གནང་ཞུ་ཡི་གེ

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-02


  གནང་ཞུ་ཡི་གེ

                   མགོ་ཐོག་གི་ལྷ་དང་ལྷ་མོ  དགོངས་དག

                   རྐང་འོག་གི་ཀླུ་དང་ཀླུ་མོ  དགོངས་དག


                   ངས་མི་ཡུལ་ནས་མཚར་སྡུག་གི  ཡིད་འོང་གི

                   རྣམ་ཤེས་ཐོགས་པའི་མེ་ཏོག་རྐང་གཅིག་ལ

            ཁྲག་དྲོན་གྱིས་དྲོད་ཁོལ་སྦྱིན་དགོས

            མིག་ཆུས་བརླན་གཤེར་སྦྱིན་དགོས

            ང་ལ་མཐའ་མཇུག་གི་རུས་ཐལ་སྤར་མོ་གང་ལས་མ་ལྷག་ནའང

            ངས་དེ་ལ་བརྩེ་དུངས་ཞེས་འབོད་དགོས་བྱུང


            མི་མངོན་པའི་བཙན་དང་མ་མོ  དགོངས་དག

            ཆགས་སྡང་གི་གཉན་དང་སྲུང་མ  དགོངས་དག


            ངས་དོ་ནུབ་ཀྱི་མཚན་མོ་ལ་མུན་ནག་བསུས་ཡོད

            ངས་དོ་ནུབ་ཀྱི་མུན་ནག་ལ་སྒྲོན་མེ་སྦར་ཡོད

            ང་ནི་མ་གཞི་ནས་མེ་ལྕེར་ལྕེབས་འོས་པའི་ཕྱེ་ལེབ་ཅིག་སྟེ

            ང་ཡི་སང་ཉིན་ལ་མིག་ཟུང་འབྱེད་མཁན

            ང་ལ་མཐའ་མཇུག་རུས་ཐལ་སྤར་མོ་གང་ལས་མ་ལྷག་ནའང

            ངས་ཁྱོད་ལ་བདེ་སྐྱིད་ཅེས་འབོད་ཆོག་པར་ཞུ


[ཕྲན་དཔྱད།/ས་དམར་གྲགས་པ། (ལྷ་ས)] ངས་དུས་རྒྱུན་དུ་སྙན་ངག་ཀློག་དུས་རང་གི་ཁ་རླངས་སྐམ་སོང་བ་ལྟ་བུའི་སྣང་བ་ཞིག་ཨེ་འབྱུང་ལྟ་བཞིན་ཡོད།  དེ་ནི་ཧ་ཅང་ཡ་ང་བའི་ཚོར་བའམ་ཡང་ན་ཡིད་དུ་འོངས་པའི་འཁྲུལ་བ་ཞིག་ཡིན་ཡང་སྲིད་མོད།  འོན་ཀྱང་ལོ་འདི་དག་ལ་དེ་འདྲའི་ཚོར་བ་སྦྱིན་མཁན་གྱི་སྙན་ངག་པ་ཧ་ཅང་ནས་ཉུང་།  དེ་བཞིན་སྙན་ངག་པ་འབྲོང་ཕྲུག་ལགས་ལ་མཚོན་ནས་བཤད་ནའང༢༠༡༡ལོ་ནས་ཁོང་གི་སྙན་ངག་གིས་ང་ལ་དེ་འདྲའི་སྣང་བ་ཞིག་སྦྱིན་མ་སོང་།  གཅིག་བྱས་ན་ཁ་གྲངས་མང་བའི་བོད་ཀྱི་སྙན་ངག་པའི་སྡེ་རུ་འུར་གྱིས་འཚང་ནས་སྙན་ངག་གི་སྤུས་ཀའི་རྒྱ་ཤིང་དྲང་མོ་ཞིག་བློ་ནས་བོར་སོང་བའམ་འབོར་གྱིན་འདུག་ལ།  ཡང་མིན་ན་བོད་ཀྱི་སྙན་ངག་གི་ལམ་ཀ་འདི་ལ་འགྱུར་བ་ཅུང་ཟད་ཙམ་འབྱུང་རྒྱུའི་སྔ་ལྟས་ཡིན་ཡང་སྲིད།

