ཕའི་གདོང་ལ་ད་གཟོད་ཅུང་ཟད་བག་ཕེབས་ཀྱི་ཉམས་ཤིག་ཤར་བྱུང་།
        ཕྱིར་རང་ཁྱིམ་དུ་སླེབས་མ་ཐག་ང་རང་མྱུར་བར་དཔེ་ཁང་ནང་དུ་སོང་ནས་ཟིན་བྲིས་དེའི་ཁ་ཕྱེས་པ་ཡིན། མ་གཞི་ཟིན་བྲིས་དེའི་ནང་དུ་ཨ་བསོས་བྲིས་པའི་སྙན་ངག་དང་ལྷུག་རྩོམ་མང་བོ་ཞིག་འདུག ངས་ཨ་བསོའི་རྩོམ་ཡིག་དག་མགོ་ནས་མཇུག་བར་ཐེངས་གཅིག་བཀླགས་ཚར་དུས་མཚན་མོའི་ཆུ་ཚོད་བཅུ་གཉིས་ཙམ་ལ་སླེབས་ཟིན་ནའང་ང་ལ་ཐང་ཆད་པ་དང་སུན་པའི་སྣང་བ་སྤུ་ཙམ་ཡང་མ་བྱུང་། ཨ་བསོའི་སྙན་ངག་དག་བཀླགས་མ་ཐག་ང་ལ་སླར་ཡང་ལོ་ངོ་དུ་མའི་སྔོན་གྱི་སློབ་མའི་འཚོ་བའི་དུས་སྐབས་སུ་སླེབས་པའི་ཚོར་བ་དངོས་ལྟ་བུ་ཞིག་སྐྱེས་སོང་། ཁོའི་ཟིན་བྲིས་ཀྱི་མགོ་རུ་དཔལ་དོན་གྲུབ་རྒྱལ་གྱི《ལང་ཚོའི་རྦབ་ཆུ》ཚར་གཅིག་ལག་བྲིས་ནས་བྲིས་འདུག《ལང་ཚོའི་རྦབ་ཆུ》ནི་ངེད་གཉིས་ཆེས་དགའ་བའི་སྙན་ངག་ཅིག་སྟེ་དུས་རྒྱུན་སློབ་གསེང་གི་དུས་ཚོད་རེའི་སྐབས་སུ་ངེད་གཉིས་ལྷིང་འཇགས་ཡིན་ས་རེར་སོང་ནས་མཉམ་དུ་གྱེར་འདོན་བྱས་པ་ཡིན། ཨ་བསོས་ནམ་རྒྱུན་ང་ལ་སྙན་ངག་འདི་ནི་འུ་ཅག་གི་ཕུགས་བསམ་གྱི་མེ་ཏོག་ལ་རེ་སྨོན་གྱི་སྟོབས་ཤུགས་སྩོལ་བའི་ཆུ་ཟིལ་ལྟ་བུ་ཞིག་ཡིན་པས་ང་ཚོར་ནམ་ཡང་རྦབ་ཆུ་ལྟར་དྲག་ཏུ་འབབ་པའི་ཕུགས་འདུན་དང་ལ་རྒྱ་ཡོད་དགོས་ཞེས་བཤད་པས་ངས་ནམ་ཡང་ཁོའི་སྐད་ཆ་དེ་དག་སེམས་ནས་བརྗེད་ཀྱིན་མེད། ད་ལྟ་ཁོའི་ཟིན་བྲིས་ངོས་ཀྱི《ལང་ཚོའི་རྦབ་ཆུ》ཡིག་འབྲུ་རེ་རེ་མཐོང་མ་ཐག་སེམས་སུ་ཨ་བསོས་ང་ལ“ཁྱོད་ཀྱིས་རང་གི་ལང་ཚོ་འཕྲོ་བརླག་ཏུ་བཏང་ཨེ་ཡོད་དམ”ཞེས་ཡང་ཡང་འདྲི་བཞིན་པ་དང་འདྲ་བས་ངའི་ངོ་གདོང་ཧྲིལ་བོ་ཚ་བེར་བེར་དུ་གྱུར་ཅིང་སེམས་པ་ནི་འཁྱག་སིབ་སིབ་དུ་འདུག