ཁྲོ་ཆུའི་ཆུ་ནག་ཡུལ་ཚོའི་དབུལ་སྒྲོལ་གྱི་གཏམ་རྒྱུད།

ཆོས་རྒྱས། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 01-08


     མུའུ་བརྒྱ་ལྷག་གི་སྲན་མ་དང་། མུའུ400ལྷག་གི་ལི་སོབ་དམར་པོ་དང་སྔོན་པོ། མུའུ120ལྷག་གི་གཡེར་མའི་རྟེན་གཞི་སོགས་ལོ་ལེགས་ཕུན་སུམ་ཚོགས་པ་བྱུང་ཡོད། ཁྲོ་ཆུའི་ཆུ་ནག་ཡུལ་ཚོར་ཁྱིམ་ཚང910དང་མི2955ཡོད་ལ། དེར་དབུལ་ཕོངས་ཁྱིམ་ཚང228དང་དབུལ་བོ765ཡོད། དབུལ་སྒྲོལ་གནད་འཁེལ་གྱི་ལས་དོན་གཏིང་ཇེ་ཟབ་ཏུ་བཏང་བ་ནས་བཟུང་། ཡུལ་ཚོའི་ལས་དོན་སོ་སོར་གྲུབ་འབྲས་མི་དམན་པ་བླངས་པ་མ་ཟད། ཁྱད་ལྡན་ཐོན་ལས་གོང་ནས་གོང་དུ་འཕེལ་བ་དང་བསྟུན་དབུལ་ཕོངས་མང་ཚོགས་ཀྱིས་རང་གི་འབད་འབུངས་ལ་བརྟེན་ནས་དབུལ་ཕོངས་ལས་བསྒྲལ་མཁན་ཇེ་མང་དུ་གྱུར་ཡོད།
དབུལ་སྒྲོལ་ཕྱུག་སྒྱུར་གྱི་ལམ་བུ།
        ནམ་མཁའ་བཀྲ་ཤིས་ནི་ཆུ་ནག་ཡུལ་ཚོ་རོ་ཉུ་ཀླས་གྲོང་ཚོའི་ཡིན་ལ། ཁོ་ན་རེ། ད་ལོར་རོ་ཉུ་ཀླས་གྲོང་ཚོའི་དབུལ་ཞྭ་ཕུད་པ་ནི་རོ་ཉུ་ཀླས་གྲོང་ཚོའི་ལོ་རྒྱུས་སྟེང་སྔར་བྱུང་མ་མྱོང་བའི་དོན་དག་ཁྱད་པར་བ་ཞིག་རེད་ཅེས་བཤད།
      2015ལོར་ནམ་མཁའ་བཀྲ་ཤིས་བཟའ་མི་གསུམ་པོ་དབུལ་ཕོངས་ཁྱིམ་ཚང་གི་གྲས་སུ་བཞག་པ་ནས། ནམ་མཁའ་བཀྲ་ཤིས་ཀྱིས་དབུལ་ཕོངས་ཀྱི་ཞྭ་མོ་འཕུད་པའི་སེམས་ཐག་བཅད་དེ། 2016ལོ་ནས་བཟུང་ཁོ་རང་སྦྲང་མ་གསོ་བའི་ལས་ཀར་ཤི་འཐམ་རོ་འཐམ་བྱས་པ་ཡིན་ལ། དང་ཐོག་སྦྲང་མ་ཤི་བའམ། སྦྲང་རྩི་ཉོ་མཁན་མེད་པ་སོགས་དཀའ་ངལ་སྣ་ཚོགས་ལ་ཕྲད།
       ཉེ་འཁོར་གྱི་མི་ལ་ལ་ཐོན་ལས་ལ་བརྟེན་ནས་དབུལ་ཕོངས་ལས་བསྒྲལ་བའི་གནས་ཚུལ་ཐོས་ཚེ། ནམ་མཁའ་བཀྲ་ཤིས་བྲེལ་བ་ལངས་ཤིང་། ཁོས་ཡུལ་ཚོའི་སྲིད་གཞུང་བཙལ་བ་ན་སྲིད་གཞུང་གིས་ཁོའི་དབུལ་སྒྲོལ་ལམ་གྱི་གནད་དོན་དག་ལ་ཆེད་དམིགས་ཀྱི་ཐབས་ལམ་སྣ་ཚོགས་བཏོན་ཏེ། ཁོར་ཡིད་ཆེས་བརྟན་པོ་རྙེད་དུ་བཅུག་ཅིང་། གསོ་སྤེལ་ལས་རིགས་ལ་བརྟེན་ནས་དབུལ་ཕོངས་ལས་སྒྲོལ་བར་རྒྱུན་སྐྱོང་དུ་བཅུག
