བརྩེ་བའི་ཉི་འོད་འོག དགུན་ཟླ་དབྱར་བཞིན་དྲོ།

ཚེ་རིང་ལྷ་མོ། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 01-26


      དཀའ་ངལ་ཆེ་བའི་མང་ཚོགས་ཀྱིས་དྲོ་སྐྱིད་ངང་དགུན་ཁ་རོལ་ཆེད། དགུན་ཚུགས་པ་་ནས་མཛོད་དགེ་རྫོང་སྟག་ཚ་གྲོང་སྡེའི་སྐྱ་རེངས་སྲང་ལམ་སྡེ་ཁུལ་དུ་སྤྱི་ཚོགས་ལས་རིགས་སོ་སོ་ནས་འགྱེད་པའི་བལ་ལྭ་དང་བལ་གྱི་མལ་གོས་སོགས་དགུན་ཆས་མང་དུ་འབྱོར་འདུག
      སྐྱ་རེངས་སྲང་ལམ་སྡེ་ཁུལ་ནི་མཛོད་དགེ་རྫོང་གི་རྫོང་མཁར་དུ་ཆགས་ཤིང་། ཁེ་ལས་ཀྱི་ལས་གནས་ནས་བབས་པའི་མི་སྣ་དང་ལས་འཁྱུར་ངལ་གསོ་བ། ད་དུང་ས་ཞིང་ཤོར་བའི་ཞིང་བ་སོགས་གཞིས་ཆགས་ཡོད། སྡེ་ཁུལ་གྱི་མང་ཚོགས་ལ་ཡོང་འབབ་གཏན་འཇགས་དང་རྨོ་ཞིང་མེད། ནོར་ལུག་མེད། རྩྭ་ས་མེད་པས་ཞོར་ལས་ལ་བརྟེན་ནས་འཚོ་བ་རོལ་བཞིན་ཡོད། ཅུང་རྒྱ་ཆེ་བའི་ནུས་ཞན་མང་ཚོགས་འདུས་སྡོད་ཀྱི་ས་ཁུལ་ཞིག་ཡིན།
      ང་ཚོ་རྫོང་མཁར་དུ་ཡོད་ནའང་། དཀའ་ངལ་ཆེ་བའི་མང་ཚོགས་ཤིན་ཏུ་མང་བ་རེད། ས་ཁམས་ཁོར་ཡུག་སོགས་ཀྱི་དབང་གིས། དབུལ་སྐྱོར་སྲིད་ཇུས་མང་པོ་ལོངས་སུ་སྤྱོད་ཐབས་བྲལ་ཞེས་སྡེ་ཁུལ་གྱི་ཀྲུའུ་རེན་ཐང་ཡོན་ཧུང་གིས་བཤད།       
       ཐང་ཡོན་ཧུང་གིས་ང་ཚོ་ངར་ལྕགས་ཚོང་ཁང་ཞིག་ཏུ་ཁྲིད།  དེ་རུ་ཝུའུ་པེན་རུང་དང་ལའོ་ཆིང་ཁྲའོ་ཟེར་བའི་རྒན་རྒོན་གཉིས་འདུག ཁོ་གཉིས་ནི་སྡེ་ཁུལ་འདི་ཡི་མ་མཐའི་འགན་སྲུང་ཁྱིམ་ཚང་ཡིན། ཁ་བརྡ་ལས་རྒྱུས་ལོན་པ་ལྟར་ན། ཝུའུ་པེན་རུང་ནི་1994ལོར་སོ་ཕག་བཟོ་གྲྭ་རྡིབས་ཏེ་ལས་གནས་ཤོར་རྗེས་བུ་བུ་མོའི་སློབ་ཡོན་ཡང་ཞོར་ལས་ལ་བརྟེན་དགོས།
