གཙོ་ངོས།>> སྒྱུ་རྩལ།>>ལག་རྩལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། ༢༠༡༧ལོའི་ཟླ་བ་༡༢ཚེས་༢༡ཉིན།

༄༅།། རྫབ་ཀྱི་སྐོར།

       རྫབ་ཅེས་པ་ནི་ཤིང་རིགས་ཀྱི་སྡོང་པོ་དང་། ཡལ་ག་རྩ་བ་བཅས་ལས་བྱུང་བའི་ཤིང་དེའི་ངོ་བོ་འགྱུར་ཏེ་ལྦ་བའི་རིགས་ཀྱི་ནང་ནས་རྩ་ཆེ་ཞིང་རིན་ཐང་ཆེ་བའི་ཆ་ཤས་དེ་ཡིན། རྫབ་ཅེས་པ་ནི་ཁམས་ཕྱོགས་ཀྱི་ཤོད་སྲོལ་དུ་རྫབ་ཡོད་སར་མཚན་མོ་མེ་འབར་བ་བཞིན་འོད་འཚེར་གྱིན་ཡོད་ཅེས་ཤོད་སྲོལ་ཡོད། དང་ཐོག་རྫབ་ཡོད་པ་གཏན་འཁེལ་རྗེས་ཁག་གཅིག་གིས་ལྷམ་སོགས་གཡུགས་ཏེ་གཞི་ནས་རྫབ་དེ་བཀོག་ཐབས་མ་བྱས་ན་རྫབ་ཡལ་ཡང་སྲིད། རྫབ་ཅེས་པ་ནི་ནོར་བུའི་རིགས་སུ་གཏོགས། 

        རྫབ་ལ་དབྱེ་ན་བརྒྱད་ཡོད་དེ་རྫབ་ལུག་ཀླད་མ་དང་། རྫབ་མེ་འབར་མ། རྫབ་འུག་སྒྲོ་མ། རྫབ་ཁྲ་སྒྲོ་མ། རྫབ་ཉ་མིག་མ། རྫབ་ཕག་སྤུ་མ། སེང་རྫབ་ལྕང་ལོ་མ། སེང་རྫབ་བྱ་རྗེས་མ་བཅས་སོ།། རྫབ་ལུག་ཀླད་མ་ནི་ལུ་གུའི་ཀླད་པ་དང་འདྲ་བས་དེ་སྐད་ཅེས་དང་། རྫབ་མེ་འབར་མ་ནི་ཤོད་སྲོལ་དུ་མཚན་མོ་མེ་འོད་འབར་བ་ལྟ་བུ་ཡོད་སྐད། རྫབ་འུག་སྒྲོ་མ་ནི་བྱ་འུག་པའི་སྒྲོ་རིས་དང་འདྲ་བས་དེ་ལྟར་འབོད། རྫབ་ཁྲ་སྒྲོ་མ་ནི་བྱ་ཁྲའི་སྒྲོ་རིས་དང་འདྲ་བས་ན་དེ་སྐད་ཅེས་འབོད། རྫབ་ཉ་མིག་མ་ནི་ཉ་མིག་དང་འདྲ་བས་དེ་ལྟར་རོ།། རྫབ་ཕག་སྤུ་མ་ནི་ཕག་པའི་སྤུ་རིས་ཡོད་པས་ན་དེ་སྐད་ཅེས་སོ།། སེང་རྫབ་ལྕང་ལོ་མ་ནི་ལྕང་མའི་ལོ་མ་དང་འདྲ་བས་དེ་ལྟར་བརྗོད། སེང་རྫབ་བྱ་རྗེས་མ་ནི་བྱའི་རྗེས་དང་མཚུངས་པས་དེ་ལྟར་འབོད་དོ།།
      ད་ཆ་སྤྱི་ཚོགས་འཕེལ་རྒྱས་འགྲོ་བ་དང་བསྟུན་ནས་མི་སོ་སོའི་དང་དོད་ཀྱང་ཆེ་རུ་ཕྱིན་ཏེ་རྫབ་ཀྱི་སྒོག་ཕོར་རྩེ་གྲ་ལྟ་བུར་སྒོར་ཁྲི་གསུམ་ནས་ལྔ་བར་དགོས་ཀྱི་ཡོད། རིན་གོང་དེ་ལྟར་ཆེ་དོན་ནི་ད་ཆ་ཤིང་དེ་རིགས་ལོ་ཤས་བཙལ་ཡང་མི་རྙེད་པ་སྲིད་པས་ཡིན། སྒོག་ཕོར་ནི་ཇ་ཕོར་དང་མི་འདྲ་སྟེ་ཇ་ཕོར་ཡིན་ན་ཕོར་རྡོག་ཆུང་ཆུང་གིས་ཆོག་གི་ཡོད། སྒོག་ཕོར་ནི་ཕོར་རྡོག་ཆེ་ཆུང་གཉིས་དགོས་པའི་ཕྱིར་ན་མ་གནས་ཀྱང་མཐོ་བ་ཡོད། རྫབ་ཡག་ཤོས་ཀྱི་ཇ་ཕོར་གཅིག་ལ་སྒོར་ཁྲི་གཅིག་ལྷག་ཙམ་དགོས་ཀྱི་ཡོད། རྫབ་ཡག་པོ་ཞིག་ཁྱིམ་དུ་ཡོད་ན་ཁྱིམ་ཚང་དེའི་མཛེས་རྒྱན་ལྟ་བུར་བརྩིས་ནས་དང་དོད་ཅན་གྱི་མི་སྣ་དང་རྒྱུས་མངའ་མཁན་གྱིས་ཕ་མེས་ཡང་མེས་བར་ཉར་ཚགས་གནང་ནས་སྤྱོད་ཀྱིན་ཡོད། ཕོར་པ་དེ་རིགས་སྤྱད་ན་ཚེ་དང་བསོད་ནམས་འཕེལ་བ་དང་རླུང་རྟ་དར་ཞིང་དབང་ཐང་འཕེལ་བ་སོགས་ཤོད་རྒྱུན་ཡོད་པར་མ་ཟད་ཟས་ཀྱི་རོ་བཅུད་མི་ཉམས་པ་དང་ཟས་དུག་འགོག་ཐུབ་པ་དང་། ལུས་ཀྱི་གཉན་ཚད་སེལ་ཐུབ་པའི་ཁྱད་ཆོས་ཚང་ཡོད་ཅེས་དང་གཞན་ཡང་རྫབ་ཕོར་སྤྱོད་མཁན་ནི་མི་བསོད་ནམས་ཅན་ཞིག་ལ་བརྩི་སྲོལ་ཡོད་པ་ལས་བསོད་ནམས་མེད་ན་རྫབ་ཕོར་སྤྱོད་པའི་དབང་ཐང་ཡང་མེད་ཅེས་ཤོད་སྲོལ་ཡོད།།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1