༄༅།། པོ་ཏ་ལ།

མ་ངེ་ར་གདུགས། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 01-10


  མ་ངེ་ར་གདུགས། (ཀན་ལྷོ)
 

    པོ་ཏ་ལ།  ཁྱེད་ནི་ཡིད་ཆེས་དང་ཕུགས་འདུན་གྱིས་བཞེངས་པའི་མཛེས་སྡུག་གི་འཆར་ཡན་ཞིག་གམ།  ཡང་ན།  རྣམ་དཔྱོད་ཀྱི་མངའ་ཐང་གིས་བསྐྲུན་པའི་རྟག་བརྟན་གྱི་རྡོ་རིང་ཞིག
    རྒྱ་མཚོའི་རླབས་རྒྱུན་ལྟར་འཕྱོ་འཇགས་ཞི་གསུམ་གྱི་ཕྲེང་བར་བརྒྱུས་པའི་དུས་ཀྱི་ཀློང་རིམ་ནས།  ལོ་ཟླ་ཇི་སྙེད་ཅིག་བྱེ་མའི་མལ་དུ་གཟིམས་ཤིང་།  དུས་ཀྱི་འཇུག་ངོགས་སོ་སོ་ནས་དཔའ་རྒོད་ཇི་སྙེད་ཅིག་སྐྱེས་ཤིང་རྒས་ནའང་།  སྨུག་པ་ལང་ལོང་གཡོ་བའི་ཐོང་ག་ནས།  ཉི་འོད་སྤྲིན་རིམ་ན་རྒྱུ་བའི་ས་སྲོད་ཀྱི་གྲིབ་ངོགས་རེ་རེ་ནས།  རྣོ་སྦྲེང་ལྟ་བུའི་ངའི་སེམས་ཀྱི་རྒྱུད་སྐུད་འདི་རང་དབང་མེད་པར་ཁྱེད་ལ་དཀྲོལ།
    པོ་ཏ་ལ།  ཁྱེད་ནི་མི་ཡུལ་ན་སྒྱུ་རྩལ་དང་དོན་སྙིང་གིས་ཕྱུག་པའི་ཆེས་རྩ་ཆེ་བའི་གླེགས་བམ་ཞིག་རེད།  ཁྱེད་ནི་གོ་ལ་ཟླུམ་པོའི་སྣེ་གསུམ་པའི་དབུ་རྩེ་ན་ཀྲོང་ངེར་འགྱིང་བའི་ལོ་རྒྱུས་ཀྱི་ར་སྤྲོད་དང་དཔང་པོ་རེད།
    པོ་ཏ་ལ།  ཁྱེད་ནི་མི་རབས་དང་དུས་རབས་ལས་བརྒལ་བའི་ཡུལ་གྲུ་འདི་དང་རིག་གཞུང་འདི།  ད་དུང་མི་རིགས་འདིའི་སེམས་ཀྱི་སྲོག་ཤིང་བཏེགས་པའི་རྡོ་རྗེའི་ཀ་བ་དེ་རེད།  སྤྱི་ལོ་སྔོན་གྱི་ལོ་བརྒྱ་དང་བཅུ་ཕྲག་ཡས་མས་ལ།  སྤོ་ཡུལ་རྒྱལ་སྲས་གང་དེས་གཞིས་མཁར་གྱི་རྨང་རྡོ་ཡར་ལུང་ཁོག་ཏུ་བརྩིགས་པའི་ཉིན་དེ་ནས་བཟུང་།  ཁྱེད་ཀྱི་རྣམ་ཤེས་གངས་དཀར་ཨ་མའི་ལྷུམས་སུ་སྦྲུམ།
    ལོ་ཟླའི་འགྲོས་ཀྱི་འཕེལ་བ་ཡིས་ཟླ་བའི་ཞལ་ཁྱིམ་གང་བ་བཞིན།  བཙན་པོའི་ཐུགས་རིས་རྟ་བདུན་དབང་བོས་རུ་སྣ་དྲངས་ཏེ།  ཡར་ལུང་མལ་གྲོ་ནས་སྐྱིད་ཤོད་དམར་པོ་རི་ལ་གནས་སྤར་བའི་དུས་དེ་ནས།  ཁྱེད་རང་གངས་དཀར་ར་བའི་དཀྱིལ་དབུས་ནས་སྐུ་བལྟམས་ཤིང་ནར་སོན།  པོ་ཏ་ལ།  ཁྱེད་ཀྱི་རྔམ་བརྗིད་དང་ཟིལ་ཤུགས་ཀྱིས་གཡོ་ཅན་ཧམ་ལྡན་དག་གི་དུག་ལྕེ་ཡི་རྩྭ་ལོ་འབྲེག་བཞིན་སྙན་པའི་བ་དན་ཕྱོགས་སུ་གཡོས་ཤིང་།  རྩ་བ་ཀླུ་དང་རྩེ་མོ་དགུང་ལ་ཟུག་པས།  ཁྱེད་ཀྱི་མཚན་ལ་རྩེ་ཕོ་བྲང་པོ་ཏ་ལ་ཞེས་ཐོགས། ངས་སོར་བཅུའི་ཐལ་མོ་སྙིང་ཁར་སྦྱར་ཏེ་ཁྱེད་ལ་མཇལ་ཐེངས་རེ་རེར།  སྲོང་བཙན་སྒམ་པོ་དང་མགར་སྟོང་བཙན།  རྒྱལ་དབང་ལྔ་བ་དང་སྡེ་སྲིད་སངས་རྒྱམ་སོགས་དཔའ་མཛངས་རྟུལ་གསུམ་གྱི་ཀློང་བརྡོལ་བའི་དམ་པ་རེ་རེའི་རྟོགས་པའི་ཟབ་ཡངས་དང་དཔྱོད་པའི་མིག་རྒྱང་དྲན་བྱུང་།
