༄༅། །དམངས་ཁྲོད་གཏམ་རྒྱུད་ཀླུ་འབུམ་མི་རྒོད།

དམངས་ཁྲོད། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།རིག་འབྱུང་དྲ་བ། སྤེལ་དུས། 07-31


 

          ཀླུ་འབུམ་མི་རྒོད་ནི་མདོ་སྨད་སྐུ་འབུམ་དགོན་པ་ལ་ཚོ་བ་དྲུག་གམ་ཤོག་ཁ་དྲུག་ཡོད་པའི་ནང་གི་ཀླུ་འབུམ་ཚོ་བ་ནས་འཁྲུང་པའི་གྲྭ་བ་སྟོབས་ལྡན་ཞིག་ཡིན།སྡེ་བ་དེའི་ཉེ་འདབས་ན་ཆུ་མིག་ཧ་ཅང་སངས་རྒྱས་རྒྱ་མཚོས་ཀུན་མཁྱེན་འཇམ་དབྱངས་བཞད་པ་ངག་དབང་བརྩོན་འགྲུས་ལ་རྟོགས་པའི་ཚོད་བརྟག་ཆེད་དུག་དྲངས་པ་ཀླུ་འབུམ་མི་རྒོད་ཀྱིས་ནན་གྱིས་ཞུས་ཏེ་དུག་སྦྱོང་དུ་བཅུག་པའི་ལོ་རྒྱུས་ཡོད་པས་ཀུན་མཁྱེན་ནི་རབ་བྱུང་བཅུ་གཅིག་པའི་ས་བྱི་(སྤྱི་ལོ་1548)དང་།སྡེ་སྲིད་སངས་རྒྱས་རྒྱ་མཚོ་རབ་བྱུང་བཅུ་གཅིག་པའི་ཆུ་སྦྲུལ་(སྤྱི་ལོ་1653)ལ་འཁྲུངས་པས་ན།ཀླུ་འབུམ་མི་རྒོད་དུས་སྐབས་དེའི་མི་ཡིན་པས་ཁོ་རང་ནི་རབ་བྱུང་བཅུ་གཅིག་ནས་བཅུ་གཉིས་པའི་བར་གྱི་མི་ཡིན་པ་ཤིན་ཏུ་གསལ།ཀླུ་འབུམ་མི་རྒོད་ཆུང་དུས་ནས་ལྷ་ལྡན་གྲོང་དུ་ཕེབས་ཤིང་།དེ་ཡང་ངག་རྒྱུན་དུ་ཁོས་ལྷ་སའི་ཇོ་བོ་རིན་པོ་ཆེ་ལ་མཇལ་སྐབས།ས་སྟེང་གི་སྐྱེ་བོ་མ་རུང་པ་རྣམས་ཟིལ་གྱིས་གནོན་པའི་མི་སྟོབས་ལྡན་ཞིག་ཏུ་འགྱུར་བའི་སྨོན་ལམ་བཏབ་པས་མ་འགྱངས་པར་མངོན་འགྱུར་བྱུང་ཟེར།