        ཆུ་ནག་ཡུལ་ཚོའི་ཡུལ་དཔོན་གཞོན་པ་ཆིན་པིན་ནམ་མཁའ་བཀྲ་ཤིས་ཀྱི་དབུལ་རོགས་འགན་འཁུར་བར་བསྐོས་ཤིང་། ཁོས་གསར་འགོད་པར་བཤད་རྒྱུར། དབུལ་སྒྲོལ་གྱི་འཆར་གཞི་ལྟར་ཐོག་མར་ནམ་མཁའ་བཀྲ་ཤིས་ལ་ཕག་དང་བྱ་སོགས་སྟེར་ཏེ་ཁོ་རང་མགྱོགས་པོར་དབུལ་ཕོངས་ལས་སྒྲོལ་ཐབས་བྱས་པ་ཡིན། ཡིན་ནའང་ཁོ་རང་སྦྲང་གསོའི་ལས་ཀ་དགའ་བས་ང་ཚོས་དབུལ་རོགས་ཀྱི་ཐབས་ལམ་བསྒྱུར་བ་ཡིན་ཞེས་བཤད།
       ནམ་མཁའ་བཀྲ་ཤིས་ན་རེ། ཡུལ་ཚོའི་སྲིད་གཞུང་གིས་ངས་སྦྲང་མ་གསོ་བར་རྒྱབ་སྐྱོར་ཚད་མེད་བྱས་ཤིང་། འབད་པས་མི་འགྲུབ་བྱ་བ་ཅི་ཡང་མེད་ཅེས་པ་ལྟར་ད་ལོ་སྦྲང་མ་སྒམ40ཟིན་ཡོད་ལ། སྦྲང་རྩི་རྒྱ་མ900ལྷག་གིས་སྒོར་ཁྲི2ལྷག་ལོན་པས་བདེ་ལེགས་ངང་དབུལ་ཕོངས་ལས་ཐར་ཐུབ་པ་བྱུང་ཞེས་བཤད།
        ཆུ་ནག་ཡུལ་ཚོས་དབུལ་སྒྲོལ་གནད་འཁེལ་གྱི་ལས་དོན་ཤུགས་ཀྱིས་སྤེལ་བས། དབུལ་རོགས་ཞིང་གྲོང་དུ་གསུམ་བཟང་གཉིས་ཕྱུག་གི་ཕུགས་འདུན་མངོན་དུ་ཕྱོགས་ཤིང་། དབུལ་ཕོངས་གྲོང་ཚོ་རི་ཉུ་ཀླས་གྲོང་ཚོ་དང་། དབུལ་ཕོངས་ཚབས་ཆེན་གྱི་ལ་དབེ་གྲོང་ཚོ་དང་། དྷ་ཀེ་སྨད་པ་གྲོང་ཚོ་སོགས་གྲོང་ཚོ་གསུམ་དང་དབུལ་ཕོངས་ཁྱིམ་ཚང39དང་དབུལ་ཕོངས་བ146དུས་ལྟར་དབུལ་ཕོངས་ལས་བསྒྲལ་ཏེ། ཁྱིམ་ཚང་གཅིག་ཀྱང་ཆད་ལུས་མེད་པའི་དབུལ་སྒྲོལ་གྱི་ཕུགས་འདུན་མངོན་དུ་གྱུར།

དབུལ་ཐར་ཁྱིམ་ཚང་བདེ་སྐྱིད་ཀྱི་དཔལ་ལ་རོལ་བ།
