གྲང་ངར་ཆེ་བའི་དགུན་དུས་སུ་མཚོ་སྔོན་དུ་ཡུལ་སྐོར་བ་མང་དུ་སོང་བ།

རྩོམ་སྒྲིག་པ།ཡོང་ཁུངས། མི་དམངས་ཉིན་ཚགས། སྤེལ་དུས། 01-25


          མཚོ་སྔོན་པོ་ཏུན་ཧོང་ཡུལ་སྐོར་རླངས་འཁོར་རུ་ཁག་གི་རླངས་འཁོར་ཁ་ལོ་བ་མ་ཏེ་ཀྲི་ཡིས"ཁ་བའི་མཛེས་ལྗོངས་ལ་བལྟ་བ་དང་འཁྱགས་བརྐོས་མ་བཟོ་བ། མཛེས་ལྗོངས་ཁུལ་གྱི་བྱེད་སྒོར་ཞུགས་པ་སོགས་ཉེ་བའི་ལོ་ཤས་རིང་མཚོ་སྔོན་དུ་ཡོང་མཁན་ཡུལ་སྐོར་བ་སྔོན་མ་ལས་མང་དུ་ཕྱིན་པ་རེད"སྔོན་ཆད་དགུན་དུས་ང་ཚོ་ལས་མཚམས་བཞག་པ་དང་། ད་ལྟ་ཆ་སྙོམས་སུ་གཟའ་འཁོར་རེར་ཐག་ཉེའི་ཡུལ་སྐོར་རླངས་འཁོར་ཐེངས་གཅིག་ནས་གཉིས་རེ་གཏོང་དགོས་ཀྱི་ཡོད་ཅེས་བཤད་པ་རེད།
          མཚོ་སྔོན་གྱི་གྲང་ངར་ཆེ་བའི་གནམ་གཤིས་ནི་ལོ་རེའི་ཟླ་བ་10པ་ནས་ཕྱི་ལོའི་ཟླ་བ་5པའི་བར་ཡིན། ཡིན་ནའང་རྒྱུན་མཐུད་ནས་དྲོད་ཚད་དམའ་རུ་འགྲོ་བ་དང་བསྡུར་ན། གསར་འགོད་པས་བཅར་འདྲི་བྱེད་སྐབས་ཉེ་བའི་ལོ་ཤས་རིང་མཚོ་སྔོན་གྱི་དགུན་དུས་ཀྱི་ཡུལ་སྐོར་ཚོང་ར་ཟམ་མི་ཆད་པར་ལེགས་ཕྱོགས་སུ་འགྲོ་བཞིན་ཡོད་ཅིང་། མཚོ་སྔོན་དུ་འགྲོ་བའི་ཡུལ་སྐོར་བ་རྒྱུན་ཆད་མེད་པར་མང་དུ་འགྲོ་བཞིན་ཡོད་པ་ཤེས་རྟོགས་བྱུང་བ་རེད།
          མཚོ་སྔོན་པོའི་ཡུལ་སྐོར་ཚོགས་པ་ཀུང་སིའི་གླང་ཆེན་མཆེ་བ་ཡན་ལག་ཀུང་སིའི་སྤྱི་གཉེར་གཞོན་པ་ཀྲང་ཧུའེ་ཡིས"དགུན་དུས་ལུགས་རྙིང་རྒྱལ་ཟླ་བ་ནི་ཡུལ་སྐོར་བ་ཉུང་ཤོས་ཀྱི་ཟླ་བ་ཡིན་ཞིང་། དེའི་སྐབས་སུ་ཉིན་ལྟར་ཡུལ་སྐོར་མི་གཉིས་རེ་གསུམ་རེ་མཚེའུ་འགྲམ་དུ་དྲན་རྟེན་པར་རྒྱག་བཞིན་ཡོད། གནམ་ལོ་གསར་ཚེས་ཤར་ལ་ཉེ་བའི་སྐབས་སུ་མཛེས་ལྗོངས་ཁུལ་དུ་ད་དུང་རྐང་ཐང་ཚོགས་ཆེན་འཚོགས་པས་ཉིན་དེར་ཡུལ་སྐོར་བ་སུམ་སྟོང་བཞི་སྟོང་ཕེབས་ཡོད"ཅེས་ངོ་སྤྲོད་བྱས་པ་རེད།
          གསར་འགོད་པས་མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་སྲུང་སྐྱོང་བེད་སྤྱོད་དོ་དམ་ཅུས་ནས་ཤེས་རྟོགས་བྱུང་གསལ་དུ། ཟླ་1ཚེས་1ཉིན་ནས་ཟླ་1ཚེས་15ཉིན་གྱི་བར། མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་གྱིས་ཡུལ་སྐོར་བ་1000ལྷག་སྣེ་ལེན་བྱས་པས། ཡུལ་སྐོར་བའི་མི་གྲངས་ན་ནིང་དུས་མཉམ་ལས་40%ཙམ་འཕར་བ་རེད། མཚོ་སྔོན་ཞིང་ཆེན་ཡུལ་སྐོར་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་གིས་བསྡོམས་རྩིས་བྱས་པ་ལས་མངོན་པར་གཞིགས་ན། ཉེ་བའི་ལོ་ལྔའི་རིང་དགུན་དཔྱིད་དུས་སུ་ཡུལ་སྐོར་ཡོང་བའི་མི་ཐེངས་ལོ་གོང་མའི་དུས་མཉམ་དུ་བསྡུར་ན་ཆ་སྙོམས་སུ་ཧ་ལམ་20%འཕར་བས། ཡུལ་སྐོར་ཡོང་འབབ་ལོ་གོང་མའི་དུས་མཉམ་དང་བསྡུར་ན་ཧ་ལམ་30%འཕར་ཡོད་པ་རེད།
          མཚོ་སྔོན་ཞིང་ཆེན་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་ཚོང་ར་ཁང་གི་འགོ་འཛིན་གཞོན་པ་ལིའུ་ཨན་ཆིང་གིས་མཚོ་སྔོན་གྱི་ཡུལ་སྐོར་བ་མང་བ་དང་ཉུང་བའི་དུས་ཚིགས་མངོན་གསལ་ཆེན་པོ་ཡིན་མོད། འོན་ཀྱང་ཉེ་བའི་ལོ་ཤས་རིང་ནུབ་རྒྱུད་ཀྱི་འགྲིམ་འགྲུལ་ཟམ་མི་ཆད་པར་ལེགས་བཅོས་བྱས་པ་དང་ཆབས་ཅིག་མཚོ་སྔོན་རང་རྒྱལ་གྱི་མྱུར་བགྲོད་གཞུང་ལམ་དང་ལྕགས་ལམ་དྲ་བར་འཁོད་པ་དང་། དེའི་ཐོག་དགུན་དཔྱིད་དུས་སུ་མཚོ་སྔོན་ཞིང་ཆེན་གྱིས་ཡུལ་སྐོར་བྱེད་སྒོ་བརྒྱ་ཙམ་གཉེར་བས། ཡུལ་སྐོར་བ་རྣམས་དགུན་དུས་སུ་ཡུལ་སྐོར་ཡོང་བའི་ཡིད་དབང་བཀུག་པས། ཡུལ་སྐོར་ཚོང་ར“ལོ་ཕྱེད་བྲེལ་ཞིང་ལོ་ཕྱེད་དལ་བའི”གནས་ཚུལ་རིམ་བཞིན་མེད་པར་འགྲོ་བཞིན་ཡོད་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1