ཨ་བསོའི་སྙན་ངག་དག་ལས་ང་རང་ཆེས་དགའ་བའི་སྙན་ངག་ནི《མཐོ་སྒང་གི་སྐར་མ་ཨ་བརྟན་དང་རྒྱ་མཚོའི་གཏིང་རིམ་གྱི་ཤེས་བྱའི་ནོར་བུ》ཞེས་པ་དེ་ཡིན། སྙན་ངག་འདི་ནི་ཨ་བསོ་སློབ་ཆེན་ལོ་རིམ་བཞི་བའི་སྐབས་སུ་བྲིས་པ་ཞིག་རེད། དེ་དུས་ངེད་གཉིས་དངོས་སྦྱོང་ལ་སོང་བའི་ས་ཆ་དེ་ནི་མཐོ་སྒང་གི་འབྲོག་ས་ཞིག་ཡིན་ཞིང་ས་དེ་གའི་མི་རྣམས་ཀྱིས་ད་དུང་རྩྭ་ས་རྩོད་གླེང་དང་སུ་དཔའ་སུ་བཙན་བལྟས་ཏེ་སྡོད་པ་ལས་བུ་ཕྲུག་སློབ་གྲྭར་སྐྱེལ་མཁན་ཤིན་ཏུ་ཉུང་ངུ་ཞིག་ལས་མི་འདུག ཨ་བསོས་ས་ཆ་དེ་ནི་ཁོའི་ཕ་ཡུལ་ལས་ཀྱང་རྗེས་ལུས་རེད་ཟེར་ཞིང་གདོང་ལ་སྐྱོ་སྡུག་དང་ཡི་ཆད་ཀྱི་རྣམ་པ་ཞིག་ཤར་ནས་སྡོད། ཉིན་འགའི་རྗེས་སུ་ཨ་བསོས《མཐོ་སྒང་གི་སྐར་མ་ཨ་བརྟན་དང་རྒྱ་མཚོའི་གཏིང་རིམ་གྱི་ཤེས་བྱའི་ནོར་བུ》ཞེས་པའི་སྙན་ངག་ཚན་པ་འདི་བྲིས་ཏེ་ང་ལ་ཀློག་ཏུ་བཅུག སྙན་ངག་འདིའི་ནང་གི་སྐར་མ་ཨ་བརྟན་གྱིས་མཐོ་སྒང་གི་འབྲོག་པ་རྣམས་ཀྱི་ཨུ་ཚུགས་མཚོན་ཞིང་ཏག་ཏག་འབྲོག་པ་རྣམས་ཀྱི་སྐར་མ་ཨ་བརྟན་ལྟར་སྒུལ་མི་ནུས་པའི་ཨུ་ཚུགས་དེའི་དབང་གིས་བྱིས་པ་ཚོས་རིག་གནས་ཤེས་བྱ་སྦྱོང་བའི་གོ་སྐབས་ནི་སྨད་ཀྱི་རྒྱ་མཚོའི་གཏིང་གི་ནོར་བུ་ལེན་པ་ལྟར་དཀའ་ངལ་ཆེ་བའི་དོན་དངོས་སྙན་ངག་གི་ལམ་ནས་བྲིས་ཡོད་པས་ངས་སྙན་ངག་དེ་བཀླགས་མ་ཐག་ཕྱོགས་གཅིག་ནས་ཨ་བསོའི་སྙན་ངག་གི་སྒྱུ་རྩལ་མཚོན་ཐབས་ལ་སྨོན་པ་ཤོར་ཞིང་ཕྱོགས་གཞན་ཞིག་ནས་དུས་རབས་ཉེར་གཅིག་པའི་སྐབས་སུའང་རིག་གནས་ཤེས་བྱ་སྦྱོང་བའི་གོ་སྐབས་ཤོར་ཡོད་པའི་བྱིས་པ་ཚོར་སེམས་གཏིང་ནས་སྙིང་རྗེ་ཞིག་སྐྱེས་བྱུང་། ངས་དེ་ལྟར་ཨ་བསོའི་རྩོམ་ཡིག་དག་བཀླགས་ཀྱིན་བཀླགས་ཀྱིན་སེམས་སུ་སྨྲ་མི་ཤེས་པའི་ན་ཟུག་ཅིག་སྐྱེས་བྱུང་། ན་ཟུག་དེ་ནི་དྲན་གདུང་དང་གྱེས་བྲལ་གྱི་ན་ཟུག་ཅིག་ཡིན་པར་མ་ཟད་རེ་ཆད་འགྱོད་གདུང་གི་ན་ཟུག་ཅིག་ཀྱང་ཡིན། ང་ལ་འགྱོད་གདུང་དང་རེ་ཆད་སྐྱེས་དོན་ནི་མི་རིགས་སློབ་གསོའི་ལས་དོན་གྱི་ཆེད་དུ་ཨ་བསོ་དང་མཉམ་དུ་སྐྱིད་ཀྱི་རྟ་ཕོ་མཉམ་བཞོན་དང་སྡུག་གི་ཁུར་བོ་མཉམ་འཁུར་བྱེད་མ་ཐུབ་པས་ཡིན།