    དུས་དེ་ནས་བཟུང་ཁྱེད་ཀྱིས་ཁྱད་དུ་འཕགས་པའི་མདོ་དབུས་མཐོ་སྒང་གི་ངོ་མཚར་བའི་སྐྱེ་ཁམས་ཀྱི་གསང་བ་རྟོགས་ཡོད་ལ།  ཁ་བའི་ཡུལ་ལྗོངས་འདིའི་གྲང་འཁྱག་གི་རིན་ཐང་མཁྱེན་ཡོད་ཨང་།
    དུས་དེ་ནས་བཟུང་།  ཁྱེད་ནི་གནས་འདིའི་མེས་པོ་དག་གི་རྣམ་ཤེས་ཀྱི་གནས་མལ་དང་བགྲེས་སོང་ཚོའི་སེམས་ཀྱི་ཉི་མ་ཡིན་ལ།  མི་རིགས་འདིའི་དུས་གསུམ་གྱི་བླ་སྲོག་གི་རྒྱུན་ཐག་ཀྱང་རེད་ཨང་།
    པོ་ཏ་ལ།  ཁྱེད་ཀྱི་རྔམ་བརྗིད་ཀྱིས་གངས་དཀར་པོའི་རི་ཚོགས་མཐོ་རུ་བསྟད་ཀྱང་།  ཁྱེད་ཀྱི་བྱིན་རླབས་ཀྱིས་རི་ཁ་བའི་དཀྱིལ་འཁོར་འོད་ཀྱིས་བྲན།
    དུས་ཀྱི་འུར་ཟིང་དང་ལོ་ཟླའི་ཆར་རླུང་ཁྲོད་ནས།  ཆུ་བཞིའི་གླུ་སྒྲ་དང་སྒང་དྲུག་གི་བརྟན་བརླིང་དབུས་ནས།  མི་སེམས་ལ་ང་རྒྱལ་དང་མི་ཡུལ་ལ་ངོ་མཚར་བླུད་ཐེངས་རེ་རེར།  སུ་ཞིག་གིས་ཁྱེད་ཀྱི་རིན་ཐང་གི་ཡང་སྙིང་དང་མཚོན་བརྗོད་ཀྱི་སྨྲ་ལྕེ་ཐོས་འོངས།  སུ་ཞིག་གིས་ཁྱེད་ཀྱི་གསང་རྣམ་གྱི་རྒྱབ་ལྗོངས་དང་ཆགས་སྡང་གི་རྨ་ཁ་ཚོར་བྱུང་།
    པོ་ཏ་ལ།  གནའ་བོའི་མི་རིགས་འདིས་ཁྱད་མཚར་བའི་གཏམ་རྒྱུད་རེ་རེ་ཁྱེད་ཀྱི་སྒོ་དང་སྒེའུ་ཁུང་ནས་འཕུར་མྱོང་ལ།  མདོ་དབུས་མཐོ་སྒང་དུ་འཁྱམས་པའི་རླུང་བུ་ལྡོམ་པོ་དེ་དག་ཀྱང་ཁྱེད་ཀྱི་སྒོ་ཐེམ་དུ་འཚང་མྱོང་།  ད་དུང་ཧི་མ་བླ་རིའི་འདབས་རོལ་གྱི་བགྲང་བྱ་སྟོང་གི་ཤེས་རིག་གི་མེ་སོན་རེ་རེའང་ཁྱེད་ཀྱིས་སྦར་བ་ལགས།
    པོ་ཏ་ལ།  ཁྱེད་ནི་དུས་རབས་དུ་མའི་མཛའ་མཐུན་གྱི་གཟུངས་ཐག་དང་རྒྱང་བཞུད་ཀྱི་སྤྲིན་པ་མང་པོའི་སེམས་ཀྱི་འབབ་སྟེགས་ཡིན་ལ།  གཞིས་བྱེས་ཇི་སྙེད་ཀྱི་བདེ་སྡུག་གི་ཚོར་བར་བསྟར་བའི་བླ་སྲོག་གི་རྩིག་རྨང་ཡིན།

    པོ་ཏ་ལ།  ཁྱེད་རང་དྲན་ཐེངས་རེ་རེར།  ངས་གནའ་སྔ་མོར་ང་ཡི་རྨོ་མོ་ལགས་ཞབས་ཐང་གིས་དབུས་ལ་ཡང་ཡང་སྐྱོད་པའི་ཡང་སྙིང་དང་སེམས་འདུན་རྟོགས་སོང་།།

(2017ལོའི་《གངས་རྒྱན་མེ་ཏོག》དེབ་གཉིས་པ་ལས་བཤུས།)


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1