       2000ལོར། ཝུའུ་པེན་རུང་ལ་ཀླད་རྩའི་ཕྱོགས་བསྡུས་ནད་རྟགས་ཡོད་པ་ཤེས་ཤིང་། ངལ་རྩོལ་ནུས་པ་ཉམས་པ། འཚོ་བའི་ཁུར་བོ་ཐམས་ཅད་ལའོ་ཆུང་ཁྲའོ་ཡི་ཕྲག་ཏུ་ལྷུང་ཡོད། མོས་ལོ་དེ་དག་རིང་ངོ་མ་དཀའ་ངལ་ཆེ།  བཟའ་མི་བཞི་ཡི་ཁ་གསོ་དགོས། བུ་གཉིས་ཀ་སློབ་གྲྭར་མངགས་དགོས། ཁྱོ་གར་སྨན་ཉོ་དགོས། ལོ་རེར་སྨན་རིན་ལ་སྒོར་ཁྲི་ལྷག་རེ་དགོས། ནད་ཇེ་སྡུག་ལ་སོང་ན་སྨན་ཁང་དུའང་ཉལ་དགོས་ཞེས་དཀའ་སྡུག་གི་འཚོ་བར་ཕྱིར་དྲན་བྱས་བྱུང་། 
        འཚོ་བ་ཇི་འདྲ་དཀའ་ངལ་ཆེ་ཡང་ཡིད་ཆེས་དང་བརྩོན་སེམས་ཡོད་ན། ནམ་ཞིག་ན་སྐྱིད་པའི་ཉི་མ་ཤར་ཁོ་ཐག་ཡིན། བུ་སློབ་གྲྭ་ནས་མཐར་ཕྱིན་རྗེས། ངར་ལྕགས་ཚོང་ཁང་འདི་གཉེར་བ་རེད། བཟའ་མི་ཚང་མའི་འཚོ་བ་ཅུང་བདེ་ཞིང་སྐྱིད་དུས། སྐྱིད་མི་རྟག་རྩྭ་མགོའི་ཟིལ་བ་འདྲ་ཞེས་པ་ལྟར་ནད་གཞི་ལྗིད་མོ་ཞིག་གིས་ལའོ་ཆིང་ཁྲའོ་ཡི་ངལ་རྩོལ་ནུས་པ་འཕྲོག་པ་རེད། 
       ཝུའུ་པེན་རུང་གིས་སློབ་ཆེན་འདོན་བཞིན་པའི་སྒང་ཡིན། ངེད་རྒན་རྒོན་གཉིས་ལོ་རྒས་ཤིང་ངལ་རྩོལ་ནུས་པ་ཡང་མེད་པས། ཁྱིམ་ཚང་གང་བོའི་འཚོ་བ་ངར་ལྕགས་ཚོང་ཁང་འདི་ལ་བརྟེན་ཡོད་ཟེར། ངར་ལྕགས་ཚོང་ཁང་གིས་ཞིང་ལས་འཕྲུལ་ཆས་དང་དེའི་ལྷུ་ལག་འཚོང་བཞིན་འདུག ཡིན་ནའང་མཛོད་དགེ་རུ་དུས་ཚིགས་ཀྱི་ཁྱད་པར་ཤིན་ཏུ་ཆེ་བས་དགུན་དུས་སུ་ཕལ་ཆེར་ཚོང་མེད། 

       སྡེ་ཁུལ་གྱི་རོགས་རམ་འོག རྒན་རྒོན་གཉིས་ཀྱིས་སྨན་བཅོས་འགན་བཅོལ་ཉོས་ཡོད་ནའང་། རྒྱུན་པར་སྨན་ཉོ་སྐབས་སྨན་རིན་རང་གིས་སྤྲོད་དགོས། ལོ་རེར་སྨན་རིན་ལ་སྒོར་ཁྲི་ལྷག་རེ་དགོས་པ་ནི་ཁྱིམ་ཚང་འདིའི་སེམས་ནད་ཆེ་ཤོས་ཡིན། 

       སྡེ་ཁུལ་གྱི་ནུས་པར་ཚད་ཡོད། གྲོན་དངུལ་ལའང་ཡང་ཚད་ཡོད་ཀྱང་། ང་ཚོས་ཅི་ནུས་ཅི་ཐུབ་ཀྱིས་རོགས་སྐྱོར་བྱེད་བཞིན་ཡོད་ཅེས་ཐང་ཡོན་ཧུང་གིས་བཤད། སྐྱ་རེངས་སྲང་ལམ་གྱི་སྡེ་ཁུལ་དུ་རྒན་རྒོན་འདི་གཉིས་ལྟ་བུའི་མ་མཐའི་འགན་སྲུང་ཁྱིམ་ཚང་204ཡོད། 