     སྙན་ངག་འདིའི་སྤྱི་ཡོངས་ནས་བལྟས་ན་འདི་ནི་ལས་ཁུངས་ག་གེ་མོར་ཕུལ་བའིགནང་ཞུ་ཡི་གེཞིག་མ་ཡིན་ལ།  རང་གི་ནང་སེམས་ཀྱི་འཇིག་རྟེན་གྱི་ཆེས་ཐག་ཉེ་བའི་བརྩེ་དུངས་ལགནང་ཞུ་ཡི་གེཞིག་ཕུལ་བ་ལྟར་སྣང་མོད།  འོན་ཀྱང་སྙན་ངག་པས་དེ་ལྟར་བྲིས་པ་ཞིག་མིན་ཡང་སྲིད།  ངའི་སྣང་ངོར་སྙན་ངག་པ་ཁོང་གི་བརྩེ་དུངས་ཞེས་པའི་འཁོར་བའི་ཟས་བཅུད་འདི་ལ་བཅངས་པའི་འདུ་ཤེས་ཁྲོད་ཀྱི་འཕྲུལ་སྣང་ཙམ་ཞིག་ལགནང་ཞུ་ཡི་གེའདི་ཕུལ་བ་ཡིན་པར་འདོད་ལ།  འགྲོ་བ་མིའི་རིགས་ཀྱི་བརྩེ་དུངས་ཞེས་པའི་ནང་སེམས་ཀྱི་དགའ་གདུང་གི་ཆ་འདི་ལ"ལྷ་དང་ལྷ་མོ"དང"ཀླུ་དང་ཀླུ་མོ""བཙན་དང་མ་མོ""གཉན་དང་སྲུང་མ"ཚོགས་ལ་འབྲེལ་བ་དེ་ཙམ་ཡོད་དམ།  གཙོ་བོ་སྙན་ངག་པ་ཁོང་གིས་སྙན་ངག་འདིའི་ནང་དུ"ངས་མི་ཡུལ་ནས་མཚར་སྡུག་གི /ཡིད་འོང་གི /རྣམ་ཤེས་ཐོགས་པའི་མེ་ཏོག་རྐང་གཅིག་ལ /ཁྲག་དྲོན་གྱིས་དྲོད་ཁོལ་སྦྱིན་དགོས /མིག་ཆུས་བརླན་གཤེར་སྦྱིན་དགོས /ང་ལ་མཐའ་མཇུག་གི་རུས་ཐལ་སྤར་མོ་གང་ལས་མ་ལྷག་ནའང /ངས་དེ་ལ་བརྩེ་དུངས་ཞེས་འབོད་དགོས་བྱུང"ཞེས་པའི་སྡུག་གི་ཕུང་བོ་ལྟ་བུའི་སེམས་ཀྱི་འཁང་ར་འདི་ལ་ཚིག་གི་རྒྱན་སྤྲས་ཏེ"ང་ལ་མཐའ་མཇུག་རུས་ཐལ་སྤར་མོ་གང་ལས་མ་ལྷག་ནའང"ཞེས་སྐྱ་ཐང་ཐང་གི་སྣང་བ་ཞིག་བྲིས་འདུག་ལ།  དེ་བཞིན"ངས་དོ་ནུབ་ཀྱི་མཚན་མོ་ལ་མུན་ནག་བསུས་ཡོད /ངས་དོ་ནུབ་ཀྱི་མུན་ནག་ལ་སྒྲོན་མེ་སྦར་ཡོད /ང་ནི་མ་གཞི་ནས་མེ་ལྕེར་ལྕེབས་འོས་པའི་ཕྱེ་ལེབ་ཅིག་སྟེ /ང་ཡི་སང་ཉིན་ལ་མིག་ཟུང་འབྱེད་མཁན /ང་ལ་མཐའ་མཇུག་རུས་ཐལ་སྤར་མོ་གང་ལས་མ་ལྷག་ནའང /ངས་ཁྱོད་ལ་བདེ་སྐྱིད་ཅེས་འབོད་ཆོག་པར་ཞུ"ཞེས་ཡང་ནས་ནན་དུ་སྙན་ངག་ཐུང་ཐུང་འདིའི་ནང་དུ"ང་ལ་མཐའ་མཇུག་རུས་ཐལ་སྤར་མོ་གང་ལས་མ་ལྷག་ནའང"ཞེས་ཚིག་འདི་ཐེངས་གཉིས་བཀོལ་འདུག་མོད།  འདིའི་བསྟན་དོན་ནི་འཁོར་བའི་སྡུག་བསྔལ་སེམས་ནས་མ་བཟོད་པར་དཀར་པོ་ཆོས་ལ་བློ་ཁ་འཁོར་བའི་སྐད་ཅིག་མ་དེར་ངག་ནས་ཤོར་བའི་ཁ་རླངས་ཚ་མོ་དེ་མ་ཡིན་པར།  འཚོ་བའི་རུས་གསེང་ནས་རང་ལ་དབང་ཆོག་ཆོག་གི་བརྩེ་དུངས་ཤིག་ལ་སེམས་པ་ཤོར་ཏེ་ནན་གྱིས་དེ་དག་མིག་གིས་བཟུང་ཡང་།  ལུས་ཀྱིས་འཛིན་མ་ཐུབ་པ་ལྟ་བུའི་ཚོར་བ་ཞིག་གིས་སྙན་ངག་པ་ཁོང་ལ་འཇིག་རྟེན་ལུགས་ཀྱི་དངོས་འཛིན་འབོར་བཞིན་པའི་བརྩེ་དུངས་ཟེར་བ་འདི་ལ་ཏུར་དུ་ཡུས་ཙམ་བཤད་དུ་བཞག་པ་ཙམ་མོ།།

