༄༅།། འཕགས་པ་ཐོགས་མེད་དང་དབྱིག་གཉེན་གཉིས་ཀྱི་བྱུང་བ་བརྗོད་པ།

དོར་ཞི་གདོང་དྲུག་སྙེམས་བློས་བོད་ཡིག་ལ་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། སྦྲང་ཆར། སྤེལ་དུས། 01-09


ཀུ་མ་ར་ཛི་བས་རྒྱ་ཡིག་ཏུ་བསྒྱུར། དོར་ཞི་གདོང་དྲུག་སྙེམས་བློས་བོད་ཡིག་ལ་བསྒྱུར།

        སྤྱི་ལོ་དུས་རབས་ལྔ་པའི་དཀྱིལ་ཙམ་ལ་ཐེག་ཆེན་ལ་མཛད་རྗེས་ཆེན་པོ་བཞག་པའི་སྐྱེས་བུ་ཆེན་པོ་སྤུན་གཉིས་བྱུང་སྟེ། ཐོག་མར་སྤུན་གཉིས་ཀའི་མཚན་ལ་བ་སུ་བན་དྷུ་སྟེ་དབྱིག་གཉེན་ཞེས་པར་བཏགས། ཕྱིས་སུ་ཕུ་བོའི་མིང་ལ་ཨ་སང་ག་སྟེ་ཐོགས་མེད་དུ་བསྒྱུར་ཅིང་། གཅུང་ལ་དབྱིག་གཉེན་དུ་འབོད། དེ་གཉིས་ཀྱི་འཁྲུངས་ཡུལ་ནི་ཡུལ་དབུས་མ་ག་དྷ་ཡིན་ལ། ཕའི་རིགས་ནི་བྲམ་ཟེ་ཡིན་པས་ཆུང་དུས་སྤུན་གཉིས་ཀ་བྲམ་ཟེའི་ཆོས་ལ་ཞུགས། ཕྱིས་སུ་ཤཱཀྱའི་རང་ལུགས་ལ་དད་པ་སྐྱེས་ནས་ཐམས་ཅད་ཡོད་པར་སྨྲ་བའི་གྲྭར་རབ་ཏུ་བྱུང་ཞིང་། མ་འགྱངས་པར་སོ་སོར་གྱེས། ཐོགས་མེད་ནི་སྔོན་ལས་ཀྱི་བག་ཆགས་སད་ཅིང་ལྷན་སྐྱེས་ཀྱི་ཤེས་རབ་ཆེ་བ་ཞིག་ཏུ་འདུག་པས་གསུང་རབ་ལན་གཅིག་བཀླགས་པས་དོན་ཤེས་པར་གྱུར་ཅིང་། ཏིང་འཛིན་བསྒྲུབས་པས་ཆགས་བྲལ་ཐོབ། སྟོང་ཉིད་ཀྱི་དོན་ལ་མཉམ་པར་བཞག་པས་གོ་བ་མ་ཤར་པར་རང་གིས་རང་སྲོག་གཅོད་པར་བརྩམས། ཉིན་ཞིག་བིན་ད་ར་ཞེས་པའི་དགྲ་བཅོམ་པ་ཞིག་ཡོད་པ་ཡོང་ནས་ཐེག་དམན་གྱི་གཞུང་ལས་བྱུང་བའི་སྟོང་ཉིད་སྒོམ་ཚུལ་བསླབས་ནས་སྒོམ་དུ་བཅུག་པས་སྒོམ་བཟང་བོ་བྱུང་ཡང་། ཐེ་ཚོམ་མང་དུ་ཡོད་པ་མ་ཆོད་པར་ཡིད་ཚིམ་པོ་མ་བྱུང་། ཉིན་ཞིག་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་རྫུ་འཕྲུལ་གྱི་ནུས་པ་ལ་བརྟེན་ནས་དགའ་ལྡན་དུ་བྱོན་ཏེ། རྗེ་བཙུན་བྱམས་པས་ཐེག་པ་ཆེན་པོའི་སྟོང་ཉིད་ཀྱི་ལྟ་བ་བསྩལ་པས། སྟོང་ཉིད་ལྟ་བའི་ཐེ་ཚོམ་ལྷག་མ་མེད་པར་བསལ། རྗེ་བཙུན་གྱི་མན་ངག་ལྟར་ཕྱིར་ས་ཐོག་ཏུ་བབས་ནས་སྟོང་ཉིད་སྒོམ། སྐབས་སྐབས་སུ་དོགས་པ་ཡོད་ཚེ་དགའ་ལྡན་དུ་བྱོན་ནས་རྗེ་བཙུན་ལ་ཞུས་ཏེ་དོགས་པ་བཅད་ཅིང་། ཐེག་པ་ཆེན་པོའི་མདོ་དང་དགོངས་འགྲེལ་ཡང་བསྩལ། མི་ཡུལ་ལ་བྱོན་ནས་རྗེ་བཙུན་གྱི་གསུང་ལྟར་ཐེག་ཆེན་གྱི་བསྟན་པ་སྤེལ་བ་ན། མི་སྐོར་ཅིག་ཡིད་མ་ཆེས་ཤིང་། རྗེ་བཙུན་བྱམས་པར་སྙད་བཏགས་ནས་རྫུན་ཆོས་འཆད་པ་རེད་ཅེས་བརྙས་པར་བྱས་སོ། ། མང་མང་གིས་ཡིད་ཆེས་ཕྱིར་སླར་ཡང་དགའ་ལྡན་དུ་བྱོན། རྗེ་བཙུན་ལ་མི་ཡུལ་དུ་བྱོན་ནས་ཆོས་གསུང་བར་ཞུས་པས། རྗེ་བཙུན་གྱིས་ཀྱང་ཁས་ལེན་གནང་ནས་ཉིན་རེ་བཞིན་ས་རུབ་པའི་སྐབས་སུ་འོད་ཀྱི་ར་བས་ནམ་མཁའ་གང་བང་བྱས་ནས་པད་གདན་དང་བཅས་དྲེད་ཕོ་མི་ཡུལ་དུ་བྱོན་ནས་གཙུག་ལག་ཁང་ཞིག་ཏུ་ཐོགས་མེད་འཁོར་བཅས་ལ་ཟླ་བ་བཞིའི་རིང་ལ་《རྣལ་འབྱོར་སྤྱོད་པའི་ས་བཅུ་བདུན》་གསུངས་སོ། ། འོན་ཀྱང་སློབ་དཔོན་ཐོགས་