       བཞི་བཟང་ཁྱིམ་ཚང་ལྷ་དར་པོ་ཚང་གི་ཁྱིམ་དུ་འཛུལ་བ་ན། བོད་པའི་སྲོལ་རྒྱུན་བཟོ་སྐྲུན་གྱིས་ཁྱིམ་ལ་དྲོད་སྐྱིད་ཀྱི་ཚོར་བ་སྟེར་ཞིང་། ཐབ་ཐོག་ཏུ་ཇ་ཁོལ་ལྷོག་ལྷོག་འདུ་བཞིན་རླངས་པ་ཐོལ་ཐོལ་འཕྱུར་གྱིན་འདུག བྱིས་པ་གཉིས་ཐབ་འགྲམ་དུ་བཙོག་སྟེ་འགུལ་རིས་བརྙན་འཕྲིན་ལ་ཅེར་འདུག་ཅིང། ཁྱིམ་ཚང་འདིའི་བདེ་སྐྱིད་ཀྱི་འཚོ་བ་ལྷིང་ངེར་མངོན་འདུག
       ཆུ་ནག་ཡུལ་ཚོའི་དབུལ་ཕོངས་ལས་བསྒྲལ་བའི་ཁྱིམ་ཚང་ཐོག་མར་མཚོན་ན། ལྷ་དར་པོ་ཚང་ནི་ད་ལྟ་དབུལ་ཕོངས་ཀྱི་འཚོ་བ་དང་རྒྱང་དུ་བཀྱེད་འདུག ལྷ་དར་པོའི་མཚམས་སྦྱོར་ལྟར་ན། དབུལ་ཕོངས་ལས་བསྒྲལ་རྗེས་ཁོང་བཟའ་ཟླ་གཉིས་ཀྱིས་མཚོ་སྔོན་སོགས་སུ་ལས་གླར་སོང་བ་དང་། ཡོང་སྒོ་སྒོར་ཁྲི་གཉིས་ལོན་པ་དང་། ཁྱིམ་དུ་བེད་མེད་དུ་བཞག་པའི་ས་སྟོང་ཡོད་པས་ཁོང་བཟའ་ཟླ་གཉིས་ཀྱིས་གྲོས་མོལ་བརྒྱུད་གཞན་ལ་བསྐོར་བ་དང་། ལོ་གཅིག་ལ་སྒོར་གཅིག་སྟོང་ཡས་མས་ལོན་གྱི་ཡོད་པར་བཤད།
       ལྷ་དར་པོས་ལོ་འདི་དག་གི་རིང་ལ་བཙལ་བའི་སྒོར་མོས་རླངས་འཁོར་ཆུང་ངུ་ཞིག་ཉོས་འདུག་ཅིང་། དེ་ནི་ཁོ་རང་དགུན་དུས་སུ་ཕྱི་རོལ་དུ་ལས་ཀར་འགྲོ་སྐབས་འཕྲུལ་རྟ་ཞོན་ན་ཧ་ཅང་འཁྱགས་པས་རེད། ཁོས་གསར་འགོད་པར་བཤད་རྒྱུར། དབུལ་ཕོངས་ལས་བསྒྲལ་རྗེས་ཁོ་རང་གི་བསམ་བློར་འགྱུར་ལྡོག་ཆེན་པོ་བྱུང་ཞིང་། ལྷག་པར་དུ་ཕྱུག་སྒྱུར་གྱི་སྒུལ་ཤུགས་ཏེ་རྟག་པར་རང་ཉིད་ཀྱི་ཡོང་སྒོ་ཇི་ལྟར་འཕར་བ་དང་། འཚོ་བ་ཇེ་བཟང་ཇེ་ལེགས་སུ་འགྲོ་བའི་ཐབས་ལ་བསམ་བློ་འཁོར་གྱིན་འདུག་ཟེར།
       ལྷ་པར་པོའི་བདེ་སྐྱིད་ཀྱི་འཚོ་བ་ད་གཟོད་མགོ་བརྩམས་པ་ཡིན་ཟེར་ན། ཆུ་ནག་ཡུལ་ཚོའི་ཁོ་ཚེ་གྲོང་ཚོའི་ལོ་ན34ལོན་པའི་ཡེ་ཤེས་ལྷ་མོས་གྲོང་བ་མང་པོ་ཞིག་ཕྱུག་སྒྱུར་གྱི་ལམ་དུ་ཇི་ལྟར་འཁྲིད་པར་བསམ་བློ་གཏོང་གིན་ཡོད།
