སྙན་ངག་མི་འབྲི་སྙན་ངག་འབྲི།

བོང་སྟག་ལྷག་ག (མཚོ་ནུབ) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-26


ཉི་ཤུའི་ལང་ཚོར་ཚིག་གིས་སྐེ་རྒྱན་བཟོ།།

བཅོ་ལྔའི་སྣང་བ་ཐ་སྙད་སྤུངས་ཏེ་མཚོན།།

གང་ཡོད་ཅི་ཡོད་སྙན་པའི་གདངས་ཀྱིས་སྨྲ།།

གཞོན་པའི་ཧོལ་རྒྱུག་འདི་ཉིད་སུ་ཡིས་ཁོག །

 

མཛེས་མའི་གདོང་ལ་དཔེ་ཡི་སྐག་ཚོན་བཏང་།།

འཚོ་བའི་ལམ་ལ་བདེན་པའི་ང་རོ་བསྒྲགས།།

དགའ་སྐྱོ་ཆགས་སྡང་དྲག་ཆར་བཞིན་དུ་འབབ།།

ཡངས་པའི་ས་གཞི་སྦང་བར་ཐེ་ཚོམ་མེད།། 

 

ངུས་པའི་མིག་ཆུ་ནམ་མཁའི་དབྱིངས་ནས་འཐོར།།

སྡུག་གི་སྐད་འབོད་ཕྱི་མའི་ཡུལ་ནས་གོ ། 

བརྩེ་སེམས་ཟབ་མོ་མཚོ་ཆུང་ནོར་བུ་དང་།།

རྟུལ་ཕོད་སྙིང་ནི་རྡོ་རྗེ་བྲག་ལ་འགྲན།།

 

སྙིང་གི་སྲུབས་ཀ་རེ་རེ་ན་ཟུག་ཡིན།།

མིག་གི་རྡེབ་ཆ་རེ་རེ་ཚོར་བ་ཡིན།།

རིགས་དང་སྐད་དང་ཡི་གེ་མི་གཅིག་ཀྱང་།།

སེམས་ཀྱིས་སེམས་ཅན་སྙོར་བ་འདྲ་འདྲ་ཡིན།། 

མི་ཚོགས་ཁྲོད་ནས་རང་ཉིད་མཐའ་རུ་དེད།།

མུན་ནག་ནང་གི་ལྐོག་གྱུར་སྨྲ་བར་སྤོབས།།

ཀུན་གྱིས་མནར་ཞིང་ཀུན་ལ་མི་མཐུན་པའི།།

ཁེར་རྐྱང་སེམས་པའི་རྒྱབ་དཔུང་སྙན་ངག་ཡིན།།

 

རུས་པ་སྲ་མོ་གོ་ཁྲབ་ལྕགས་ཁྲབ་ཡིན།།

མི་ཚེ་གཅིག་གི་དགྲ་མདའ་དགག་དགོས་ཡོད།།

རང་ཚུགས་རྩྭ་ཐུར་ཅན་གྱི་གྲོགས་པོ་ཚོ།། 

སྙན་ངག་ཟ་བའི་མི་དང་རིང་དུ་གྱེས།།

 

ཕྱི་ཡི་ཁྲ་ཁྲ་མང་པོས་ཡིད་མ་བཀུག །

ནང་གི་འཆར་སྒོ་མོད་པོས་བསླུ་མ་ཐུབ།།

ཉིན་མཚན་རྟག་ཏུ་དྲན་པར་རྒྱུན་འབབ་པའི།།

གསེར་གྱི་ཐིགས་པ་རེ་རེ་སྙན་ངག་ཡིན།། 

 

དུས་ཀྱི་ཆོ་འཕྲུལ་མིག་གི་མདུན་ནས་སྟོན།།

ལམ་གྱི་གཡས་གཡོན་ལྷ་འདྲེའི་གཏོར་མས་བཀང་།།

ད་ཡོད་ད་མེད་དེང་གི་འཚོ་བ་འདིས།།

ང་རང་སྙན་ངག་འབྲི་བར་དེ་ལས་དུངས།།

 

ཇ་ཐུན་གཅིག་ལ་ཆ་མེད་སྟོང་ཙམ་ཐུག །

གཉིད་ཡུན་དེ་ལ་ཆ་ཡོད་བརྒྱ་ཡང་འཆོར།།

སྨུག་སྤྲིན་རི་ལ་བབས་འདྲའི་མི་ཚོགས་འདིས།།

སྙན་ངག་བྱེ་བ་དུང་ཕྱུར་བསྐྱལ་ནས་འོང་།།

 

སྐྱིད་སྡུག་གཉིས་ཀྱི་མལ་སྟན་བཏང་མྱོང་ལ།།

དགའ་སྐྱོ་ཟུང་གི་མིག་ཆུ་བཏོན་མྱོང་བ།།

སྤྱི་ཚོགས་ཟེར་བའི་དོང་ཆུ་ཞབས་མེད་འདིར།།

ལྷུང་བའི་ཉམས་མྱོང་ཐད་ཀ་ཐད་ཀར་བྲི།།  

 

སྐྱེ་སའི་ལུང་བ་ཆུང་ཆུང་མི་ཁ་དང་།།

སྐྱུས་ཐོག་གཅིག་གི་མི་ཚོར་ཕྲག་དོག་ཆེ།།

ཡིན་ཙང་ཟུག་གཟེར་ཅན་གྱི་སྙན་ངག་ནི།། 

ཁྱེད་དང་ཁྱེད་ཚོའི་གདོང་ལ་ནམ་ཡང་བྲི།།

 

                            2017.6.23མདོ་སྨད་ཐེམ་ཆེན་དུ་བྲིས།

 


རྩོམ་ཡིག་སྔོན་མ།
འབྲོག་མོ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1