མེད་ཀྱིས་རྗེ་བཙུན་གྱི་ཞལ་མཐོང་ཞིང་། གཞན་མང་མང་གིས་གསུང་ཐོས་ཀྱང་ཞལ་མི་མཐོང་ཞིང་། སྐབས་འགར་འཛུམ་ཞལ་ཅུང་ཙམ་མཐོང་བའང་ཡོད། དེ་ལྟར་མཚན་མོ་རྗེ་བཙུན་གྱིས་གསུངས་ཤིང་། ཉིན་དཀར་རྗེ་བཙུན་གྱིས་གསུངས་པ་མི་ཤེས་པ་རྣམས་སླར་ཡང་ཐོགས་མེད་ཀྱིས་གཞན་དག་ལ་གསུངས་པར་མཛད། དེ་ལྟར་ཟླ་བ་ཁ་ཤས་སོང་བའི་རྗེས་ནས་ཐེག་དམན་ལ་ཞུགས་པ་རྣམས་ཀྱང་རིམ་གྱིས་ཐེག་པ་ཆེན་པོའི་ཆོས་ལ་ཡིད་ཆེས་ཀྱི་དད་པ་ཐོབ་བོ། ། རྗེས་སུ་སློབ་དཔོན་གྱིས་འོད་ཟེར་ཆེན་པོའི་ཏིང་ངེ་འཛིན་བྱ་བར་དཀའ་སྤྱད་ཀྱིས་བསྒོམས་པས་འཕགས་པའི་འབྲས་བུ་ཐོབ། དེ་ནས་བཟུང་སྟེ་སྔར་མི་མཁྱེན་པའི་ཟབ་ཆོས་ཀྱི་དཀའ་གནད་རྣམས་ཀྱང་ཐོགས་མེད་དུ་མཁྱེན་ཅིང་། མི་བརྗེད་པའི་གཟུངས་སྔགས་ཐོབ་པས་ལན་གཅིག་མཐོང་ཐོས་ཀྱི་ཡུལ་དུ་གྱུར་པའི་ཆོས་རྣམས་མི་བརྗེད་ཅིང་། སླར་ཡང་དགའ་ལྡན་དུ་བྱོན་ནས་མདོ་སྡེ་ཕལ་བོ་ཆེ་སོགས་མདོ་སྡེ་ཆེན་པོའི་སྐོར་ཀྱང་རྗེ་བཙུན་གྱི་དྲུང་ནས་ཞིབ་པར་གསན་ཞིང་མ་ཚང་བ་མེད་པར་ཐུགས་སུ་ཆུད། རང་གི་བཞུགས་གནས་གཙུག་ལག་ཁང་ཆེན་པོ་ཞིག་བཞེངས་ནས་སྐུ་ཚེ་གང་བོར་ཐེག་པ་ཆེན་པོ་གསུངས་པར་མཛད་དོ། །
        དེ་ཡང་སྟོན་པ་མྱ་ངན་ལས་འདས་ནས་ལོ་དགུ་བརྒྱ་ན་སིན་དྷུའི་ཡུལ་དུ་ཐམས་ཅད་ཡོད་པར་སྨྲ་བའི་ལུགས་ཀྱི་དགེ་སློང་དགྲ་བཅོམ་པ་ཀཱ་ཏེ་ཡ་ན་ཞེས་པ་ཞིག་བྱུང་། དེས་རྒྱ་གར་བྱང་ཕྱོགས་ཀསྨི་རར་དགྲ་བཅོམ་པ་ལྔ་བརྒྱ་དང་བྱང་སེམས་ལྔ་བརྒྱ་བསྡུས་ནས་མངོན་པའི་གཞུང་བརྩམས་ཤིང་། དེ་ཡང་ཡུལ་སོ་སོར་བརྡ་སྦྱར་ནས་བཅོམ་ལྡན་འདས་ཀྱིས་མངོན་པའི་སྡེ་སྣོད་གསུངས་པ་ཐོས་པ་རྣམས་ཚིག་རེ་གཉིས་ཡན་ཆད་ཚང་མ་འཚོལ་སྡུད་བྱས་ནས་བྱེ་སྨྲའི་གྲུབ་མཐའ་དང་མི་འགལ་བ་རྣམས་སྐབས་སོ་སོར་བསྡེབས་ནས《མངོན་པ་སྐབས་བརྒྱད་པ》ཤོ་ལོ་ཀ་སྟོང་ཕྲག་ལྔ་བཅུ་ཡོད་པ་ཞིག་བརྩམས། དེ་བརྩམས་ཟིན་ནས་སླར་ཡང་བྷེ་བ་ས་སྟེ་བྱེ་བྲག་ཏུ་བཤད་པ་ཞེས་པའི་མངོན་པའི་ཊི་ཀ་རྩོམ་པའི་གྲ་སྒྲིག་བྱས། སྐབས་དེར་རྟ་དབྱངས་ཞེས་པའི་སློབ་དཔོན་ཞིག་ཡོད་ལ་དེའི་སྐྱེས་ཡུལ་ནི་ཡུལ་དབུས་མཉན་ཡོད་ཡིན། 《བྱཱ་ཀ་ར་ན་སྡེ་བརྒྱད》དང་། 《རིག་བྱེད་གཞུང་དྲུག》ལ་མཁས་ཤིང་། བཀའ་སྡེ་སྣོད་གསུམ་གྱི་གཞུང་བཅོ་བརྒྱད་ཤེས་པར་གྲགས། ཀཱ་ཏེ་ཡ་ནས་དེ་གདན་དྲངས་ནས་ཀསྨི་རར《མངོན་པའི་མདོ་སྐབས་བརྒྱད་པར》་འགྲེལ་བ་བརྩམས་ཤིང་། ལོ་བཅུ་གཉིས་ཀྱི་རིང་ལ་བརྩམས་པས《བྱེ་བྲག་བཤད་མཛོད》དང《བྱེ་བྲག་ཏུ་བཤད་པ་ཆེན་པོ》ཤོ་ལོ་ཀ་འབུམ་གཏེར་བཅུ་ཡོད་པ་ཞིག་གྲུབ་བོ། ། བརྩམས་ཚར་རྗེས་ཀཱ་ཏེ་ཡ་ནས་རྡོ་ཡི་ངོས་ལ་བརྐོ་རུ་བཅུག་ཅིང་། 《མངོན་པའི་མདོ་སྐབས་བརྒྱད་པ》དང་། 《བྱེ་བྲག་བཤད་མཛོད》འདི་གཉིས་ཁ་ཆེའི་ཡུལ་གྱི་ཕྱི་རོལ་ཏུ་ཚིག་གཅིག་ཀྱང་འཁྱལ་མི་ཆོག་པའི་ཁྲིམས་བཅས་ནས་རྒྱལ་པོའི་བཀས་རྒྱས་བཏབ་བོ། །