       2015ལོར་ཡེ་ཤེས་ལྷ་མོ་དབུལ་ཕོངས་ཁྱིམ་ཚང་གི་གྲས་སུ་བཞག་ཅིང་། 2016ལོར་ཁོ་མོ་རང་ཉིད་ཀྱི་འབད་འབུངས་ལ་བརྟེན་ནས་དབུལ་ཕོངས་ལས་ཡོངས་སུ་བསྒྲལ་ཐུབ་པ་བྱུང་འདུག ཡེ་ཤེས་ལྷ་མོས་དཀའ་སྤྱད་འབད་བརྩོན་ཅི་འདྲ་ཞིག་མྱོང་བ་ཁོ་ཚེ་གྲོང་ཚོའི་གྲོང་བ་ཀུན་ལ་གསལ་ལྷང་ངེར་ཡོད།2017ལོར་གྲོང་ཨུ་གཉིས་ཀྱི་འདེམ་བསྐོའི་སྐབས་སུ་ལོ་ན་གཞོན་ཡང་ཕུགས་བསམ་གྱིས་ཕྱུག་པའི་ཁོ་མོ་ཁོ་ཚེ་གྲོང་ཚོའི་སྡེ་དཔོན་དུ་བདམས་ཐོན་བྱུང་།
       སྔོན་ཆད་རང་ཉིད་ཀྱང་ཁྱིམ་ཚང་དབུལ་བོ་ཞིག་ཡིན་པས། ཁྱིམ་ཚང་དབུལ་བོར་ཅི་ཞིག་མཁོ་བར་ང་རང་ཆ་རྒྱུས་ཤིན་ཏུ་ཟབ་ཅེས་ཡེ་ཤེས་ལྷ་མོས་གསར་འགོད་པར་བཤད། ད་ལོར་ཁོ་མོས་དོན་ཆེན་གསུམ་བསྒྲུབས་ཤིང་། གཅིག་ནི་གྲོང་ཚོ་ཡོངས་ཁྲིད་དེ་སྨི་སུམ་བརྒྱ་ལྷག་གི་ཆུ་རྐ་བསལ་བ་དང་། གཉིས་སུ་གྲོང་ཚོ་ཡོངས་ཀྱི་གྲོང་ལམ་ཇེ་ཡངས་སུ་གཏོང་བའི་རྣམ་གྲངས་ལོན་པ། གསུམ་དུ་གྲོང་ཚོ་ཡོངས་ཀྱི་ཐོན་ལས་སྙོམས་སྒྲིག་ལ་འཆར་གཞི་བཀོད།
       ཡེ་ཤེས་ལྷ་མོ་འཛུམ་ཞོར་དུ་བཤད་རྒྱུར། མ་འོངས་པར་ངས་ད་དུང་དོན་དག་མང་པོ་བསྒྲུབ་དགོས་ལ། ངའི་ཕུགས་འདུན་ནི་གྲོང་ཚོ་ཡོངས་མཉམ་པོར་འབྱོར་འབྲིང་གི་ལམ་དུ་བསྐྱོད་རྒྱུ་དེ་ཡིན་ཞེས་བཤད།
       རྒྱུས་ལོན་པ་ལྟར་ན། ཆུ་ནག་ཡུལ་ཚོའི་དབུལ་སྒྲོལ་གནད་འཁེལ་གྱི་ལས་དོན་ནི་ཁྲོ་ཆུ་རྫོང་གིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་བསྡུས་གཟུགས་ཙམ་ཡིན་ལ། རྫོང་གིས་དབུལ་སྒྲོལ་ལས་འགན་དང་ལོ་རེའི་དབུལ་སྒྲོལ་འཆར་གཞི་གཞིར་བཟུང་ཞིང་། དབུལ་ཕོངས་གྲོང་ཚོ་དང་དབུལ་ཕོངས་ཁྱིམ་ཚང་གི་དགོས་མཁོར་གཞིགས་ཏེ་ལུང་ཆེན་དྲུག་གི་ཕྱུག་སྒྱུར་གྱི་སྦྲེལ་ཐག་རིང་དུ་བསྲིང་སྟེ། ཞིང་ཆེན་ཡོངས་དང་དུས་མཉམ་པོར་ཕྱུག་སྒྱུར་གྱི་ལམ་དུ་བསྐྱོད་ཐུབ་པར་ཁག་ཐེག་བྱས་སོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1