“གང་ལྟར་འདས་ཟིན་པ་ནི་འདས་ཟིན་པ་རང་ཡིན་པས་དེ་ལ་ཕྱིར་ལྡོག་བྱེད་ཐབས་ག་ལ་ཡོད།”ངས་དེ་ལྟར་བསམ།
“འོན་ཀྱང་མ་འོངས་པའི་ལམ་བུ་ནི་ད་དུང་ང་ལ་དབང་བ་མ་ཡིན་ནམ།”ངས་སླར་ཡང་དེ་ལྟར་བསམ།
“ད་ནས་བཟུང་ངས་སྔོན་ཆད་ཀྱི་སྒྲུབ་མ་ཐུབ་པ་དག་ལ་ཁ་གསབ་བྱེད་རྒྱུ་ཡིན།”ངས་ཁུ་ཚུར་དམ་པོར་བཅིངས།
“ངས་རང་ཉིད་ཀྱི་ལས་གནས་འདིའི་ཐོག་ནས་མི་རིགས་སློབ་གསོའི་ལས་དོན་ལ་ཞབས་འདེགས་ཞུ་རྒྱུ”ངས་དམ་བཅའ་བཞག
        མཐའ་མཇུག་ངས་ཨ་བསོའི་ཟིན་བྲིས་ཀྱི་རྗེས་སུ《འོད་ལམ་ལམ་གྱི་མི། རྒྱང་དུ་བཞུད་པའི་མི》ཞེས་པའི་སྙན་ངག་ཚན་པ་ཞིག་བྲིས་ཏེ་རྩོམ་སྒྲིག་ཁང་གི་མགོ་གཙོར་ཨ་བསོའི་རྩོམ་ཡིག་དག་དཔེ་དེབ་ཅིག་ཏུ་པར་སྐྲུན་བྱ་རྒྱུའི་རེ་ཞུ་བྱས་པ་ཡིན། དགའ་འོས་པ་ཞིག་ལ་དཔེ་སྐྲུན་ཁང་གི་མགོ་གཙོས་ངས་བྲིས་པའི་རེ་ཞུ་ཡི་གེའི་ནང་དོན་ལ་བལྟས་རྗེས་དགའ་སྤྲོ་ཆེན་པོས་ཁས་ལེན་བྱས་པར་མ་ཟད་དེབ་ཀྱི་འགྲོ་གྲོན་ཐམས་ཅད་ཀྱང་དཔེ་སྐྲུན་ཁང་ནས་གཏོང་རྒྱུ་ཡིན་ཞེས་བཤད་ཅིང་ཁོས་ད་དུང་དཔེ་དེབ་དེའི་མིང་ལ《འོད་ལམ་ལམ་གྱི་མི། རྒྱང་དུ་བཞུད་པའི་མི》ཞེས་འདོགས་དགོས་ཟེར། ངས་དཔེ་སྐྲུན་ཁང་ལ་སེམས་གཏིང་ནས་བཀའ་དྲིན་ཆེ་ཞུས་ཤིང་དེབ་མིང་ལ་དེ་ལྟར་བཏགས་ཆོག་ཅེས་ཁས་ལེན་བྱས། ངས་གནས་ཚུལ་དེ་དེ་མ་ཐག་ཏུ་ཨ་བསོའི་ཨ་ཕ་ལ་ཁ་པར་བརྒྱུད་ནས་བཤད་པས་ཨ་བསོའི་ཨ་ཕའང་དགའ་སྤྲོ་ཆེན་པོ་སྐྱེས་ཏེ་ཁ་པར་སྐུད་ལམ་བརྒྱུད་དེ་ང་ལ་ཡང་དང་ཡང་དུ་བཀའ་དྲིན་ཆེ་ཞེས་བཤད་བྱུང་།
        སྙིང་གྲོགས་ཨ་བསོ་ལགས། ང་ལ་མཚོན་ན་ཁྱེད་ནི་འོད་ཟེར་ལམ་ལམ་དུ་འཕྲོ་བཞིན་པའི་མི་ཞིག་ཡིན་པས་ཁྱེད་ཀྱི་ལུས་པོ་ང་དང་གཏན་དུ་གྱེས་སོང་ནའང་ཁྱེད་ཀྱི་སེམས་པ་ནམ་ཡང་ང་དང་མཉམ་དུ་ཡོད། ཀྭ་ཡེ། བསོད་ནམས་དོན་འགྲུབ་ལགས༎
༢༠༡༦ལོའི་སྤྱི་ཟླ༨པའི་ཚེས༢༤ལ་བྲིས་ཚར།


རྩོམ་ཡིག་སྔོན་མ།
སྤྱིའི་དེབ134པ།
རྩོམ་ཡིག་རྗེས་མ།
མཐའ་ཡས་རྒྱ་མཚོ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1