ཁྱེད་ནི་དོན་ངོ་མར།- དྲ་རྩོམ་སྙན་ངག་ཅིག་ལ་བལྟས་རྗེས་ཀྱི་འཆར་སྣང་།

འཛུམ་ཟེར། (གཙོས) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-15


ཁྱེད་ཀྱིས་སྙན་ངག་ལ་ཁ་གཡར་ཏེ།
ཁོར་ཡུག་གི་དྭངས་གཙང་དཀྲོགས།
ཡ་རབས་ཀྱི་གུས་སྲོལ་གཏོར།
སྲོལ་རྒྱུན་གྱི་མཛེས་སྡུག་སྣོག
ཁྱེད་ནི་དོན་ངོ་མར།
གོ་རིམ་མེད་པའི་སྡུག་གཏམ་རིང་མོ་དེ།
རྫོགས་རྒྱུ་མེད་པའི་ཉོག་གཏམ་ནག་པོ་དེ།
རྣ་བ་རྫོད་པའི་ལྡབ་ལྡིབ་མང་བོ་དེ།
ཁྱེད་ཀྱིས་སྐྱུགས་པའི་སྙན་ངག་ཡིན་ན།
ཁྱེད་ནི་དོན་ངོ་མར།
འཇིག་རྟེན་འཕོ་འགྱུར་གྱི་ཆོས་ཉིད་དེ་རྟོགས་ན།
འཇིག་རྟེན་མ་ཤེས་པའི་ཉེས་སྐྱོན་དེ་རྟོགས་ན།
འཇིག་རྟེན་འཇིག་རྟེན་དུ་ཤེས་པར་གྱུར་ན།
ཁྱེད་ཀྱིས་ཀུན་ནས་སྦགས་ཟིན་པའི་ཁོར་ཡུག་དེ་ནས།
ཁྱེད་ནི་དོན་ངོ་མར།
མཐོ་ལ་བཀུར་བསྟི་རྩ་བ་ནས་མེད་པའི་སྙན་ངག་དེ།
རང་ཉིད་མཐོན་པོར་སྒྲོགས་པའི་སྙན་ངག་དེ།
ལས་འབྲས་ཡལ་བར་དོར་བའི་སྙན་ངག་དེ།
སྲོལ་རྒྱུན་གྱི་སྤུས་དག་པའི་གནས་འདི་ན།
འགོ་བའི་ནད་བཞིན་དུ་ཀུན་གྱིས་འཛེམ་བྱ་ཉིད་དུ་གྱུར།
ཁྱེད་ནི་དོན་ངོ་མར།
རུས་ཐོ་ནང་དམུར་བྱེད་པའི་སྙན་ངག་དེ།
རུས་རྒྱུད་བཟང་ངན་འབྱེད་པའི་སྙན་ངག་དེ།
རུས་པ་གཏན་ནས་མེད་པའི་སྙན་ངག་དེ།
སེམས་རྒྱ་མཁའ་ལས་ཡངས་པའི་ངེད་ཅག་གི།
ཀ་ཁ་ག་ཁའི་སྙན་ངག་ཏུ་ནམ་ཡང་མི་གཏོགས།
ཁྱེད་ནི་དོན་ངོ་མར།
རང་གི་རིགས་ལ་སྡང་སེམས་མེ་ལྟར་འབར་བའི་སྙན་ངག་དེ།
རང་གི་ཕ་མར་ཡང་གུས་ལུགས་གཞི་ནས་མེད་པའི་སྙན་ངག་དེ།
ལྟོ་བ་འབའ་ཞིག་གིས་སྟོན་པར་སྐུར་འདེབས་བྱེད་པའི་སྙན་ངག་དེ།
ཡིན་ལུགས་དོན་གྱི་སྲང་ལ་གཞལ་བ་ན།
ཅི་ཡང་ཡོད་མི་སྲིད་དོ།
ཁྱེད་ནི་དོན་ངོ་མར།
འཁྲིག་ཚིག་དམར་རྗེན་དུ་སྟོན་པའི་སྙན་ངག་དེ།
ཇ་ཁ་དང་ཆང་ཁ་ན་འཁྱིལ་བའི་སྙན་ངག་དེ།
ནུབ་གླིང་གི་ཁྱིམ་ལུད་བསྐྱར་ཟློས་བྱས་པའི་སྙན་ངག་དེ།
དབུ་ན་ༀ་དང་མཐའ་ན་ཧཱུཾ་གིས་མཛེས་པའི་ཁོར་ཡུག་འདི་ན།
རིན་ཐང་ཅི་ཡང་མེད།
ཁྱེད་ནི་དོན་ངོ་མར།


རྩོམ་ཡིག་སྔོན་མ།
འབྲོག་པ། (གཞན་གསུམ)
རྩོམ་ཡིག་རྗེས་མ།
སྡོང་རྒན་ (གཞན་གསུམ)

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1