          ཀླུ་འབུམ་མི་རྒོད་དམངས་ཁྲོད་དུ་གྲགས་སྐད་ཆེ་བ་ནི། ཁོ་རང་སྟོབས་རྩལ་ལ་འགྲན་ཟླ་མེད་པ་ཞིག་ཡིན་པས་རང་གི་སྟོབས་ལ་བརྟེན་ནས་ཁྲིམས་མེད་ལུགས་མེད་ཀྱི་སྐྱེ་བོ་ངན་པ་རྣམས་ཚར་བཅད་ཅིང་།གཉོམ་ཆུང་ལ་རོགས་སྐྱོར་བྱེད་པ།ལྷག་པར་དུ་རི་བོ་དགེ་ལྡན་པའི་དགོན་ཆེན་བཞིའི་ཡ་གྱལ་དཔལ་ལྡན་འབྲས་དཀར་སྤུངས་པའི་དགོན་དང་། ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་བཅས་ནས་རྩལ་རྟགས་བསྟན་པས་ཁོང་གི་སྙན་གྲགས་མདོ་དབུས་ཡོངས་སུ་ཁྱབ་པ་རེད།གཤམ་དུ་དེའི་ཕྱོགས་ཀྱི་གྲགས་ཆེ་བའི་ངག་རྒྱུན་ཞིག་བཀོད་ན།
ཀླུ་འབུམ་མི་རྒོད་སྟོབས་རྩལ་ཆེ་བ་མ་གཏོགས་གཞུང་ལུགས་སློབ་གཉེར་གྱི་ཕྱོགས་ལ་མི་མཁས་པས་སྒོ་མང་གྲྭ་ཚང་ཀླུ་འབུམ་ཁམས་ཚན་ནས་ཁོ་ལ་བཞུགས་གྲལ་མེད།ཉིན་ཞིག་ཁོས་འབྲས་སྤུངས་ཚོགས་ལ་འཚོགས་པའི་སྐབས་སུ།རྡོ་ཕ་བོང་གཡག་རོ་ཙམ་གསུམ་ཁྱེར་འོངས་ཏེ་ཚོགས་ཆེན་འདུ་ཁང་གི་སྒོ་གསུམ་བཅད་དེ་ཚོགས་གྲོལ་དུ་མ་བཅུག་པ་ལ།དགེ་བསྐོས་སོགས་ཀྱི་ཞུ་བ་ཕུལ་བ་ལ་ཁོས་ད་དུང་དགེ་བཤེས་ཡོད་ན་འཕུར་ཤོགརྡོབ་རྡོབ་ཡོད་ན་བསློག་ཤོག ཅེས་ཏེ་མ་ཉན་པས་ཚང་མས་ཁོ་ལ་སྒོ་མང་གྲྭ་ཚང་དང་ཀླུ་འབུམ་ཁམས་ཚན་ནས་བཞུགས་གྲལ་རེ་སྟེར་རྒྱུའི་ཐག་བཅད་པས་ཁོས་རྡོ་ཕ་བོང་གཡག་རོ་ཙམ་གསུམ་དེ་འབྲས་སྤུངས་སྐོར་ལམ་དུ་བསྐྱལ།
            རྗེས་སུ་སྡེ་བ་གཞུང་གིས་ཀླུ་འབུམ་མི་རྒོད་ལ་ཞེ་ས་བྱེད་ཆེད་རྒྱལ་མཚན་ཞིག་བཙུགས།དེར་འབྲས་སྤུངས་དགོན་པའི་གྲྭ་བ་རྣམས་ནས་ཀུ་རེའི་ཚུལ་གྱིས་ཀླུ་འབུམ་མི་རྒོད་མི་རེད།།རྡོ་ཡི་རྒྱལ་མཚན་རྡོ་རེད།།མགོ་ལ་རྒྱལ་མཚན་བཙུགས་པ།།སྐྱེ་བ་སྔོན་གྱི་ལས་རེད།།ཅེས་གཞས་གཏོང་མྱོང་ཟེར།ཡང་ཉིན་ཞིག་ཀླུ་འབུམ་མི་རྒོད་ར་ས་འཕྲུལ་སྣང་དུ་ཚོགས་པ་བཞུགས་སྐབས།གྲྭ་བ་རྣམས་ཀྱིས་ཀླུ་འབུམ་མི་རྒོད་ཀྱི་སྙན་གྲགས་ཐོས་པས་རྩལ་ཞིག་སྟོན་པའི་རེ་བ་ཡང་ཡང་ཞུས་པའི་ཚེ།ཁོས་ལག་གི་རྡོ་མ་མོའི་མཆིན་པ་ཙམ་དེ་ཇོ་ཁང་གོ་ཁྱམས་ར་ལ་གཏད་དེ་འཕངས་པ་ན།རྡོ་དེ་ཀ་བའི་གསེང་ལ་འཛུལ་ཞེས་གྲགས།ཡང་ཉིན་ཞིག་ཀླུ་འབུམ་མི་རྒོད་དང་སྔགས་ཕྲུག་ཅིག་མ་འཆམ་པར་འཐབ་པས།ཀླུ་འབུམ་མི་རྒོད་ཀྱིས་ལག་པའི་ཁུ་ཚུར་གཡུགས་ཐེངས་གཅིག་གིས་དེའི་སྔགས་རལ་ས་ལ་གཡུགས།གྱོད་བཤད་སྐབས་ཀླུ་འབུམ་མི་རྒོད་ཀྱིས་གྲིས་བརྒྱབ་པ་མིན་ཚུལ་གྱི་དབང་དུ་ཁུ་ཚུར་གཅིག་གིས་འདུ་ཁང་གི་དཀྱིལ་ཀར་ཁུང་བུ་དོད་ཙམ་བྱས་པས་ཚང་མས་ཀླུ་འབུམ་མི་རྒོད་ཀྱི་ཁུ་ཚུར་སྟེང་ན་གྲི་ཡོད་ཅེས་གྲགས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1