ལི་ཐང་རྫོང་དགའ་བ་གྲོང་རྡལ་གྱིས་གློག་རྡུལ་ཚོང་དོན་གྱི་གསོ་སྦྱོང་འཛིན་གྲྭ་བཙུགས།

དབྱངས་ཅན་གྱིས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 12-20


 
        ཉེ་ཆར། ལི་ཐང་རྫོང་དགའ་བ་གྲོང་རྡར་གྱིས་གློག་རྡུལ་ཚོང་དོན་ལ་བརྟེན་ནས་དབུལ་ཐར་ཕྱུག་འགྱུར་ཡོང་བའི་གསོ་སྦྱོང་བྱས་ནས་གྲོང་རྡལ་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས500ལྷག་གསོ་སྦྱོང་བྱེད་སའི་ནང་ཞུགས་པ་རེད།
        གསོ་སྦྱོང་འདི་ནི་ལི་ཐང་རྫོང་འཕེལ་རྒྱས་དང་བཅོས་བསྒྱུར་ཅུས་ཀྱིས་གཙོ་གཉེར་བྱས་ཤིང་། དར་མདོ་དངོས་གྲུབ་གློག་རྡུལ་ཚོང་དོན་ཚད་ཡོད་འགན་འཁྲི་སྤྱི་གཉེར་ཁང་གིས་སྒྲུབ་འགན་ཁུར་བ་རེད། གསོ་སྦྱོང་བྱ་ཡུལ་དུ་ཆེད་ལས་གློག་རྡུལ་ཚོང་དོན་གྱི་འཆད་ཁྲིད་དགེ་རྒན་གྱིས་གོ་བདེ་ཞིང་ཉན་སླ་བའི་ཁ་སྐད་ཐོག་ནས་ས་གནས་དེ་གའི་མང་ཚོགས་ལ་ཞིང་ལས་གློག་རྡུལ་ཚོང་དོན་གྱི་གཞི་རྩའི་ཤེས་བྱ་དང་ཞིང་སྡེའི་གློག་རྡུལ་ཚོང་དོན་འཕེལ་རྒྱས་གཏོང་ཚུལ་བསླབས་པར་མ་ཟད།ད་དུང་ཐབས་ལམ་འཛུགས་སྐྱོང་དང་། དྲྭ་འབྲེལ་གློག་རྡུལ་ཚོང་དོན་གསར་གཏོད། ཞིང་ལས་ཀྱི་ཁྱད་ཐོན་དངོས་རྫས་བྲིན་འཚོང་བྱེད་ཚུལ་སོགས་ཀྱི་དངོས་དཔེར་ལྟ་བཅུག་པ་དང་ཡུལ་དངོས་སུ་བསམ་ཚུལ་བརྗེ་ལེན་དང་དྲིས་ལེན་རྒྱག་པ་སོགས་ཁག་ལྔ་ལ་བགོས་ནས་འབྲེལ་ཡོད་ཤེས་བྱ་འགྲེལ་བཤད་བྱས་པ་རེད།
        རྒྱལ་ཡོངས་ཀྱི་གོང་འོག་ཚང་མས་ལག་ཁྱེར་ཁ་པར་ཡོངས་ཁྱབ་འགྲོ་བཞིན་པའི་དུས་རབས་སུ་མི་གཞན་པས་དྲྭ་ཐོག་ནས་ཅ་ལག་ཉོས་པར་མཐོང་སྐབས། རང་གིས་ཅི་ལྟར་བྱས་ནས་ཉོ་སྒྲུབ་བྱེད་སྟངས་མི་ཤེས་པ་རེད། དེ་རིང་གསོ་སྦྱོང་འདི་བྱས་པར་བརྒྱུད་ནས་ང་ཚོས་ནོར་བཙལ་སོགས་དྲྭ་འབྲེལ་གློག་རྡུལ་ཚོང་དོན་གྱི་ལས་སྟེགས་ཐོག་ཅ་ལག་ཉོ་ཐུབ་པར་མ་ཟད། ད་དུང་ཅ་ལག་འཚོང་ཐབས་ཤེས་རྒྱུ་ནི་ང་ཚོས་ངེས་པར་དུ་སློབ་སྦྱོང་དང་རྒྱུས་ལོན་བྱ་དགོས་པའི་རྒྱུན་འཁོའི་ཤེས་བྱ་ཡིན་པར་ཧ་གོ་བྱུང་མ་གཏོགས་སྤྱི་ཚོགས་ཀྱི་རྗེས་སུ་ལུས་འགྲོ་ངེས་རེད། ཏང་དང་སྲིད་གཞུང་ལ་བཀའ་དྲིན་ཆེ། དེ་མ་ཟད་དེ་རིང་དགེ་རྒན་གྱིས་ང་ཚོར་ཤེས་བྱ་གསར་པ་དང་འདུ་ཤེས་གསར་པ་ཁྱེར་འོང་བར་བཀའ་དྲིན་ཆེ་ཞེས་འགོ་སྟེང་གྲོང་སྡེའི་ཨུ་ལྷན་གྱི་ཀྲུའུ་རེན་བསོད་ནམས་ཚེ་རིང་གིས་གསོ་སྦྱོང་ནང་ཞུགས་རྗེས་རང་ལ་ཐོབ་པའི་མྱོང་ཚོར་ཟབ་མོ་བཤད་པ་རེད།
        ཐེངས་འདིར་གསོ་སྦྱོང་བྱས་པར་བརྒྱུད།ཡུལ་དེའི་མི་སེར་ཚོར་གློག་རྡུལ་ཚོང་དོན་གྱི་དྲྭ་འབྲེལ་ལས་སྟེགས་ཀྱི་ཤེས་བྱ་ཁྱབ་གདལ་བཏང་བ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1