ཀྲུང་གུང་ཀྲུང་དབྱང་གིས་ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུ་བསྡུས་པ།

རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་རྒྱང་སྒྲོག་དྲ་བ། སྤེལ་དུས། 01-22


       2017ལོའི་ཟླ་12པའི་ཚེས་15ཉིན། ཀྲུང་གུང་ཀྲུང་དབྱང་གིས་ཀྲུང་ནན་ཧེ་ནས་ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། ཀྲུང་གུང་ཀྲུང་དབྱང་གི་རྩ་ཁྲིམས་ཀྱི་ནང་དོན་ཁ་ཤས་ལ་བཟོ་བཅོས་བྱེད་པའི་གྲོས་གཞིའི་ཐད་ནས་དམངས་གཙོ་ཏང་ཁག་སོ་སོའི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བ་དང་ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མིས་བཏོན་པའི་བསམ་འཆར་དང་གྲོས་གཞི་ལ་ཉན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་ལ་འགོ་འཛིན་མཛད་པར་མ་ཟད་གསུང་བཤད་གལ་ཆེན་གནང་།
        ཀྲང་ཏི་ཅང་དང་ཡུས་ཀྲིན་ཧྲིན། ལིས་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་བཅས་བཞུགས་མོལ་ཚོགས་འདུར་ཞུགས། 
        བཞུགས་མོལ་ཚོགས་འདུའི་སྟེང་ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་ཀྲུང་དབྱང་གི་ཀྲུའུ་ཞི་ཝན་ཨི་ཞང་དང་ཀྲུང་གོ་དམངས་གཙོ་མནའ་མཐུན་ཀྲུང་དབྱང་གི་ཀྲུའུ་ཞི་ཏེན་ཀྲུང་ལིས། ཀྲུང་གོ་དམངས་གཙོ་རྒྱལ་འཛུགས་མཐུན་ཚོགས་ཀྲུང་དབྱང་གི་ཀྲུའུ་ཞི་ཁྲིན་ཁྲང་ཀྲི། ཀྲུང་གོ་དམངས་གཙོ་སྐུལ་འདེད་མཐུན་ཚོགས་ཀྲུང་དབྱང་གི་ཀྲུའུ་ཞི་ཚེ་ཏ་ཧྥུན། ཀྲུང་གོ་ཞིང་བཟོ་དམངས་གཙོ་ཏང་ཀྲུང་དབྱང་གི་ཀྲུའུ་ཞི་ཁྲིན་ཀྲུའུ། ཀྲི་ཀོང་ཏང་ཀྲུང་དབྱང་གི་ཀྲུའུ་ཞི་ཝན་ཀང་། ཅིག་སན་སློབ་ཚོགས་ཀྲུང་དབྱང་གི་ཀྲུའུ་ཞི་ཝུའུ་ཝེ་ཧྭ། ཐེ་ཝན་མནའ་མཐུན་ཀྲུང་དབྱང་གི་ཀྲུའུ་ཞི་སུའུ་ཧོས། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཀའོ་ཡུན་ལུང་། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི་ཧའོ་རོ་ཡུས་བཅས་ཀྱིས་སྔ་གཞུག་ཏུ་གཏམ་བཤད། ཁོ་ཚོས་ཀྲུང་གུང་ཀྲུང་དབྱང་གིས་རྩ་ཁྲིམས་ལ་བཟོ་བཅོས་བྱེད་པའི་གྲོས་གཞི་བཏོན་པར་གཟེངས་བསྟོད་བྱས་པ་དང་། ད་ཐེངས་རྩ་ཁྲིམས་ལ་བཟོ་བཅོས་བྱེད་པའི་སྤྱིའི་རེ་བ་དང་རྩ་དོན་ལ་འཐད་པ་བྱུང་བར་མ་ཟད། རྩ་ཁྲིམས་ལག་བསྟར་ལ་ལྟ་རྟོག་བྱེད་པར་ཤུགས་སྣོན་པ་དང་རྩ་ཁྲིམས་ཀྱི་དབང་ཟིལ་ལ་སྲུང་སྐྱོབ་བྱེད་པ། རྩ་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་འདེད་གཏོང་བའི་ཐད་ལ་བསམ་འཆར་དང་གྲོས་གཞི་བཏོན། 
        ཞི་ཅིན་ཕིང་གིས་ཚང་མས་གཏམ་བཤད་པར་ནན་ཏན་སྒོས་ཉན་རྗེས་གསུང་བཤད་གལ་ཆེན་གནང་། ཁོང་གིས་གསུངས་རྒྱུར། དེ་རིང་ང་ཚོས་ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུ་བསྡུས་པའི་དམིགས་ཡུལ་ནི་རྩ་ཁྲིམས་ལ་བཟོ་བཅོས་བྱེད་པའི་ཐད་ནས་ཚང་མའི་བསམ་འཆར་དང་གྲོས་གཞི་ལ་ཉན་རྒྱུ་དེ་ཡིན། ཀྲུང་གུང་ཀྲུང་དབྱང་གིས་ཐབས་ཇུས་མ་བཀོད་པའི་སྔོན་ལ་གྲོས་མོལ་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་གྲོས་ཚོགས་གལ་ཆེན་མ་བསྡུས་པའི་སྔོན་དང་ཡིག་ཆ་གལ་ཆེན་འགྲེམ་སྤེལ་མ་བྱས་པའི་སྔོན། ཐབས་ཇུས་གལ་ཆེན་གཏན་འཁེལ་མ་བྱས་པའི་སྔོན་ལ་དེར་མཐོང་ཆེན་བྱས་པར་མ་ཟད། དམངས་གཙོ་ཏང་ཁག་སོ་སོའི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣའི་བསམ་འཆར་དང་གྲོས་གཞི་ལ་ཉན། ཚང་མས་དོན་དངོས་དང་མཐུན་པའི་བསམ་འཆར་དང་གྲོས་གཞི་བཏོན་པ་དེར་ང་ཚོས་ནན་ཏན་སྒོས་ཞིབ་འཇུག་བྱས་ནས་དང་ལེན་བྱེད་ངེས་ཞེས་བསྟན། 
