ཁྲེན་ཏུའུ་ནས་ཐད་ཀར་ཆབ་མདོར་འཕུར་བའི་གནམ་གྲུའི་མཁའ་ལམ་ཤར་གཏོང་བྱས་པ།

རྩོམ་སྒྲིག་པ།ཡོང་ཁུངས། མི་དམངས་དྲ་བ། སྤེལ་དུས། 12-21


        ཉེ་ལམ། བོད་ལྗོངས་མཁའ་འགྲུལ་ཀུང་སི་ཡིས་ཁྲེན་ཏུའུ་ནས་ཆབ་མདོའི་བར་ཐད་ཀར་ཕར་ཚུར་འཕུར་བའི་མཁའ་ལམ་དངོས་སུ་ཤར་གཏོང་བྱས་ཤིང་། འདིའི་ཐོག་ནས་ཁྲེན་ཏུའུ་ནས་ཆབ་མདོའི་བར་གྱི་དུས་གཏན་གནམ་གྲུ་ལན་གྲངས་ཉིན་རེར་མང་ཤོས་དུས་གཏན་གནམ་གྲུ་ལན་3དུ་འཕར་སྣོན་བཏང་བས། ས་གནས་གཉིས་ཀྱི་འགྲུལ་པ་ཚོ་ཕར་ཚུར་འགྲོ་འོང་བྱེད་རྒྱུའི་གནོན་ཤུགས་ལྷོད་དུ་བཏང་ཡོད་ལ། འགྲུལ་པ་ཚོར་སྟབས་བདེ་བའི་འགྲིམ་འགྲུལ་ཁོར་ཡུག་ཡང་མཁོ་འདོན་བྱས་ཡོད་པ་རེད།
        འདིའི་སྔོན་ལ་རྒྱལ་ཁབ་མཁའ་འགྲུལ་ཀུང་སི་གཅིག་པུས་ཁྲེན་ཏུའུ་ནས་ཆབ་མདོའི་བར་ཐད་ཀར་འཕུར་བའི་གནམ་གྲུ་ཤར་གཏོང་བྱེད་ཀྱི་ཡོད་ཅིང་། ཉིན་རེར་ཕར་ཚུར་དུས་གཏན་གནམ་གྲུ་ལན་གཉིས་རེ་འཕུར་གྱི་ཡོད་པ་རེད། བོད་ལྗོངས་མཁའ་འགྲུལ་ཀུང་སི་ཡིས་ཤར་གཏོང་བྱེད་པའི་ཁྲེན་ཏུའུ་ནས་ཆབ་མདོའི་བར་ཐད་ཀར་འཕུར་བའི་གནམ་གྲུ་ནི་གཟའ་འཁོར་རེའི་གཟའ་ཟླ་བ་དང་ལྷག་པ། པ་སངས། ཉི་མ་བཅས་ལ་འཕུར་གྱི་ཡོད་ཅིང་། འཕུར་ཐེངས་རྐྱང་པར་དུས་ཚོད་ཕལ་ཆེར་ཆུ་ཚོད་1དང་སྐར་མ་30འགོར་གྱི་ཡོད་པ་རེད། ཁྲེན་ཏུའུ་ནས་ཆབ་མདོའི་བར་འཕུར་བའི་དུས་གཏན་གནམ་གྲུའི་ཨང་གྲངས་TV9893ཡིན་ཞིང་།  དེ་ནི་སྔ་དྲོར་ཆུ་ཚོད་8དང་སྐར་མ་35ཐོག་ཁྲེན་ཏུའུ་ནས་འཕུར་ཞིང་། ཆུ་ཚོད་10དང་སྐར་མ་5ཐོག་ཏུ་ཆབ་མདོ་རུ་སླེབས་རྒྱུ་དང་། ཕྱིར་ལོག་པའི་དུས་གཏན་གནམ་གྲུའི་ཨང་གྲངས་TV9894ཡིན་ཞིང་།  སྔ་དྲོའི་ཆུ་ཚོད་11དང་སྐར་མ་5ཐོག་ཆབ་མདོ་ནས་འཕུར་ཞིང་། ཆུ་ཚོད་12དང་སྐར་མ་25ཐོག་ཏུ་ཁྲེན་ཏུའུ་རུ་སླེབས་རྒྱུ་ཡིན་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1