༄༅།། རྙིང་མའི་གདན་ས་ཆེན་མོ་གནས་མཆོག་དཔལ་ཡུལ། གསུམ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 01-17



ཁ་སར་ཁྱིམ་རྒྱུད་ལོ་རྒྱུས་དེ་རིང་སོང་།
ས་ངན་ས་བྲིས་ངོ་མཚར་རང་ཆེའོ།
ཁ་སར་ཚང་གི་བྱུང་བ་མདོར་བསྡུས།
        སྤྱིར་ཁ་སར་ཞེས་པ་ནི་ཁམས་ཀྱི་དགོན་སྡེ་ཐོག་མ་དཔལ་རྒྱལ་བ་ཀཿཐོག་པའི་བླ་ཆེན་ནམ། སྔ་འགྱུར་སྙིང་མའི་ཡོངས་གྲགས་ཀྱི་སྐྱེས་ཆེན་དམ་པ་དྲི་མེད་ཞིང་སྐྱོང་མགོན་པོའི་སྐུ་སྐྱེ་བཞི་པ། རིག་འཛིན་འཇིག་མེད་གླིང་པ་སོགས་སྐྱེས་ཆེན་མང་པོས་བཀའ་ཡིས་ཡང་ཡང་བསྔགས་པའི་ཞིང་སྐྱོང་རིག་འཛིན་འཇིག་མེད་མགོན་པོའི་གདུང་རྒྱུད་ལ་ཟེར་ཞིང་། དེ་ལ་ཁ་སར་ཚང་ཟེར་བའི་རྒྱུ་མཚན་ནི་ཀཿཐོག་དགོན་པ་ཀཿཡིག་ལྟ་བུའི་གནས་སུ་ཆགས་པས་ཀཿཐོག་ཅེས་བྱ་ཞིང་། རྒྱལ་བ་ཀཿཐོག་པའི་བསྟན་འཛིན་སྐྱེས་བུ་གང་མང་གདུང་རྒྱུད་འདི་ཚང་ལ་འཁྲུངས་པས་ཕྱི་རྟེན་ཀ་དང་། ནང་གི་བརྟེན་པར་ཁ་ཞེས་གསལ་བྱེད་ཀྱི་གོ་རིམ་ལྟར་བཏགས་པའམ། ཀཿཡི་ཐོག་ཏུ་དགོན་སྡེ་ཆགས་ཤིང་བསྟན་འཛིན་སྐྱེས་བུ་འཁྲུངས་སར་ཁ་སར་ཚང་ཞེས་བཏགས་པ་ཡིན་ལ། མིང་དེ་ཀཿཐོག་པའི་སྐྱེས་མཆོག་དམ་པ་དྲུང་ནམ་མཁའ་རྒྱ་མཚོ་མཆོག་གིས་རྟེན་འབྲེལ་ཁྱད་པར་ཅན་དང་དགོས་པ་བླ་ན་མེད་པར་དགོངས་ནས་བཏགས་པར་གྲགས། ཁྱིམ་རྒྱུད་འདི་རུ་ཐུན་མོང་ཐུན་མིན་གྱི་རིག་པའི་གནས་ལ་མཁས་ཤིང་། གྲུབ་པའི་རྟགས་མཚན་མངའ་བའི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་ཟམ་མ་ཆད་པར་བྱོན་མྱོང་བས། ད་ལྟའི་བར་དུ་ཁ་སར་ཚང་ཞེས་སྙན་པའི་གྲགས་པ་རྒྱས་ཡོད།
ཁ་སར་སྨན་པ་མགོན་པོ་བཀྲ་ཤིས།