        ཁ་ཆེའི་ཡུལ་ནི་མཐའ་བཞི་རི་བོས་བསྐོར་པའི་ལྗོངས་ཆུང་ཆུང་ཞིག་ཡིན་ལ། རྒྱལ་པོའི་ཕོ་བྲང་ལ་ཡང་སྒོ་གཅིག་ལས་མེད། ཀཱ་ཏེ་ཡ་ནས་ཕོ་བྲང་གི་སྒོ་སྲུང་དུ་གནོད་སྦྱིན་བཞག་ནས་ཆོས་བསླབ་ཏུ་འོང་བ་རྣམས་ནང་དུ་མི་གཏོང་ཞིང་འཚོ་རྟེན་ཡང་ཕངས་མེད་དུ་མི་སྟེར་ལ། ཕྱིར་འགྲོ་རུ་མི་འཇུག་པར་བྱས། ཨ་ཡུར་ཙཱ་ཞེས་པའི་རྒྱལ་ཁབ་ཅིག་ན་སློབ་དཔོན་མཁས་པ་ཞིག་ཡོད་ལ་དེའི་མཚན་ལ་བ་སུ་སྭ་བྷ་དྷ་ར་ཟེར། དེ་ནི་བློ་རིག་ཤིན་ཏུ་རྣོ་ལ་བློ་འཛིན་ཕུལ་དུ་བྱུང་བ་ཞིག་ཡིན། དེས《མངོན་པ་སྐབས་བརྒྱད་པ》དང་། 《བྱེ་བྲག་བཤད་མཛོད》བསླབ་པའི་ཕྱིར་དུ་སྨྱོན་པའི་ཟོལ་བྱས་ནས་ཁ་ཆེ་ཡུལ་དུ་སོང་། ཆོས་ཉན་པའི་གྲལ་དུ་སོང་ནས་ལོ་བཅུ་གཉིས་ཙམ་ལ་བསྡད། གཞན་དག་གིས་ཆོས་ཀྱི་བགྲོ་གླེང་བྱེད་སྐབས་ཅི་ཡང་མི་ཤེས་ཁུལ་བྱས་ནས་དོན་མེད་ཀྱི་གཏམ་སོགས་སྨྲས་པས་གཞན་དག་གིས་མཉམ་འཇོག་མ་བྱས། 《བྱེ་བྲག་བཤད་མཛོད》ལན་དུ་མར་གསན་པས་དོན་ལ་ཤིན་ཏུ་མཁས་པར་གྱུར་ཅིང་ཚིག་རྣམས་ཀྱང་བློར་བཟུང་། དེ་ནས་རང་གི་ཡུལ་དུ་འགྲོ་བར་བརྩམས་ནས་ཕོ་བྲང་གི་སྒོར་བུད་པ་གནོད་སྦྱིན་གྱིས་བཟུང་སྟེ་ནང་དུ་བསྐྱལ། ཀཱ་ཏེ་ཡ་ན་སོགས་ཀྱིས་རྒྱུ་མཚན་དྲིས་པ་ན་སྨྱོ་ལབ་སྣ་ཚོགས་བྱེད་ཅིང་། གཞུང་ལུགས་ཤེས་པའི་རྟགས་མཚན་ཅི་ཡང་མེད་པས་བཏང་། སྒོར་འབུད་དུས་གནོད་སྦྱིན་གྱིས་སླར་ཡང་བཀག་ནས་ནང་དུ་བསྐྱལ་པ་ན་སྔར་ལྟར་སྨྱོ་བཤད་སྣ་ཚོགས་བྱས་ཤིང་རྣམ་རིག་མི་གསལ་བའི་ཚུལ་བྱས་པས་བཏང་། ལན་གསུམ་པར་ཡང་གནོད་སྦྱིན་གྱིས་བཀག་ནས་སྒོར་མ་བཏང་བས་རྒྱལ་པོས་མི་མངགས་ནས་འདྲི་བརྩད་བྱས་ཀྱང་སྨྱོ་བཤད་སྣ་ཚོགས་བྱེད་ཅིང་། གླུ་ལེན་པ་དང་བྲོ་འཁྲབ་པ་སོགས་ཀྱང་བྱས་པས་སླར་ཡང་བཏང་ངོ་། ། དེ་ནས་ཕོ་བྲང་གི་སྒོར་བུད་པ་ན་གནོད་སྦྱིན་རྣམས་ཀྱང་ཁོ་ཆད་ནས་མ་བཀག་གོ ། སློབ་དཔོན་དེ་རང་ཡུལ་དུ་བསླེབས་རྗེས་ཁོ་བོས《བྱེ་བྲག་བཤད་མཛོད》ཀྱི་ཁྲིད་རྒྱུན་བླངས་ནས་ཡོང་ཞིང་། དེའི་ཁྲིད་གདབ་རྒྱུ་ཡིན་པས་མཉན་འདོད་པ་རྣམས་ཤོག་ཅེས་བརྡ་སྦྲན་པས་ཁྲིད་ལ་ཉན་མཁན་ཕྱོགས་བཞི་མཚམས་བརྒྱད་ནས་སྤྲིན་ལྟར་འདུས། སློབ་དཔོན་འདི་པ་ན་སོ་བགྲེས་པས་ཉིན་རེ་བཞིན་ཁྲིད་བཏབ་པ་སློབ་མ་རྣམས་ལ་ཟིན་བྲིས་འདེབས་སུ་བཅུགཁྲིད་ཚར་རྗེས《བྱེ་བྲག་བཤད་མཛོད》ཀྱི་ཟིན་བྲིས་གླགས་བམ་ཡང་ཆ་ཚང་བར་གྲུབ་བོ། ། ཡུལ་གཞན་དུ་ཡང《བྱེ་བྲག་བཤད་མཛོད》ཀྱི་འཆད་ཉན་དར་བ་དང་།སྨྱོན་པར་བརྫུས་པའི་དགེ་སློང་གིས་ཆོས་སྤེལ་པའི་སྙིང་སྟོབས་ལ་ཁ་ཆེ་ཡུལ་གྱི་མི་རྣམས་ཀྱང་ངོ་མཚར་སྐྱེས་སོ། ། སྟོན་པ་མྱ་ངན་ལས་འདས་ནས་ལོ་དགུ་བརྒྱ་ལོན་པ་ན། བྲམ་ཟེ་ཕྱི་རོལ་པ་ཞིག་བྱུང་བིན་ཊ་ཥ་རིའི་ལྟེང་ཀ་ཞིག་ཏུ་གྲངས་ཅར་པའི་གཞུང《སམ་ཁྱ》ལ་མཁས་པའི་ཀླུ་ཞིག་ཡོང་པ་ལ་ཕྱི་རོལ་པ་དེས་གྲངས་ཅན་པའི་གཞུང་བསླབ་འདོད་ནས་ཀླུ་དེ་བཙལ་བར་སོང་ཀླུ་དེ་བྲམ་ཟེའི་གཟུགས་སུ་སྤྲུལ་ནས་