       ཐང་ཡོན་ཧུང་གིས་ས་ཆ་འདི་ནི་སྔོན་ཆད་བཟོ་གྲྭ་མང་ས་ཞིག་ཡིན། བཟོ་གྲྭ་རྡིབས་རྗེས། ལས་གནས་ལས་བྲལ་བའི་མི་རྣམས་ཉེ་འཁོར་དུ་གཞིས་ཆགས་པ་རེད། ཁྱིམ་ཚང་ཞིག་ལ་བྱིས་པའི་སྦྲིད་ནད་ཅན་ཞིག་འདུག་པ་ལ། ང་ཚོས་མང་དུ་བགྲོས་ནས་རྒན་གསོ་ཁང་དུ་བསྐྱལ་བ་ཡིན་ཞེས་བཤད། 
       ན་ནིང་གི་ཟླ་11པར། སྐྱ་རེངས་སྲང་ལམ་གྱིས་བལ་གོས་དང་། བལ་གྱི་མལ་གོས། གློག་སྟན་སོགས་དགུན་ཆས་དག་དཀའ་ངལ་ཆེ་བའི་མང་ཚོགས་ལ་འགྱེད་པར་མ་ཟད།  ད་ལོའི་ལོ་སར་སྐབས་སུ་རྒྱ་གྲམ་དམར་བོའི་ཚོགས་པས་སྐྱ་རེངས་སྲང་ལམ་སྡེ་ཁུལ་ལ་དགུན་ཆས་སྒམ་6སྟེར། སྡེ་ཁུལ་གྱིས་དགུན་ཆས་དེ་དག་ཆེས་མཁོ་གལ་ཆེ་བའི་ཁྱིམ་ཚང་6ལ་བགོས་ཤིང་། མ་མཐའི་འགན་སྲུང་ཁྱིམ་ཚང་རེ་རེརདགུན་ཆས་འགྱེད་མི་ཐུབ་ནའང་། ང་ཚོས་ཆེས་ཉམ་ཐག་པ་དག་གི་ལག་ཏུ་འབྱོར་ཅི་ཐུབ་བྱེད་བཞིན་ཡོད་ཟེར།  
      རྒྱུས་ལོན་པ་ལྟར་ན། བོད་ལུགས་ལོ་སར་བསླེབ་ལ་ཉེ་དུས་འདིར། སྟག་ཚ་གྲོང་རྡལ་གྱི་སྲིད་གཞུང་གིས་ཁྱིམ་ཚང་དཀའ་ངལ་ཅན་6ལ་སྒོར་300རེ་ཡི་འཚམས་འདྲི་བྱས་ཤིང་། མཛོད་དགེ་རྫོང་ལས་ཞུགས་ཅུས་ཀྱིས་སྡེ་ཁུལ་གྱི་དྭ་ཕྲུག་ཁྱིམ་ཚང་གསུམ་ལ་འབྲས་དང་ཕྱེ། སྣུམ་སོགས་བཟའ་ཆས་འགྱེད་པ་རེད།
       སྟོབས་ཤུགས་ཆུང་ཆུང་ཡིན་ཡང་། སྤྱི་ཚོགས་ཀྱི་ལས་རིགས་སོ་སོའི་ཐུགས་ཁུར་དང་བྱམས་སེམས་ཀྱི་ཉི་འོད་འཇམ་པོའི་འོག དགུན་གྱི་གྲང་འཁྱག་བསལ་ནས་མང་ཚོགས་ཀྱི་ལུས་དྲོད་དང་སེམས་སྐྱིད་ཀྱིས་ཁེངས་ཤིང་།  ཁོ་ཚོར་རེ་བ་དང་འོད་སྣང་བསྩལ་ཡོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1