        1.དེ་ཡང་ཐོག་མར་དྲི་མེད་ཞིང་སྐྱོང་རིག་འཛིན་འཇིགས་མེད་མགོན་པོ་ནི་དུས་རབས་བཅུ་བདུན་པར་སྐུ་འཁྲུངས་ཤིང་། རིག་འཛིན་འཇིགས་མེད་གླིང་པ་གཙོར་མཛད་ཀྱི་སྐབས་དེའི་རྙིང་མའི་བླ་ཆེན་གང་མང་གིས་ཞིང་སྐྱོང་རིག་འཛིན་བདུད་འདུལ་རྡོ་རྗེའི་ཡང་སྲིད་དུ་ཐུགས་ཐག་བཅད་པ་དང་། དགེ་རྩེ་མ་ཧ་པཎྜི་ཏས་ཀཿཐོག་དགོན་དུ་གདན་དྲངས་ཤིང་གསེར་ཁྲིར་མངའ་གསོལ་མཛད། དགེ་རྩེ་པཎ་ཆེན་དང་ངེས་དོན་སི་ཏུ་ཆོས་ཀྱི་སེང་གེ་སོགས་སྐྱེས་ཆེན་མང་པོ་ལས་བཀའ་གཏེར་སྤྱི་དང་། ཁྱད་པར་གཏེར་ཆེན་བདུད་ཀློང་གཉིས་ཀྱི་དབང་ལུང་ཁྲིད་བཅས་ཡོངས་རྫོགས་གསན་ནས་ཐེག་དགུའི་ཆོས་མཛོད་རྒྱ་མཚོར་མངའ་དབང་འབྱོར་ཏེ་བཤད་སྒྲུབ་ལས་ཀྱི་འཁོར་ལོ་གསུམ་ལ་བྱ་བ་རྒྱ་ཆེར་མཛད།
        2.ཞིང་སྐྱོང་རིག་འཛིན་འཇིགས་མེད་མགོན་པོའི་གདུང་སྲས་མགོན་པོ་བཀྲ་ཤིས་སམ་ཡོངས་གྲགས་སུ་མགོན་བཀྲ་ནི་རབ་བྱུང་བཅུ་གསུམ་པར་འཁྲུངས་པ་དང་ཁོང་ནི་རྣམ་དཔྱོད་ཕུལ་དུ་ཕྱིན་ཅིང་། ཡི་གེ་འབྲི་ཀློག་སོགས་ཆེར་སློབ་མ་དགོས་པར་ཤེས་ཤིང་ཐུན་མོང་རིག་གནས་ཀུན་ལ་བྱང་ཆུབ་པར་གྱུར། ཁྱད་པར་དུ་གསོ་བ་རིག་པར་ཤེས་རབ་རྩལ་དུ་རྫོགས་ནས་རྒྱུད་བཞི་སོགས་སྨན་གཞུང་ལ་ཤིན་ཏུ་མཁས་པར་གྱུར་པ་དང་། ཁོང་ནི་འགྲོ་བའི་ནད་གདུང་འཇོམ་པར་ཆེད་དུ་བྱོན་པ་ལྟ་བུའི་བྱམས་སེམས་དང་སྙིང་རྗེ་ལྷན་སྐྱེས་སུ་མངའ་ཞིང་། ནད་པ་ཀུན་ལ་རང་གི་མ་ལྟར་སྐྱོང་བའི་སྐྱེས་བུ་མཆོག་ཏུ་གྱུར་པ་ཞིག་ཡིན་པར་གྲགས།
        3.གཏེར་སྟོན་འགྲོ་འདུལ་སྟོབས་ལྡན་གླིང་པ་ནི་ཡོངས་སུ་གྲགས་པའི་གླིང་པ་བཅུ་དྲུག་གི་ཡ་གྱལ་སྟོབས་ལྡན་གླིང་པ་ཡིན་ལ་རབ་བྱུང་བཅུ་གསུམ་པར་སྐུ་འཁྲུངས། སྐུ་བལྟམས་སྐབས་ཆུ་ཟངས་འོ་མས་གང་པ་སོགས་ཡ་མཚན་པའི་རྟགས་བཟང་མང་དུ་བྱུང་། དགུང་ལོ་བཅུ་གཉིས་པར་ཡི་གེ་འབྲི་ཀློག་ནས་སྒྲ་སྙན་སྨན་རྩིས་སོགས་ལ་མཐར་ཕྱིན་པ་མཁྱེན་པར་མཛད། སི་ཏུ་ཆོས་ཀྱི་བློ་གྲོས་སོགས་ལས་བཀའ་གཏེར་མང་པོ་དང་མདོ་སྔགས་རིག་གནས་དང་བཅས་པ་སྦྱངས་བརྩོན་མཐར་ཕྱིན་པར་མཛད་དེ་ཀཿཐོག་གི་དབྱར་གནས་མཁན་པོ་གནང་པ་དང་། མཁའ་འགྲོ་མའི་བརྡ་ཡིག་ཤོག་སེར་ལན་གྲངས་མང་དུ་བབས་པས་རྗེས་འབངས་ཉེར་ལྔའི་ཡ་གྱལ་རླངས་ཆེན་དཔལ་གྱི་སེང་གེའི་སྐྱེ་སྤྲུལ་དུ་ལུང་གིས་ཟིན་པ་ལྟར། འགྲོ་འདུལ་སྟོབས་ལྡན་གླིང་པར་མངའ་གསོལ་ཞིང་རྒྱལ་དབང་མཚོ་སྐྱེས་སྙིང་ཐིག་སོགས་གཏེར་ཆོས་གང་མང་གཏེར་ནས་དྲངས་པ་དང་། ཁྱད་པར་དུ་ཀཿཐོག་བྲག་སེང་གེའི་མགོ་ནས་ཁྲོམ་གཏེར་བླ་ན་མེད་པ་ཞིག་བླངས་པ་སྟེ། གཏེར་སྦྲོམ་དུ་ཤེར་ཕྱིན་འབུམ་པའི་ཤོག་སེར་དང་གནས་ཡིག་རིན་ཆེན་སྙིང་པོ། ཆོས་དུང་དཀར་མོ་གཡས་འཁྱིལ་བཅས་ཡོད་པ་བཏོན་ཞིང་། གཏེར་ཤུལ་རྒྱལ་མཚན་བཙུགས་པའི་རྗེས་ཤུལ་སོགས་ད་ལྟ་དངོས་སུ་མཇལ་དུ་ཡོད། སྦྲོམ་བུའི་ཤུན་ལྤགས་ཧོར་པོ་ཚོ་བརྒྱད་ཀྱི་མི་སྟོང་ཕྲག་ལྷག་ལ་བྱིན་རྟེན་དུ་གནང་བ་དང་། དེ་ཐོབ་པའི་སྐྱེ་བོ་དག་ཚེ་ལོ་མཐའ་རུ་ཕྱིན་པར་གྲགས།
ཁ་སར་གཏེར་ཆེན་སྟོབས་ལྡན་གླིང་པ།
        4.རབ་བྱུང་བཅུ་བཞི་པའི་ནང་དུ་ཁ་སར་རིག་འཛིན་ཞེས་པའི་བཟོ་གསོ་གཉིས་ལ་མངའ་དབང་འབྱོར་བའི་སྐྱེས་མཆོག་དེས་ཁ་སར་ཚང་གི་བྱ་བཞག་རྒྱུན་བསྐྱངས་ཤིང་། ཁོང་ནི་གཞུང་རྒྱུད་དྲང་ལ་བྱམས་སྙིང་རྗེ་རང་ཆས་སུ་ཡོད་པ། དཀའ་ངལ་གང་ལའང་མི་འཛེམ་པར་འགྲོ་བའི་ནད་གདུང་འཇོམ་པར་བརྩོན་པའི་གོ་ཆ་བགོས་པ་ཞིག་ཡིན་པར་ཀུན་ལ་རླུང་ལྟར་གྲགས། ཁོང་ཆོ་ག་ཕྱག་ལེན་སོགས་ལ་ཤིན་ཏུ་མཁས་ཤིང་། འདོན་རྟ་དབྱངས། གར་ཕྱག་ཐིག་གསུམ། འབུད་རྡུང་དཀྲོལ་གསུམ་སོགས་ལ་ཐོག་པ་མེད་པ་དང་། གཏེར་སྟོན་གྱི་ཟབ་ཆོས་སྐོར་དང་སྨན་རྒྱུད་མན་ངག་སོགས་ཀྱི་ཆ་ཤས་རེ་རེ་ནས་རྒྱུད་འཛིན་ནན་ཏན་བྱེད་པར་མ་ཟད། ཐང་ག་འབྲི་བཞེང་བྱེད་པར་ཡང་ཕུལ་དུ་ཕྱིན་པའི་ལྷ་རིས་པ་མིང་དུ་གྲགས་པ་ཞིག་ཀྱང་ཡིན་ལ། ཁོང་གིས་བྲིས་པའི་ཐང་ག་དང་། རི་མོ། ཤིང་བརྐོས། རྡོ་ལྷ་སོགས་ཤིན་ཏུ་མང་ངོ་། །