རྩྭའི་སྤྱིལ་བུ་ཞིག་ཏུ་སྒོམ་གྱིན་བཞུགས་ཡོད་པ་ལ། ཕྱི་རོལ་པ་དེས་མེ་ཏོག་སླེ་སྣོད་གང་བཟུང་ནས་ཀླུ་ལ་སྐོར་བ་བྱས་ནས་བསྟོད་ཚིག་ཕུལ་ཅིང་། བསྟོད་པ་ཤོ་ལོ་ཀ་རེ་རེ་བཞིན་མེ་ཏོག་ཕུལ་པ་ལ། ཀླུས་དགག་ལན་ཤོ་ལོ་ཀ་རེ་རེ་མཛད་དེ་མེ་ཏོག་ཚུར་འཕངས་སོ། ། དེ་ལྟར་སླེ་སྣོད་ཀྱི་མེ་ཏོག་གཏོར་ཚར་རག་ཏུ་བསྟོད་ཚིག་དང་ཚིག་ལན་རེས་མོས་སུ་བྱས་སོ། ། དེ་ལྟར་བྱས་པས་ཕྱི་རོལ་པ་དེ་ཤེས་རབ་བརྩོན་པ་ཕུལ་དུ་བྱུང་བ་ཞིག་ཡིན་པར་ཤེས་ནས《སམ་ཁྱ》ཁྲིད་པར་ཁས་བླངས། འོན་ཀྱང་ཕྱི་རོལ་པ་དེ་ང་རྒྱལ་ཆེ་བར་དགོངས་ནས་ཁོ་བོའི་གཞུང་འདི་ཚིག་གཅིག་ཀྱང་བཅའ་བཅོས་མི་བྱ་བའི་མནའ་འབོར་དུ་བཅུག་ནས་གཞུང་བཤད་དོ། ། ཀླུ་ཡིས་གྲངས་ཅན་པའི་གཞུང་བཤད་པ་ཕྱི་རོལ་པས་ཟིན་བྲིས་བཏབ་ཅིང་། གཞུང་བཤད་ཚར་བ་ན་ཟིན་བྲིས་ཡང་བཏབ་ཚར་འདུག་པས་ཀླུ་དེས་ཟིན་བྲིས་ལ་བལྟས་པ་ན། ནང་དོན་ཁ་ཤས་བཅའ་བཅོས་བྱས་ཡོད་པར་མཐོང་ནས། བཅའ་བཅོས་བྱེད་མི་ཆོག་ཅེས་མ་བཤད་དམ། ཁྱོད་ཀྱིས་ཁ་མ་བླངས་པར་འདུག་ཅེས་སྨྲས་པས། ཕྱི་རོལ་པ་དེས་ཁྱེད་ཀྱིས་ཁྲིད་ཚར་རྗེས་བཅའ་བཅོས་བྱེད་མི་ཆོག་ཅེས་གསུངས་ཀྱང་འཁྲིད་པའི་སྐབས་སུ་བཅའ་བཅོས་བྱེད་མི་ཆོག་ཅེས་མ་གསུངས་ལ། ཁོ་བོའི་འདི་འཁྲིད་སྐབས་ཀྱི་ཟིན་བྲིས་ཡིན་པར་མ་ཟད། དོན་དང་འགལ་བ་ཅུང་ཟད་ཀྱང་མེད། འཕྲོ་ཕྱིན་ཆད་རང་བཟོས་བཅའ་བཅོས་མི་བྱེད་ལ། གཞན་ལ་ཡང་བཅའ་བཅོས་བྱེད་དུ་མི་འཇུག ཁྱེད་ཀྱིས་ཐུགས་དོགས་གནང་མི་དགོས་ཞེས་ཞུས་པས་ཀླུས་ཀྱང་ཟིན་བྲིས་ཕྱིར་གནང་ནས་འཁྱེར་དུ་བཅུག་གོ།
ཕྱི་རོལ་པ་དེ་གྲངས་ཅན་པའི་གཞུང་བསླབས་རྗེས་ང་རྒྱལ་སྐྱེས་ནས་ད་སྐབས་འཇིག་རྟེན་དུ་དར་ཆེ་བ་སངས་རྒྱས་པའི་གཞུང་ལས་ཡན་མེད་ལ། ད་ནི་ཁོ་བོ《སམ་ཁྱ》ལ་མཁས་པས་ཁོ་བོའི་ཡན་ན་མེད་དོ་སྙམ། ཨ་ཡུར་ཙཱ་ཞེས་པའི་ཡུལ་གྱི་རྩོད་གྲྭ་ཞིག་ཏུ་སོང་ནས་རྩོད་རྔ་བརྡུངས་ཤིང་། དེང་ཁོ་བོས་སངས་རྒྱས་པ་དང་རྩོད་པ་བྱེད་རྒྱུ་ཡིན། སུ་ཕམ་ན་དེའི་མགོ་བོ་གཅད་པར་བྱ་ཞེས་བསྒྲགས་སོ། ། ཕྱི་རོལ་པ་དེ་རྒྱལ་པོའི་ཕོ་བྲང་དུ་སོང་ནས་རྒྱལ་པོ་ལ་སྨྲས་པ། ཁྱོད་ནི་རྒྱལ་པོ་ཡིན་པས་བློ་གཟུ་བོར་གནས་ནས་སངས་རྒྱས་པ་དང་། བྲམ་ཟེ་གང་ལ་ཡང་ཕྱོགས་ཞེན་མེད་པར་མཛོད་ཅིག ཁོ་བོས་སངས་རྒྱས་པ་དང་རྩོད་པའི་རྒྱལ་ཕམ་ཤན་འབྱེད་བྱ་རྒྱུ་ཡིན། མགོ་བོ་རྒྱལ་ལ་བཙུགས་པ་ཡིན་པས་ཁྱོད་དྲང་བདེན་གྱི་དཔང་བོ་མཛོད་ཅིག་ཟེར་རོ། ། རྒྱལ་པོ་ནི་སངས་རྒྱས་ཀྱི་ཆོས་ལ་དགའ་བ་ཡིན་པས་ཕྱི་རོལ་པ་དེ་ང་རྒྱལ་ཆེ་ཡང་སངས་རྒྱས་པའི་ཁ་ཡ་མི་འོང་བར་མཁྱེན་ནས་དཔང་བོར་བཞུགས་རྒྱུ་ཁས་བླངས་སོ། ། སྐབས་དེར་མཚན་སྙན་གྲགས་ཆེ་བའི་ལྷའི་བཤེས་གཉེན་ནི་ས་གཞན་དུ་ཕེབས་ནས་མི་བཞུགས་ཤིང་བུདྷ་མི་ཏཱ་གཞུང་ལ་མཁས་ཀྱང་ན་སོ་བགྲེས་པས་དྲན་པ་ཉམས་ཤིང་། རྩོད་པའི་ཁུར་ཐེག་དཀའ་བའི་ཚོད་དུ་ཡོད་ཀྱང་། སློབ་དཔོན་གྱི་བསམ་པར་ཕྱི་རོལ་པ་འདི་ང་རྒྱལ་ཤིན་ཏུ་ཆེ་ཞིང་། འདིའི་རྩོད་ཟླར་འོས་པའི་མཁས་པ་གཞན་ད་ལྟར་མི་བཞུགས་པས་ཁོ་བོས་འདི་དང་རྩོད་པར་བྱའོ་སྙམ་མོ། ། དེ་ལྟར་རྒྱལ་པོ་ལ་ཞུས་པས་རྒྱལ་པོས་ཁྱོད་ན་སོ་རྒས་པས་རྩོད་ནུས་སམ་གསུངས་པས། སློབ་དཔོན་གྱིས་སྐྱོན་མེད་གསུངས་ནས་རྩོད་པའི་དུས་བཏབ་བོ། །