     སྤྱིར་སྙན་ངག་འདི་ཀློག་བདེ་ལ་རྗོད་པ་ལྷོད་པའི་ཉམས་དང་ལྡན་ན་ཡང་། སྙན་ངག་པས་ཚོར་བ་ཕྲ་ཞིང་ཕྲ་བ་ཞིག་ང་ཚོར་སྟོན་འདོད་ཀྱིས"ང་ནི་མ་གཞི་ནས་མེ་ལྕེར་ལྕེབས་འོས་པའི་ཕྱེ་ལེབ་ཅིག་སྟེ"ཞེས་ཚིག་གནད་ལ་འཁེལ་བ་ཞིག་འབྲི་འདོད་ཡོད་ཀྱང་།"ངས་དོ་ནུབ་ཀྱི་མཚན་མོ"ལྟ་བུ་དང"མེ་ལྕེར་ལྕེབས་འོས"ཞེས་པའི་ཚིག་རེ་འགའ་ལ་བློ་རིག་མ་སྨིན་པའི་ནད་ཅིག་འདུག་གོ། 

    སྐད་ཆ་ཐུང་ཐུང་འདི་ངས་སྙན་ངག་པ་འབྲོང་ཕྲུག་ལགས་ཀྱིས་བརྩམས་པའི་སྙན་ངགགནང་ཞུ་ཡི་གེཞེས་པ་འདི་ཐེངས་གང་མང་ཞིག་ལ་བཀླགས་པའི་རིན་དོད་ཙམ་ཞིག་ཏུ་ཕུལ་བའོ།།



རྩོམ་ཡིག་སྔོན་མ།
ངག་མ་འཁྲོལ་བའི་མི་གཉིས།
རྩོམ་ཡིག་རྗེས་མ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1