        5.དུས་རབས་བཅུ་བཞི་པའི་སྨད་དུ་སྐུ་འཁྲུངས་པའི་ཁ་སར་འཆི་མེད་བླ་མའམ་ཁ་སར་གཅོད་པ་འཆི་མེད་ནི་དགུང་ལོ་བཅུ་གསུམ་པར་ཀློག་བསླབས་ཤིང་། ཀཿཐོག་གི་སྒྲུབ་སྡེ་སོ་སོའི་བསྙེན་མཚམས་ལ་ལོ་མང་པོ་བཞུགས་པ་དང་། དགེ་རྩེ་སྤྲུལ་སྐུ་སོགས་ཀཿཐོག་གི་བླ་མ་དག་ལས་དབང་ལུང་ཁྲིད་སོགས་གསན་ནས་ཉམས་ལེན་གྱི་གནད་ལ་གཞོལ་བ་དང་། བྱང་སེང་ཕུག་ཏུ་གཅོད་མཚམས་ལོ་མང་དུ་བཞུགས་ནས་གཅོད་ཀྱི་ལྟ་སྒོམ་ལ་རང་དབང་འབྱོར། ཧོར་པོ་ཚོ་བརྒྱད་ཀྱི་ནད་པ་གང་མང་ལ་ཁོང་གིས་གཅོད་གསུངས་ནས་ནད་ལས་གྲོལ་ཡོང་བ་མང་དུ་བཤད་རྒྱུ་ཡོད་ཅིང་། སྣང་སྲིད་ཟིལ་གྱིས་ནོན་ཞིང་ཆོས་སྐྱོང་བྲན་དུ་ཁོལ་བའི་ངེས་དོན་གྱི་རྣལ་འབྱོར་བ་ཞིག་ཡིན་པར་ཀུན་ལ་རླུང་ལྟར་གྲགས་ཤིང་། ཁོང་ལ་གནགས་སེམས་དང་ངན་སྨོན་བྱེད་པ་སོགས་ལ་བཀའ་སྲུང་གི་ཉེས་ཆད་འཕྲལ་དུ་ཡོང་བ་སོགས་མང་པོ་བཤད་དུ་ཡོད་པ་དང་ཀཿཐོག་དུར་ཁྲོད་ནས་རོ་ལང་བཏུལ་བ། འབོ་ར་དགོན་ནས་རྐུན་མ་ངོས་བཟུང་པ་སོགས་མངོན་ཤེས་དང་གྲུབ་པའི་རྟགས་མཚན་མངོན་སུམ་དུ་སྟོན་པའི་བླ་མ་ཞིག་གོ །
        6.ཨ་ངག་གཏེར་རྒྱུད་སྤྲུལ་ཚུལ་ཁྲིམས་ནི་རབ་བྱུང་བཅོ་ལྔ་པར་སྐུ་འཁྲུངས་ཤིང་། ཁོང་དགུང་ལོ་བརྒྱད་ནས་ཡི་གེ་འབྲི་ཀློག་བསླབས་པ་དང་། རྣམ་དཔྱོད་སྤྱིར་བཏང་གི་བྱིས་པ་ལས་ཡོངས་སུ་འདས་པས་དགུང་གྲངས་བཅུ་གཉིས་ལ་སོན་སྐབས་ཀཿཐོག་གི་འཆམ་དང་སྒྲུབ་ཁག་ཚང་མའི་ཕྱག་ལེན་ཡོངས་ལ་བྱང་ཆུབ་པར་མ་ཟད། ཀཿཐོག་སྒྲུབ་མཆོད་ཀྱི་རྡོ་རྗེ་འཛིན་པའི་མཚན་གནས་བཞེས་ཤིང་། སྤྲུལ་པའི་བཟོ་བོ་གྲུ་པ་ཕུར་བུ་ཚེ་རིང་ལགས་དགེ་རྒན་དུ་བསྟེན་ནས་ལྷ་རིས་དང་། བཅའ་བཟོ། བརྐོས་སོགས་ལ་མཐར་ཕྱིན་པར