        དེ་ནས་རྩོད་པའི་ར་བར་ཚོགས་པའི་དབུས་སུ་ཕྱི་རོལ་པ་དེས་ཁྱོད་ཀྱིས་དམ་བཅའ་གཟུང་རྒྱུ་ཡིན་ནམ་ཁོ་བོས་དམ་བཅའ་གཟུང་རྒྱུ་ཡིན་ཅེས་དྲིས་པ་ན། སློབ་དཔོན་མི་ཏཱས་ངེད་ཅག་གི་གཞུང་ལུགས་རྒྱ་མཚོ་ཟབ་ཅིང་རྒྱ་ཆེ་བ་ཡིན་ལ། ཁྱོད་ཅག་གི་གཞུང་ས་སྒོང་དང་འདྲ་བས་རྒྱ་མཚོ་དང་ཕྲད་པ་ཙམ་གྱིས་ཐོར་ཞིག་དུ་འགྲོ་བ་ལས་འོས་མེད་པས་ཁྱོད་རང་ཅི་དགར་གྱིས་ཤིག་གསུངས། ཕྱི་རོལ་པས་ཁྱོད་ཁ་སྟབས་མ་མཐོ། རྩོད་པའི་གྲོས་འདོན་མཁན་ཁོ་བོ་ཡིན་པས་ཁྱོད་ཀྱིས་གཞུང་ཚུགས་དང་ཁོ་བོས་དགག་པར་བྱའོ་ཟེར། དེ་ནས་སློབ་དཔོན་གྱིས་འོ་ན་ཁོ་བོས་འདུས་བྱས་ཐམས་ཅད་སྐད་ཅིག་གིས་འཇིག་པའི་ཆོས་ཅན་ཡིན་པས་ཁྱབ་པ་ཁས་ལེན་པ་ཡིན་པས་ཁྱོད་ཀྱིས་དགག་པ་ཐོངས་ཤིག་ཟེར་བ་ལ། ཕྱི་རོལ་པས་དེ་ལ་དཀའ་བ་ཅི་ཡོད་ཅེས་གྲངས་ཅན་གཞུང་གི་ལུང་མང་དུ་དྲངས་ནས་བཀག་པས་སློབ་དཔོན་གྱིས་གྲངས་ཅན་པའི་གཞུང་མི་ཤེས་ཤིང་། ན་སོ་ཆེ་བའི་སྟབས་གྱིས་སྤོབས་པ་དབུལ་བས་ཁས་ལེན་མ་ཟིན་ཏོ། ། ཕྱི་རོལ་པས་ཁྱོད་ནི་བྲམ་ཟེའི་རིགས་ཡིན་པས་གསོད་མི་རུང་ཡང་སུ་ཕམ་ན་དེའི་མགོ་གཅོད་པའི་དམ་བཅའ་བྱས་ཡོད་པས་ཆད་པ་མ་བཅད་ན་ག་ལ་རུང་། དེས་ན་སྲོག་མི་གཅོད་པར་ལུས་ལྕག་གིས་འབྲབ་པའི་ཆད་པ་གཅོད་ཟེར། སློབ་དཔོན་ལ་ལྕག་གིས་བྲབས་ནས་ཁྲེལ་དགོད་བྱས་ཏེ་སོང་ངོ་། ། ཕྱི་རོལ་པ་དེས་སངས་རྒྱས་པ་ཕམ་པར་བྱས་སོ་སྙམ་སྟེ་ཁེངས་དྲེགས་སྐྱེས་ཤིང་། བིན་ཊ་ཥ་རིར་སོང་བས་སྔར་གྱི་ཀླུ་མཁས་པ་དེ་མི་བཞུགས་པས་བྲག་ཁུང་ཞིག་གི་ནང་དུ་བསྡད་ནས་ངན་སྔགས་ཀྱིས་གནོད་སྦྱིན་མོ་བཀུག་ནས་ཁོ་བོས་ལུས་བྲག་རྡོ་དང་མཚུངས་པར་མི་འཇིག་པའི་འཆི་མེད་ཚེ་ཡི་རིག་འཛིན་བསྒྲུབ་རྒྱུ་ཡིན་པས། ཁྱོད་ཅག་ཕ་བོང་བླངས་ནས་བྲག་ཁུང་གི་སྒོ་ཆོད་ཅིག་ཅེས་བསྒོས་ནས་ལུས་རྡོ་རུ་གྱུར་སོང་། དེ་ལྟར་བྱེད་པའི་རྒྱུ་མཚན་ནི་སྔར་ཀླུའི་དྲུང་དུ་གྲངས་ཅན་གྱི་གཞུང་སློབ་པའི་ཚེ་ཁོ་བོའི་ལུས་མ་ཞིག་ན་གྲངས་ཅན་པའི་གཞུང་མི་ནུབ་ཅེས་ཁས་བླངས་པ་ལྟར་ལུས་རྡོར་འགྱུར་བའི་ཏིང་འཛིན་བསྒོམས་པ་རེད།