        ཞི་ཅིན་ཕིང་གིས་གསུང་རྒྱུར། རྩ་ཁྲིམས་ནི་རྒྱལ་ཁབ་ཀྱི་རྩ་བའི་བཅའ་ཁྲིམས་ཡིན་ལ། རྒྱལ་སྐྱོང་བདེ་འགོད་ཀྱི་སྤྱིའི་སྒྲིག་ཡིག་ཡིན་པ་དང་ཏང་དང་མི་དམངས་ཀྱི་འདོད་བློའི་གཅིག་བསྡུས་མཚོན་བྱེད་ཡིན། ཀྲུང་གོ་གསར་བ་བཙུགས་པའི་ཚུན་དང་ལྷག་པར་དུ་བཅོས་སྒྱུར་སྒོ་འབྱེད་བྱས་ནས་ལོ་བཞི་བཅུ་ཙམ་འགོར་བའི་རིང་ལ། རྩ་ཁྲིམས་ཀྱིས་ང་ཚོ་ཏང་གི་རྒྱལ་སྐྱོང་སྲིད་འཛིན་ལག་ལེན་ཁྲོད་དུ་ནུས་པ་གལ་ཆེན་བཏོན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། ཀྲུང་གུང་ཀྲུང་དབྱང་གིས་ཐེངས་མང་པོར་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་རྒྱུན་འཁྱོངས་བྱེད་སྐབས་ཐོག་མར་རྩ་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་རྒྱུན་འཁྱོངས་བྱེད་པ་དང་ཁྲིམས་ལྟར་སྲིད་སྐྱོང་བ་རྒྱུན་འཁྱོངས་བྱེད་སྐབས་ཐོག་མར་རྩ་ཁྲིམས་ལྟར་སྲིད་སྐྱོང་བ་རྒྱུན་འཁྱོངས་བྱེད་རྒྱུ་ནན་གྱིས་བསྟན། རྩ་ཁྲིམས་ལ་བཟོ་བཅོས་བྱེད་པ་ནི་ཏང་དང་རྒྱལ་ཁབ་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་ཡིན་ལ། ཀྲུང་གུང་ཀྲུང་དབྱང་གིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་གཏོང་བའི་ཁྱོན་ཡོངས་དང་འཐབ་ཇུས་ཀྱི་མཐོ་ཚད་ནས་གཏན་ལ་ཕབ་པའི་ཆབ་སྲིད་ཀྱི་ཐབས་ཇུས་གལ་ཆེན་ཡིན་པ་དང་། ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ཞེས་བསྟན། 
        ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། རྩ་ཁྲིམས་ནི་མི་དམངས་ཀྱི་རྩ་ཁྲིམས་ཡིན་པ་དང་། རྩ་ཁྲིམས་ལ་བཟོ་བཅོས་བྱེད་སྐབས་དམངས་དོན་གཞིར་འཛིན་པ་དང་དམངས་སེམས་ལ་ཉན་པ། དམངས་ཀྱི་བློ་གྲོས་གཅིག་སྡུད་བྱེད་པར་མ་ཟད་མི་དམངས་ཀྱི་འདོད་བློ་གང་ལེགས་སྒོས་མཚོན་པར་བྱེད་དགོས། ཚང་མས་བསམ་གཞིགས་གཏིང་ཟབ་བཏང་ནས་བསམ་འཆར་དང་གྲོས་གཞི་འདོན་དགོས་པ་དང་། ཚང་མས་ཁྲིམས་སྐྱོང་འདུ་ཤེས་ཇེ་དྲག་ཏུ་བཏང་སྟེ་རྩ་ཁྲིམས་དང་བཅའ་ཁྲིམས་བརྩི་སྲུང་བྱེད་པར་སྣེ་ཁྲིད་བྱེད་པ་དང་། རྒྱ་ཆེའི་ཁོངས་མི་ཡོངས་ལ་སྣེ་ཁྲིད་དེ་རྩ་ཁྲིམས་ལ་བློ་དཀར་བའི་དར་སྤེལ་བྱེད་མཁན་དང་རང་རྟོགས་སྒོས་བརྩི་སྲུང་བྱེད་མཁན། རྦད་ཆོད་སྒོས་སྲུང་སྐྱོབ་བྱེད་མཁན་དུ་འགྱུར་བར་བྱེད་དགོས། ཚང་མས་ཁྲིམས་སྐྱོང་ལ་བརྟེན་ནས་གནད་དོན་ལ་བསམ་གཞིགས་གཏོང་བ་དང་བརྡར་ཤ་གཅོད་པ། བྱེད་ཐབས་འདོན་པར་མ་ཟད། ཁྲིམས་སྐྱོང་ཐད་ནས་ཐུན་མོང་གི་ལྟ་ཚུལ་གཅིག་སྡུད་བྱེད་པ་དང་འཕེལ་རྒྱས་ཚད་ལྡན་དུ་གཏོང་བ། འགལ་བ་ཞི་འཇགས་སུ་གཏོང་བ། འཆམ་མཐུན་ལ་འགན་སྲུང་བྱས་ནས། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པར་མི་སེམས་གཅིག་མཐུན་དང་སྟོབས་ཤུགས་གཅིག་སྡུད་བྱ་དགོས་ཞེས་བསྟན། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1