་སྦྱངས། ཁོང་གི་སྐུ་ཚེའི་མཛད་པ་ཆེ་ཤོས་ནི་བཟོ་རིག་པར་མཛད་ཅིང་། སྒོས་སུ་རྒྱལ་བ་ཀཿཐོག་པའི་བསྟན་པར་བྱས་རྗེས་བླ་ན་མེད་པ་བཞག་ཡོད་པ་དང་གོས་སྐུ་དང་། ཐང་མོ་ཆེ། འཇིམ་སྐུ་སོགས་བགྲང་གིས་མི་ལོངས་པ་བཞེངས་བསྐྲུན་གནང་ཡོད།
        7.ཁ་སར་སྨན་པ་བླ་མ་བསོད་ནམས་སྟོབས་ཆེན་ནི་རབ་བྱུང་བཅུ་དྲུག་པར་སྐུ་འཁྲུངས་ཤིང་ཆུང་དུས་ནས་ཡི་གེ་ཀློག་འདོན་དང་རིག་པའི་གནས་ལ་བསླབས་ཤིང་། སྤྲུལ་ཚུལ་ཁྲིམས་ཀྱི་མདུན་ནས་བཟོ་གསོ་གཉིས་ལ་ཕྱིས་ཕྱིན་པ་བསླབས་པ་སྟེ། གསོ་བ་རིག་པར་སྤྲུལ་ཁྲིམས་རང་ཉིད་དང་འདྲ་བའི་སློབ་བུར་གྱུར་ཅིང་། བཟོ་རིག་ཀྱང་སྤྲུལ་བའི་བཟོ་བོ་འོ་སེ་ཀརྨ་དང་མཉམ་དུ་སྦྱོང་པ་བྱས་པས་བཟང་ངན་ཆེར་མི་ཕྱེད་པའི་ལྷ་རིས་པར་གྱུར། མ་ཟད་རྩིས་ས་རིས་དང་སྙན་ངག་སོགས་ལའང་མཁས་པར་བྱས། ད་དུང་སྡེ་དགེའི་ཡིག་མཁན་གྲགས་ཆེན་འབྲི་ར་འགྱུར་མེད་དགེ་རྒན་དུ་བསྟེན་ནས་ཡིག་གཟུགས་སྣ་ཚོགས་ལ་བྱང་ཞིང་ཡིག་གཟུགས་ཀུན་ལ་ཐོགས་པ་མེད་པའི་བསྔགས་བརྗོད་ཐོབ། ཁ་སར་བསོད་ནམས་སྟོབས་ཆེན་གྱིས་ཆུ་སྨན་མཛོ་དགའ་འམ་རིན་ཆེན་སྲོག་སྟེར་ཆེན་མོ་དང་། འབམ་སྨན་རྒྱ་ནག་མ། གཉེན་འཇམ་ཨོ་སེར་ཆེན་མོ་སོགས་ཀྱི་ལག་ལེན་ལ་བྱང་ཆུབ། དེ་བཞིན་དངུལ་ཆུ་བཙོ་བཀྲུའི་ལག་ལེན་ཆ་ཚང་དང་སྨན་སྦྱོར་དུག་འཕྲལ་སོགས་ལ་ཤིན་ཏུ་མཁས་པར་གྱུར། དེང་རབས་ནུབ་ལུགས་སྨན་གྱིས་མ་ནུས་པར་འཆི་བར་ཉེ་བའི་ནད་པ་མང་པོ་འཆི་སོས་སྨན་གྱིས་གསོས་པའི་གཏམ་རྒྱུད་མང་དུ་འདུག་ཅིང་ཀུན་གྱིས་བསྟོད་པའི་མེ་ཏོག་གཏོར་སའི་ལྷ་རྗེ་ཞིག་ཡིན་པར་མ་ཟད་རྒྱལ་བ་ཀཿཐོག་པའི་རྡོ་རྗེ་འཛིན་པའང་ཡིན་ནོ། །