        དེ་ནས་མ་འགྱངས་པར་སློབ་དཔོན་བཤེས་གཉེན་ཨ་ཡུར་ཙཱར་ཕེབས་པས། སྔར་གྱི་རྒྱུ་མཚན་དེ་གསན་ནས་ཕྱི་རོལ་པ་དེ་ཅིས་ཀྱང་རྩོད་པས་ཚར་གཅད་དགོས་པར་དགོངས། གྲངས་ཅན་གཞུང་ལ་གཟིགས་རྟོགས་མཛད་ཅིང། ཕོ་ཉ་མངགས་ནས་བིན་ཊ་ཥ་རིར་ཕྱི་རོལ་པ་དེ་བཙལ་དུ་བཏང་ཡང་། ཕྱི་རོལ་པ་དེ་རྡོར་གྱུར་འདུག་པས་དངོས་སུ་རྩོད་རྒྱུར་མ་སོང་བས་སློབ་དཔོན་གྱིས《ཡང་དག་བདུན་ཅུ་པ》ཞེས་པའི་གཞུང་བརྩམས་ནས་གྲངས་ཅན་གྱི་གཞུང་སུན་འབྱིན་པར་བྱས་སོ། ་སློབ་དཔོན་གྱི་གཞུང་དེ་ཕྱོགས་ཀུན་ཏུ་དར་ཁྱབ་བྱུང་། སློབ་དཔོན་གྱིས་ཁོ་བོ་ལ་རྩོད་མཁན་ཡོད་ན་ཐ་དད་དུ་བུད་ནས་རྩོད་ཅིག ཁོ་བོ་དག་གཞུང་ལུགས་ཀྱི་བདེན་རྫུན་ལ་རྩོད་པ་ཡིན། སྲོག་རྒྱལ་ལ་འཇོག་དསོས་དོན་མེད་དོ་ཞེས་ཁྱབ་བསྒྲགས་བྱས་ཀྱང་། ཕྱི་རོལ་པ་རྣམས་ཀྱིས་གྲངས་ཅན་གཞུང་ཡང་སུན་འབྱིན་བྱས་ན་སུ་ཞིག་དེའི་རྩོད་ཟླར་འོས་སྙམ་ནས་རྩོད་མཁན་མ་བྱུང་ངོ་། ། སློབ་དཔོན་གྱིས་ཕྱི་རོལ་པའི་གཞུང་ལུགས་ཕམ་པར་བྱས་པས་རྒྱལ་པོས་གསེར་གྱི་ཀར་ཤ་པ་ན་སྟོང་ཕྲག་སུམ་ཅུའི་བྱ་དགའ་གནང་ཞིང་། སློབ་དཔོན་གྱིས་གསེར་དེས་གཙུག་ལག་ཁང་ཆེན་པོ་གསུམ་བཞེངས་ཤིང་། རང་གི་གཞུང་དང་གྲངས་ཅན་པའི་གཞུང་དེ་གཉིས་པར་དུ་བསྐྲུན་ནས་ཕྱོགས་ཀུན་ཏུ་བཀྲམ། དེ་ནས་སློབ་དཔོན་ལྷའི་བཤེས་གཉེན་གྱིས་རང་ཡུལ་དུ་རྒྱལ་བསྟན་སྤེལ་པར། ཐོག་མར《བྱེ་བྲག་བཤད་མཛོད》ལ་གཟིགས་རྟོག་མཛད་ཅིང་། དེའི་དོན་ལ་ངེས་པ་རྙེད་པའི་རྗེས་སུ་སློབ་མ་རྣམས་ལ་དེའི་བཤད་ཁྲིད་རྒྱས་པར་གནང་ཞིང་། ཉིན་རེ་རེ་བཞིན《བྱེ་བྲག་བཤད་མཛོད》ཀྱི་དོན་འགྲེལ་བའི་ཤོ་ལོ་ཀ་རེ་རེ་མཛད་ཅིང་ཟངས་ཀྱི་བྱང་བུ་ལ་བརྐོས་ནས་གླང་བོ་ཆེའི་སྐེར་བཏགས་ཏེ་གྲོང་དང་གྲོང་ཁྱེར་ཀུན་ལ་འབྱམ་དུ་བཅུག་ཅིང་། ཁོ་བོའི་རྩོམ་འདི་ལ་དགག་པ་ཐོངས་ཤིག་ཅེས་བསྒྲགས་སོ། ། དེ་ལྟར་མཛད་པས་ཤོ་ལོ་ཀ་དྲུག་བརྒྱ་ལྷག་བྱུང་ཞིང་དགག་པ་གཏོང་མཁན་མ་བྱུང་ངོ་། ། ཟངས་ཀྱི་བྱང་བུ་རེ་རེ་ལ་ཤོ་ལོ་ཀ་རེ་བྲིས་པའི་གཞུང་དེ་ནི་ཆོས《མངོན་པ་མཛོད》ཀྱི་རྩ་བ་ཡིན་ལ། རྩོམ་གྲུབ་རྗེས་ཁ་ཆེ་ཡུལ་གྱི་བྱེ་བྲག་སྨྲ་བའི་སློབ་དཔོན་རྣམས་ལ་སྤྲིངས་ཤིང་། དེ་རྣམས་ཀྱིས་ཁོ་བོ་ཅག་གི་གཞུང་ལུགས་རྣམས་རྒྱས་པར་བྱས་སོ་ཞེས་དགའ་སྤྲོ་སྐྱེས་ཀྱང་དོན་རྣམས་གོ་དཀའ་བས་རང་འགྲེལ་ཅིག་ཅིས་ཀྱང་རྩོམས་ཤིག་ཅེས་བསྐུལ་པས་ཆོས《མངོན་པ་མཛོད》ཀྱི་རང་འགྲེལ་བརྩམས་ནས་དཀའ་གནད་རྣམས་གསལ་བར་བཀྲལ་ཏེ་ཁ་ཆེ་ཡུལ་དུ་སྤྲིངས་སོ། །
        ཨ་ཡུར་ཙཱའི་རྒྱལ་སྲས་ཀྱིས་སྔར་ནས་སློབ་དཔོན་འདི་བའི་དྲུང་དུ་དགེ་བསྙེན་གྱི་སྡོམ་པ་བླངས་ཤིང་། ཕྱིས་སུ་རྒྱལ་པོའི་བཙུན་མོས་ཀྱང་སློབ་དཔོན་གྱི་དྲུང་དུ་སྡོམ་པ་བླངས་པས་རྒྱལ་སྲས་རྒྱལ་སར་འཁོད་རྗེས་སློབ་དཔོན་འདི་ཨ་ཡུར་ཙཱའི་རྒྱལ་ཁབ་ཏུ་གདན་དྲངས་ནས་རྒྱུན་བཞུགས་མཛད་ཅིང་བཀུར་གཟོ་ཆེན་པོ་ཞུས། རྒྱལ་པོ་དེའི་སྲིང་མོའི་མག་པ་ཞིག་ཕྱི་རོལ་པ་བྲམ་ཟེའི་སློབ་དཔོན་ཞིག་ཡིན་ལ། ཕྱི་རོལ་པའི་གཞུང་བི་ཀ་ར་ཞེས་པར་མཁས་པར་གྲགས། རྒྱལ་པོ་སློབ་དཔོན་འདི་ལ་དད་གུས་ཆེ་བར་བྲམ་ཟེ་དེ་ཕྲག་དོག་ལངས་ནས་སློབ་དཔོན་ལ་ཁྱེད《སམ་ཁྱ》ལ་དགཀ་པ་བྱས་ཀྱང་ཁྱེད་ཀྱི《མངོན་པ་མཛོད))ལ་ལྟོས་ན་ཁོ་བོའི་བི་ཀ་ར་དོན་ཟབ་ཅིང་རྒྱ་ཆེ་བ་ཡིན་པས་