ཀྲའོ་ལི་ཅི་ཡིས་ཧྥུའུ་ཅན་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།

རྩོམ་སྒྲིག་པ།ཡོང་ཁུངས།ཞིན་ཧྭ་དྲ་བ། སྤེལ་དུས། 12-25


        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཀྲའོ་ལི་ཅི་ཡིས་ཚེས་ཉེར་གཅིག་ཉིན་ནས་ཚེས་ཉེར་གསུམ་ཉིན་བར་ཧྥུའུ་ཅན་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད། ཁོང་གིས་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། རྟོག་དཔྱོད་ཞིབ་འཇུག་གི་སྲོལ་བཟང་དར་སྤེལ་བྱེད་པ་དང་། སང་ལོ་དང་ཕྱིན་ཆད་ཀྱི་དུས་སྐབས་ཤིག་གི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་བྱ་བར་ཇུས་འགོད་བཟང་བོ་བྱས་ནས། བསམ་ཕྱོགས་དང་བྱེད་ཐབས་སྔར་ལས་ཚན་རིག་དང་སྔར་ལས་གཟབ་ནན། སྔར་ལས་ནུས་ལྡན་གྱི་ཕྱོགས་སུ་སྒྱུར་ཏེ། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་བྱ་བ་བཟང་བོར་བསྒྲུབ་དགོས་ཞེས་བསྟན། 
        ཀྲའོ་ལི་ཅི་ཉིན་ཏི་གྲོང་ཁྱེར་ཞ་ཕུའུ་རྫོང་ཏུང་ཧྲན་སྡེ་བའི་དབུལ་ཕོངས་ཁྱིམ་ཚང་དུ་ཕེབས་ནས། དབུལ་ཕོངས་མང་ཚོགས་ལ་འཚམས་འདྲི་གནང་བ་དང་། མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ། དབུལ་བཅོས་ཕྱུག་སྒྱུར་བྱ་བའི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་མཛད་རྗེས། ཁོང་གིས་གཞི་རིམ་གྱི་ཏང་ཡོན་ལས་བྱེད་པས་སྟོབས་ཤུགས་ཡོད་རྒུ་བཏོན་ནས་མང་ཚོགས་ཁྲིད་དེ་དབུལ་ཐར་བྱེད་པའི་སྲོལ་རྒྱུན་བཟང་བོ་དང་སྤྱོད་ཚུལ་བཟང་བོ་དར་སྤེལ་བྱས་ནས། དབུལ་ཐར་མཁྲེགས་གཏོར་གྱི་བྱ་བ་སྣ་ཚོགས་བཟང་བོར་སྒྲུབ་དགོས་པའི་རེ་བ་བཏོན། 
        ཀྲང་ཀྲིག་དང་ཉིན་ཏེ་ནས་ཀྲའོ་ལི་ཅི་ཡིས་ལྟ་ཞིབ་སྒྲིག་གཞི་བཅོས་སྒྱུར་ཚོད་ལྟའི་བྱ་བའི་གནས་ཚུལ་ལ་རྒྱུས་ལོན་ཟབ་མོ་མཛད་པ་དང་། གཞི་རིམ་གྱི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་བྱེད་པ་དང་བརྩེ་བའི་བརྗེ་རེས་མཛད་པར་མ་ཟད་བཞུགས་མོལ་ཚོགས་འདུ་བསྡུས། ཀྲའོ་ལི་ཅི་ཡིས་གསུངས་རྒྱུར། རྒྱལ་ཁབ་ལྟ་ཞིབ་སྒྲིག་གཞི་བཅོས་སྒྱུར་ཚོད་ལྟའི་བྱ་བའི་ཐད་ནས་དུས་རིམ་རང་བཞིན་གྱི་གྲུབ་འབྲས་བླངས་པ་དང་། སྤྱིའི་འཕེལ་རྒྱས་ཀྱི་གནས་བབ་ཇེ་ལེགས་སུ་སོང་ཡོད། རིམ་པ་སོ་སོའི་ཏང་ཨུས་གཙོ་གཞིའི་འགན་འཁྲི་ཕྲག་ཏུ་ཁུར་དགོས་ལ། ཏང་ཨུའི་ཧྲུའུ་ཅི་ཡིས་སྣེ་ཁྲིད་པའི་ནུས་པ་འདོན་སྤེལ་བྱེད་དགོས་ཏེ། མི་སྣ་དང་བྱ་བ་གཉིས་མཉམ་བསྲེས་བྱེད་པར་སྐུལ་འདེད་བཏང་ནས། ཚད་རིག་དང་ནུས་ལྡན་གྱི་ལྟ་ཞིབ་དབང་ཆ་འཁོར་རྒྱུག་སྒྲིག་གཞི་འཛུགས་པར་འཚོལ་ཞིབ་བྱ་དགོས་ཞེས་བསྟན། 
        གཟིགས་ཞིབ་མཛད་སྐབས། ཀྲའོ་ལི་ཅི་ཡིས་འགོ་འཛིན་མཛད་དེ་ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་ཁ་ཤས་ཀྱི་སྒྲིག་ཁྲིམས་ཞིབ་བཤེར་བྱ་བའི་ཚན་ཆུང་གི་ཚན་གཙོ་དང་ཞིང་ཆེན་དང་གྲོང་ཁྱེར། རྫོང་བཅས་ཀྱི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅིའི་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། ཚང་མས་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་བྱ་བ་བཟང་བོར་སྒྲུབ་པའི་ཐད་ཀྱི་བསམ་འཆར་ལ་ཞིབ་ཏུ་ཉན། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1