        8.ཁ་སར་སྨན་པ་འཇམ་དབྱངས་བསྟན་འཛིན་ནི། སྤྱི་ལོ་1973ལོའི་བོད་ཟླ་དགུ་པའི་ཚེས་ཉེར་གསུམ་ཉིན་ཏེ་རྒྱལ་ཕུར་ནོར་བུའི་འགྲུབ་སྦྱོར་ལ་འཁྲུངས་ཤིང་། ཆུང་དུས་ནས་སྨན་པ་ཁུ་བོ་བསོད་ནམས་སྟོབས་ཆེན་དང་འོ་སེ་ཀརྨ་གཉིས་ཀྱི་མདུན་ནས་བཟོ་གསོ་གཉིས་གཙོར་བྱས་ཀྱི་རིག་གནས་ཀུན་ལ་སྦྱོང་བ་བགྱིས་པ་དང་། ཀཿཐོག་དྲི་མེད་ཞིང་སྐྱོང་ལགས་ཀྱིས་ཆེ་མཐོང་གནང་ནས་ཁོང་དང་མཉམ་འབྲེལ་གྱིས་ཉམས་ཐག་ནད་མ་ཀུན་ལ་རིན་མེད་སྨན་སྦྱིན་ལོ་མང་བགྱིས་ནས། ནད་པ་མི་ཉུང་བའི་ནད་གདུང་འཇོམ་པར་ལེགས་བྱས་མཐོ་བ་དང་། ཁོང་གིས་རྒྱུན་པར་ཁ་སར་རིང་ལུགས་དག་མའི་སྨན་གྱི་སྡེབ་སྦྱོར་དང་། ཡབ་མེས་ནས་བརྒྱུད་པའི་མན་ངག་གི་རྒྱུན་བཟང་རྒྱུན་སྐྱོང་བླ་མེད་གནང་བཞིན་གང་ནུས་ཀྱིས་སྤྱི་ཚོགས་ལ་ཞབས་འདེགས་ཞུ་བཞིན་པ་ལགས། ཁོང་ནི་མི་གཤིས་བཟང་ཞིང་ལྷག་བསམ་དང་རིགས་ཞེན་རང་ཆས་སུ་ཡོད་པའི་སྐྱེས་བུ་རྨད་དུ་བྱུང་བ་ཞིག་ཀྱང་ཡིན། །
མཁྱེན་ཀོང་མཆོག་གསུམ་གྱི་ཞལ་ཐང་།
        འདི་ནི་ཁ་སར་ཚང་ཞེས་པའི་ངོ་མཚར་བའི་ཁྱིམ་རྒྱུད་འདིའི་སྐྱེས་མཆོག་དག་གི་མཛད་པ་ཤིན་ཏུ་བསྡུས་པ་ཙམ་ཡིན་པ་ལས། ཞིབ་རྒྱས་ཤིག་འབྲི་དགོས་ན་སྐྱེས་མཆོག་རེ་རེ་ལའང་བྲིས་ན་རྫོགས་དཀའ་བའི་བླ་མེད་ཀྱི་མཛད་པ་རེ་ཡོད་པས་འབྲི་བར་མི་ནུས་མོད། འདིར་གྲོགས་མཆོག་དམ་པས་བསྐུལ་ངོར་མི་ཟློག་ཙམ་དུ་འཇུ་རབ་གསལ་དུ་འབོད་པས་བྲིས་པ་དགེ་ལེགས་འཕེལ། །
ས་ངན་ས་བྲིས་ཀྱི་ལོ་རྒྱུས་རགས་ཙམ་བརྗོད་པ།
ལྷ་པ་ཆོས་འགྲུབ་ཀྱི་ཕྱག་བྲིས།
        སྤྱིར་ས་ངན་ཞེས་པ་ནི་ཡོངས་གྲགས་སུ་རེ་ཁེ་ཆུ་ཉི་སྲིབ་གཉིས་ཀྱི་ཡུལ་ཚོ་སོ་སོར་གོ་དགོས་ཏེ། ད་སྐབས་རྫོང་བཞི་རུ་གཏོགས་ཡོད་དེ། གོ་འཇོ་རྫོང་ལ་གཏོགས་པའི་ཁེ་རུ་ཡུལ་ཚོ། གློག་སྨད་ཡུལ་ཚོ། གསེར་ཐང་ཡུལ་ཚོ། སྨིན་མདོ་ཡུལ་ཚོ། བྱང་སང་ཡུལ་ཚོ། འབུམ་སྐྱེས་ཡུལ་ཚོ། དེ་ཚོ་ས་ངན་ཡུལ་རྐྱང་པ་ཡིན་པ་དང་། ས་ངན་ལུང་པ་དང་གོ་འཇོའི་ལུང་པ་གཉིས་འདྲེས་མ་ཡིན་པའི་ཡུལ་ཚོ་ནི་ལྷ་ཐོག་ཡུལ་ཚོ་དང་། ཨ་དབང་ཡུལ་ཚོ། གཙེས་པ་ཡུལ་ཚོ་སོགས་ཁོངས་སུ་གཏོགས་ཡོད། སྨར་ཁམས་རྫོང་ལ་གཏོགས་པའི་སྒོ་ཕོ་ཡུལ་མཚོ། འབའ་པ་རྫོང་ལ་གཏོགས་པའི་རྒྱ་ཡན་ཡུལ་མཚོ། དཔལ་ཡུལ་རྫོང་ལ་གཏོགས་པའི་ས་ངན་ཡུལ་ཚོ་ཡང་ན་གསེར་པ་ཡུལ་ཚོ་བཅས་སུ་གནས་ཡོད་ཅིང་། ས་ངན་ས་བྲིས་ཞེས་པ་ནི་ས་ངན་ནས་དར་ཁྱབ་བྱུང་བས་ན་དེ་ལྟར་འབོད།
ས་ངན་བྲིས།
        དེ་ཡང་འབྲི་རྫ་ཟལ་མོ་སྒང་གི་གཡས་ཟུར། གསེར་ལྡན་འབྲི་ཆུ་སྔོན་མོའི་གཡོན་ཟུར། ས་བྲིས་ཀྱི་རྒྱུད་པ་ཅུང་ཙམ་བཤད་ན་ལོ་ཆེན་དྷརྨ་ཤྲི་ཡིས་བྲིས་ཐུར་ཆག་པ་གང་མཆོད་ནས་འབྲི་ཆུ་ཤར་ནུབ་གཉིས་ལ་ཁྱབ། དེའི་སྨོན་ལམ་ལ་བརྟེན་ནས་རྗེ་འབངས་ཉེར་ལྔའི་ནང་ནས་ལྡན་མ་རྩེ་མང་གི་ཡང་སྤྲུལ་བྲིས་པ་ཆོས་འགྲུབ་ཟེར་བ་དུས་རབས་བཅོ་བརྒྱད་སྔོན་ཙམ་ནས་ས་ངན་བླ་ཆུ་སྟེང་ཕབ་ཚང་དུ་སྐུ་འཁྲུངས་ཤིང་ས་བྲིས་ཀྱི་ཡིག་གཟུགས་ཀྱི་འབྲི་རྒྱུན་གསར་གཏོད་མཛད། བཤད་རྒྱུན་ལ་ཕབ་ཚང་གི་བུ་བྲིས་པ་ཆོས་འགྲུབ་ནར་སོན་རྗེས་ཕ་མས་ཁོ་བོ་བུད་ཤིང་འཐུ་རུ་མངགས་མོད། ཁོ་བོ་མཚན་མོ་ནས་མ་གཏོགས་ཕྱིར་ཁྱིམ་ལ་མ་སླེབས་པར་མ་ཟད། བུད་ཤིང་ཀྱང་མང་པོ་ལོན་མེད་པས་ཁྱིམ་མིས་ཕྱི་ཉིན་ཁོ་བོ་ཟོག་རྫིར་མངགས། འོན་ཀྱང་ཁོས་ཉིན་གོང་པོར་ཟོག་དེད་པ་ཙམ་མ་གཏོགས་ཟོག་ལ་ཡང་རྩ་ཆུ་གང་ཡང་བཏུང་མ་བཅུག་ནས་ཕྱིར་ཁྱིམ་ལ་སླེབས། ཁྱིམ་མིའི་ཐབས་ཟད་དེ་ཁོ་བོ་ལ་སློབ་སྦྱོང་བྱེད་དུ་བཅུག ཉིན་ཞིག་ཁོ་བོ་སྤང་ཐང་ཞིག་ཏུ་གཉིད་ལ་ཡུར་ནས་རྨི་ལམ་ཡ་མཚན་ཞིག་རྨིས། རྨི་ལམ་དུ་ཁོ་བོས་སྣག་ཚ་ཁྱོར་གང་འཐུང་བ་རྨིས་ཤིང་། དེའི་རྗེས་ཕབ་ཚང་གི་བུ་བྲིས་པ་ཆོས་འགྲུབ་གྱི་བཟོ་རྩལ་གྱི་རྟོགས་པ་མངོན་པར་སད་དེ་རྡོ་དང་གྱང་། རྡོ་ལེབ་སོགས་ཀྱི་ངོས་སུ་གཟུགས་རིས་སྣ་ཚོགས་བྲིས་ནས་མཁྱེན་པའི་ཤེས་རབ་ཀྱི་རྩལ་ལ་གཞན་གྱིས་འགྲན་ཐབས་བྲལ་བར་གྱུར། བཟོ་རྩལ་ལ་བྱང་ཆུབ་པར་མ་ཟད། ཁྱད་པར་དུ་འཕགས་པའི་བོད་ཡིག་ཡིག་གཟུགས་ཀྱི་བྲིས་རྒྱུན་ཏེ་ས་ངན་ས་བྲིས་གསར་གཏོད་མཛད། ཁོང་གིས་སྔ་དྲོའི་དུས་སྔ་ཆོག་འདོན་ཡིག་དང་ཕྱི་དྲོའི་དུས་ཕྱི་ཆོག་འདོན་ཡིག་འོད་ཆེན་ཉིན་པ་བཞི་བསྟོད་བཅས་འདོན་ཡིག་སོགས་མང་པོ་བྲིས་ཡོད་ཅིང་བྲིས་ལ་བྲིས་ཚུགས་ལི་ཁམ་ཛར་གསུམ་ཡོད་དེ་(ལི་ནི་ནས་འབྲུ་དང་ཛར་ནི་ཀ་ཡིག་གི་མཐའ་མའི་གསེག་བྲིས་ལྟ་བུ་དང་། ཁམ་ནི་སྨྱུག་ཁམ་གང་གིས་དྲང་མོར་བྲིས་པའི་ནག་ཆ་ལ་གོ་དགོས་གསུང་སྲོལ་འདུག)། ཤ་ཚུགས། རུས་ཚུགས། སྤུ་ཚུགས་བཅས་ཤ་གངས་ལ(རི་བོ་ཞིག་གི་མིང་ཡིན)་མན་ཆད་ན་བྲིས་ཚུགས་དང་དེའི་ལོ་རྒྱུས་མང་ཙམ་འདུག
ས་ངན་བྲིས།
        དུས་རབས་བཅུ་དགུའི་མཇུག་ནང་བྱོན་པའི་བྱང་ཆུབ་ཆོས་ཀྱི་སེང་གེ་ནི་ས་ངན་ཉིན་དགོན་ཐུབ་བསྟན་བྱང་ཆུབ་གླིང་གི་སྤྲུལ་སྐུ་ཡིན། སྤྲུལ་སྐུ་རིན་པོ་ཆེ་བྱང་ཆུབ་ཆོས་སེང་ནི་སྤྱིར་ཐུབ་བསྟན་ཡོངས་རྫོགས་ཀྱི་རྒྱལ་བསྟན་བོད་འདིར་ཞུགས་སོ་ཅོག་ལ་འདི་སྙམ་དུ་ཁ་ཚོན་གཅོད་པར་མི་ནུས་ཀྱང་། མཛད་རྣམས་མདོར་བསྡུས་ནི་སྐུ་ན་ཕྲ་བའི་གོང་ནས་འབྲི་ཀློག་སོགས་དཀའ་ཚེགས་མེད་པར་མཁྱེན་ཅིང་། རིག་པའི་གནས་ཆེན་བཅུ་དྲུག་གང་ལ་ཡང་སྤོབས་པ་མ་ཞུམ་པར། ཆོ་ག་དབྱངས་རོལ་གར་འཆམ་ལ་སོགས་པའང་ཐུགས་སུ་ཆུད། བྱང་ཆུབ་ཆོས་སེང་མཆོག་གི་སྐུ་རིང་དུ་ས་བྲིས་འདི་དར་ཞིང་རྒྱས་པར་གྱུར། །
(དཔལ་ཡུལ་དམངས་སྲོལ་རིག་གནས་འཚོལ་བསྡུ་ཚན་ཆུང་དང་འཇུ་རབ་གསལ།  དཔལ་ཡུལ་རྫོང་རིག་གནས་ཡུལ་སྐོར་དང་རྒྱང་བསྒྲགས་བརྙན་འཕྲིན་ཁང་བཅས་ཀྱིས་པར་དང་ཡི་གེ་མཁོ་འདོན་བྱས།)
ས་ངན་ས་བྲིས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1