ཁྱེད་སངས་རྒྱས་པ་རྣམས་ཀྱིས་དེ་ལ་དགག་ཕོད་དམ་ཟེར། སློབ་དཔོན་གྱིས་དངོས་པོའི་གནས་ལུགས་སྟོན་པའི་གཞུང་སངས་རྒྱས་པའི་གཞུང་ལས་ལྷག་མེད་པས《སམ་ཁྱ》་དགག་ཐུབ་ན་བི་ཀ་ར་དགག་མི་ཐུབ་པའི་རྒྱུ་མཚན་ཅི་ཡོད་གསུངས་ནས་གཞུང་བམ་པོ་སོ་གཉིས་པ་ཞིག་མཛད་ནས་བི་ཀ་ར་ཚར་གཅོད་པར་མཛད་དོ། ། བྲམ་ཟེ་དེས་སློབ་དཔོན་གྱི་གཞུང་ལ་དགག་པ་གཏོང་མ་ཐུབ་ཀྱང་སེམས་ཀྱི་ཕྲག་དོག་གནོན་པར་མ་བཟོད་ནས་ཡུལ་དབུས་ཀྱི་སློབ་དཔོན་སཾགྷབྷ་དྲ་སྟེ་དགེ་འདུན་བཟང་བོ་ཞེས་པར《མངོན་པ་མཛོད》ལ་དགག་པའི་སྐུལ་མ་བྱས། སློབ་དཔོན་དེས་ཀྱང《འོད་གསལ་ཏིང་ངེ་འཛིན》ཞེས་པ་ཤོ་ལོ་ཀ་སྟོང་ཕྲག་བཅུ་པ་ཞིག་དང་། 《བདེན་པར་བརྟེན་པ》ཞེས་པ་ཤོ་ལོ་ཀ་སྟོང་ཕྲག་ཉི་ཤུ་པ་ཞིག་བཅས་གཞུང་གཉིས་བརྩམས་ནས་ཨ་ཡུར་ཙཱར་སློབ་དཔོན་ལ་རྩོད་པར་ཕྱིན། སློབ་དཔོན་གྱིས་གཞུང་དེ་གཉིས་གཟིགས་ནས་གནད་ཐེབས་ཀྱི་དགག་པ་མི་འདུག་ཅིང་ལན་གྱིས་བཟློག་དཀའ་བ་མེད་ཀྱང་རྩོད་པ་བྱས་ན་མི་ལེགས་སྙམ་ནས་ཁོ་བོའི་གཞུང་ན་ཁྱེད་ཀྱི་འདོད་ཚུལ་ཕྱོགས་སྔར་བླངས་ནས་དགག་པ་མེད་ལ་དེང་ཡང་རྩོད་པ་མ་བྱས་ན་བཟང་། ཁྱེད་ཀྱི་གཞུང་དང་ཁོ་བོའི་གཞུང་གཉིས་ཀ་སྤེལ་ནས་བདེན་རྫུན་གྱི་རྣམ་དབྱེ་མང་མང་ལ་དབྱེ་རུ་འཇུག་གསུངས་ནས་རྩོད་པ་མ་མཛད་པས་སཾགྷབྷ་དྲ་ཡང་ཕྱིར་སོང་ངོ་། །
        གོང་དུ་ཞུས་པའི་སློབ་དཔོན་ལྷའི་བཤེས་གཉེན་ཞེས་པ་དེ་ནི་ཐོགས་མེད་ཀྱི་གཅུང་བོ་དབྱིག་གཉེན་ཞེས་པ་དེ་ཡིན་ལ། ཐོགས་མེད་ལས་ལོ་བཅུས་ཆུང་བར་གྲགས་ཤིང་། ལྷན་སྐྱེས་ཀྱི་ཤེས་རབ་ཆེ་ཞིང་མཁྱེན་རྒྱ་ཡངས་ལ་རྩོད་པ་ལ་ཡང་ཤིན་ཏུ་མཁས་པར་གྲགས། ཁོང་ཉིད་ཐོག་མར་ཐེག་དམན་ལ་མོས་ཤིང་། གཞུང་ལུགས་འབུམ་སྡེ་བཅོ་བརྒྱད་ལ་མཁས། ཐོགས་མེད་དགུང་ལོ་མཐོན་པོར་སོན་སྐབས་གཅུང་གི་གསུང་རྩོམ་རྣམས་གཟིགས་པས་འདི་ཤེས་རབ་ཤིན་ཏུ་ཆེ་བར་འདུག་ཅིང་ཐེག་ཆེན་ལ་མི་མོས་པས་འདི་མ་བཏུལ་ན་ཁོ་བོ་གཤེགས་རྗེས་འདིའི་རྩོད་ཟླར་ཡོང་བ་དཀའ་བས་ཐེག་ཆེན་ལ་གནོད་པ་འོང་དགོངས།
        ཁོང་སྐུ་མཆེད་གཉིས་ཆུང་དུས་ནས་ཕན་ཚུན་ལ་མཛའ་བརྩེ་ཤིན་ཏུ་ཆེ་ཞིང་། དབྱིག་གཉེན་གྱིས་བྲམ་ཟེའི་ཆོས་ལུགས་དོར་ནས་ནང་བའི་ཆོས་ལ་ཞུགས་པ་ཡང་གཅེན་པོའི་དྲིན་ཡིན་པར་འདུག རྗེས་སུ་ཕན་ཚུན་ཁ་བྲལ་ནས་ཐོགས་མེད་ཀྱིས་བྱམས་པའི་དྲུང་དུ་ཆོས་གསན་ནས་ཐེག་ཆེན་དར་བར་མཛད། དབྱིག་གཉེན་ནི་ཕྱོགས་གཞན་དུ་སོང་ནས་ཐེག་དམན་བསླབས་སོ། ། ཐོགས་མེད་ཀྱིས་གཅུང་བོ་གདུལ་དགོས་དགོངས་ནས་ཁོང་སྐུ་སྙུང་འདུག་ཅེས་ན་རྫུ་བྱས་ནས་ཕོ་ཉ་མངགས་ཏེ་གཅུང་བོ་འབོད་དུ་བཏང་། གཅུང་བོ་ཡང་ཐུང་མྱུར་དུ་གཅེན་པོར་བལྟ་བར་འོངས་པ་གཅེན་པོས་སློབ་མ་རྣམས་ལ་དཔེ་ཁྲིད་བྱེད་པའི་སྟེང་དུ་ཁེལ། དེ་ནས་གཙུག་ལག་ཁང་གི་ཕྱི་རོལ་ཏུ་དྲ་མིག་གི་རྩར་བསྡད་ནས་འདིས་ཅི་བཤད་དུ་བདོག་དགོངས་ནས་མཉན་པ་ན། ཐོགས་མེད་ཀྱིས་རྣལ་འབྱོར་སྤྱོད་པའི་ས་གསུང་བའི་སྒང་ཡིན་པས་དེ་ལ་མཉན། སྔར་ཐེག་ཆེན་གྱི་གཞུང་ཐོས་མ་མྱོང་བས་ཐེག་ཆེན་གྱི་གཞུང་ནི་ཟབ་ཅིང་རྒྱ་ཆེ་ལ་རིག་པའི་རྣམ་གྲངས་མང་དུ་ཡོད་པ། ཐེག་དམན་དང་མི་འགལ་ཞིང་སྔོན་ཆད་ཐེག་ཆེན་ལ་ལོག་རྟོག་བྱས་པ་མ་འགྲིག་དགོངས་སོ། ། ཆོས་ཐུན་གྲོལ་རྗེས་སྐུ་མཆེད་གཉིས་མཇལ་འཕྲད་གནང་། དབྱིག་གཉེན་གྱིས་ཁྱེད་ཀྱི་སྐུ་ཁམས་དྭངས་འདུག་པས་ཁོ་བོ་འབོད་དོན་ཅི་ཡིན་ཅེས་པར་གཅེན་པོས། ད་ལྟ་དྭངས་འདུག་ཅིང་ན་སོ་རྒས་ཤིང་ནམ་འཆི་ངེས་པ་མེད་པས་འཇིག་རྟེན་འདིར་སྡོད་ཡུན་མི་རིང་ངོ་། ། ཁྱོད་འབོད་དོན་ནི་ངེད་ཅག་ཚང་མ་རྒྱལ་བའི་རྗེས་འཇུག་ཡིན་མོད། ཁྱོད་ནི་ཐེག་དམན་ལ་དགའ་ཞིང་ཐེག་ཆེན་ལ་མི་དགའ་བ་ནི་མི་འོས་པ་ཞིག་ཡིན་ལ། ད་སྐབས་ངེད་ཀྱིས་རྣལ་འབྱོར་སྤྱོད་པའི་ས་འཆད་ཀྱིན་ཡོད། ཁྱོད་ཀྱིས་ཞིབ་ཏུ་མཉན་ནས་དཔྱད་པ་ཐོངས། གལ་སྲིད་དེ་ལ་དགོས་པ་མེད་བསམས་ན་དགག་པ་བཏང་བས་འཐུས་གསུངས་ཏེ་དབྱིག་གཉེན་ཀྱང་གཅེན་པོའི་གསུང་ལྟར་ཉིན་པར་གཞུང་ལ་མཉན། ཕྱི་དྲོ་ཕྱི་དྲོར་དཀའ་གནད་རྣམས་གཅེན་པོར་དྲིས་ནས་དོགས་པ་བཅད། ཁོང་ནི་ཤེས་རབ་ཤིན་ཏུ་ཆེ་བས་གསན་ཚར་བ་ན་དོན་ཡང་བདེ་བླག་ཏུ་རྟོགས་ཤིང་། ཐེག་ཆེན་གྱི་གྲུབ་མཐའ་ལ་རིགས་པའི་ལམ་ནས་བྱུང་བའི་དང་པ་སྐྱེས་ཤིང་ཐེག་ཆེན་པར་གྱུར་ཏོ། །
དེ་ནས་གཅེན་པོར་ཞུས་པ། སྔོན་ཆད་ཁོ་བོས་ལོག་པར་ལྟ་བའི་ཕྱོགས་སུ་ལྷུང་ནས་ཐེག་ཆེན་ལ་སྨད་པའི་ཆོས་སྤོང་གི་ལས་མང་དུ་བསགས་པས་ཁོ་བོས་ལྕེ་བཅད་ནས་བཤགས་པ་བྱེད་པར་འདོད་ཅེས་པ་ལ། གཅེན་པོས་ཁྱོད་ཀྱིས་གླན་རྟགས་སྟོན་པ་རེད། ཁྱོད་ཀྱིས་ལྕེ་ལན་སྟོང་དུ་བཅད་ཀྱང་ཕན་ཐོགས་མེད། སྔོན་ཆད་ཁ་ལྕེའི་སྒོ་ནས་ཆོས་སྤོང་གི་ལས་བསགས་པ་ཡིན་ན་ཁ་ལྕེ་དེ་ལ་བརྟེན་ནས་ཐེག་ཆེན་སྤེལ་ན་མི་ལེགས་སམ་གསུངས། དེ་ནས་སློབ་དཔོན་དབྱིག་གཉེན་སྐུ་ཚེའི་སྨད་ལ་ཐེག་ཆེན་གྱི་ཆོས་སྤོང་གི་འགྱོད་བཤགས་ཀྱི་དོན་དུ《ཐེག་ཆེན་གྱི་དགོངས་འགྲེལ》《རྡོ་རྗེ་གཅོད་པའི་རྣམ་བཤད》《ཞི་གནས་སྒྲུབ་ཚུལ་གྱི་དགོངས་འགྲེལ》《མདོ་སྡེ་ས་བཅུ་པའི་འགྲེལ་བ》《སེམས་ཙམ་རབ་བྱེད་སུམ་ཅུ་པ》《སེམས་ཙམ་རབ་བྱེད་ཉི་ཤུ་པ》《དམ་ཆོས་པད་མོ་དཀར་པོའི་འགྲེལ་བ》《རྟེན་འབྲེལ་གྱི་མདོ་འགྲེལ》《བློ་གྲོས་མི་ཟད་པའི་མདོའི་འགྲེལ་བ》སོགས་གསུང་འགྲེལ་མང་དུ་མཛད་པས་གཞུང་ལུགས་སྟོང་སྡེ་སྨྲ་བའི་སློབ་དཔོན་ཞེས་པར་གྲགས་སོ། །
        ཐོགས་མེད་དང་དབྱིག་གཉེན་སྐུ་མཆེད་གཉིས་ནི་ཐེག་ཆེན་སྤེལ་པ་ལ་བྱས་རྗེས་ཤིན་ཏུ་ཆེ་ཞིང་། ཐེག་ཆེན་གྱི་རྗེས་འཇུག་རྣམས་ཀྱིས་སྐུ་མཆེད་འདི་གཉིས་ཀྱི་གཞུང་རྩ་བར་མི་འཛིན་པ་མེད་ལ། ཕྱི་རོལ་པ་རྣམས་སློབ་དཔོན་སྐུ་མཆེད་འདི་གཉིས་ཀྱི་གཟི་བརྗིད་མི་བཟོད་པར་ལོང་གཉིས་ལ་གུས་པ་བྱེད་པར་སྣང་ངོ་། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1