༄༅། །ཨ་མ་དང་ཧ་པཱ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-24


    གསར་རྗེ་སྐྱབས་ནི་ཕར་བལྟས་ཚོད་ཀྱིས་མི་ལོ་བཞི་བཅུ་ནས་ལྔ་བཅུར་སོན་ཡོད་པའི་མི་དར་མ་ཞིག་རེད། ཁོས་མིང་གྲགས་ཅན་གྱི་ནུབ་ལྭ་ཆ་ཚང་ཞིག་གྱོན་ནས་ཨོ་ཏེའུ་རྟགས་ཅན་གྱི་རླངས་འཁོར་ནག་པོ་ཞིག་བསྐོར་ཏེ་རྒན་གསོ་ཁང་གི་འགོ་བའི་རེ་བ་ལྟར་གྲོང་ཁྱེར་འདབས་ཀྱི་རྒན་གསོ་ཁང་གི་སྒོ་ཁར་སླེབས་དུས་རྒན་གསོ་ཁང་གི་འགོ་བ་སྔ་མོ་ནས་ཐོན་ཏེ་ཁོ་ལ་བསྒུག་འདུག ཁོས་རྒན་གསོ་ཁང་གི་འགོ་བ་མཐོང་མ་ཐག་ཁ་པར་ནང་ནས་བཤད་ན་མི་ཆོག་པའི་དོན་དག་གལ་ཆེན་ཅི་ཡོད་ཅེས་ཧ་ཅང་སུན་སྣང་སྐྱེ་བཞིན་པའི་མིག་མདངས་ཞིག་གིས་བལྟ་བཞིན་འདུག  སྦྱིན་བདག་ལགས། ཁྱེད་ཀྱི་ཨ་མ་ད་ནངས་ཞོགས་པ་ཆུ་ཚོད་དྲུག་དང་སྐར་མ་བཞི་བཅུ་ཡས་མས་སུ་བུད་སོང་བས……. ཁོར་སྐད་ཆ་བཤད་ནས་ཚར་དུ་མ་བཅུག་པར་དེའང་སྒོར་མོའི་དོན་དག་མིན་ནམ། འགྲོ་ལུགས་ཡོད་ཚད་བསྒྲུབ་ན་སྒོར་ག་ཚོད་རེད་ཅེས་དྲིས། རྒན་གསོ་ཁང་གི་འགོ་བས་ཡ་མཚར་བའི་མིག་མདངས་ཤིག་གིས་ཁོ་ལ་ལྟ་བཞིན་ཁྱོན་སྒོར་དགུ་བརྒྱ་སུམ་བཅུ་རེད་ཟེར།ཨོ----ལྷག་མ་ཁྱོད་རང་གིས་དུ་བ་ཉོ་སྤྱད་བྱོས་ཟེར་ཞོར་ཁོས་རྒན་གསོ་ཁང་གི་འགོ་བར་སྒོར་སྟོང་གཅིག་བྱིན་སོང་འགྲོ་གྲབས་བྱས། འོན་ཀྱང་ཁྱེད་ཀྱི་ཨ་མར……ཞེས་རྒན་གསོ་ཁང་གི་འགོ་བས་ཅི་ཞིག་བཤད་རྩིས་བྱེད་སྐབས་ཁོ་ནི་བྱ་འཕུར་བ་ལྟར་རྒན་གསོ་ཁང་གི་འགོ་བ་དང་རིང་དུ་གྱེས་ནས་བུད་སོང་། གསར་རྗེ་སྐྱབས་ཀྱིས་ནུབ་གླིང་རོལ་མོ་ཞིག་ལ་ཉན་ཞོར་ཕ་མ་འདས་པོ་གཉིས་ཀྱི་ཤུལ་བཞག་གི་ཟ་ཁང་ཆེན་མོའི་ཕྱོགས་སུ་བགྲོད་བཞིན་པའི་སྐབས་སུ་ཁ་པར་གྲགས་བྱུང་བས་ཁོས་དཀྱོག་འཁོར་སྟེང་ནས་རོལ་དབྱངས་ཀྱི་སྒྲ་ཆེ་ཆུང་ལ་གཏོང་ཞོར་དུ་ཁ་པར་སྟེང་ལྟ་དུས་ཁ་པར་ཡོང་མཁན་ནི་ཁོ་བོའི་ཆུང་མ་ཡིན་འདུག་པས་ཁོས་སྐད་སྒྲ་ཅུང་ཙམ་དམའ་མོ་བྱས་ནས་བེ----ཚེ་སྐྱིད། དོན་དག་ཅི་ཡོད་ཅེས་དྲིས། ངས་འུ་ཚང་གི་བྱིས་གཉོར་མ་དེ་བརྗེ་ན་འདོད་གི། ཚེ་སྐྱིད་ཀྱི་སྐད་གདངས་ལ་ཉན་ན་དེ་འདྲ་དགའ་བཞིན་མེད་པ་འདྲ། ཡང་ཅི་ཞིག་བྱས་སོང་། ངས་ཁ་སང་སྒོར་མོ་སྟོང་ལྔ་བྱིན་ནས་གཅེས་ཕྲུག་ལ་ཟས་དང་གྱོན་པ་ཉོ་བར་མངགས་པ་ཡིན། མོས་ཅི་ཞིག་ཉོས་ཡོད་པ་ཁྱེད་ཀྱིས་ཤེས་སམ། ཅི་ཞིག་ཉོས་འདུག མོས་རྒྱལ་ནང་གི་རིན་གོང་སླ་མོ་ཅན་གྱི་ཟས་དང་གྱོན་པ་ལས་ཕྱི་རྒྱལ་ནས་ནང་འདྲེན་བྱས་པའི་ཟས་དང་གྱོན་པ་གཅིག་ཀྱང་ཉོས་མི་འདུག འོ་རེད། མོ་འགྲོ་རུ་ཆུགས་དང་དེ་རེད། ཁྱོས་རྒན་མོ་ལེས་ལ་ཁ་པར་ཐོངས་དང་མོའི་དེ་རུ་བྱིས་གཉོར་མ་མང་པོས་མིང་ཐོ་བཀོད་འདུག་ཟེར། རིན་གོང་ཆེས་མཐོ་བ་དེ་ཡོང་གི་ཆུགས་ཞེས་ཤོད་ཡ་ཡ། སྙིང་ཉེ། པེ་པེ། ད་ནི་ཚེ་སྐྱིད་ཀྱི་གདོང་གི་འཛུམ་མདངས་ཕལ་ཆེར་སྐད་གདངས་ནང་ནས་མཐོང་ཐུབ་པ་འདྲ། པེ་པེ། ཁོ་གཉིས་ཀྱིས་དབྱིན་སྐད་དང་བོད་སྐད་འདྲེས་མའི་ཁ་བརྡ་ཐུང་ངུ་དེ་བྱས་རྗེས་ཚེ་སྐྱིད་ཐོག་ཁང་གི་གློག་སྐས་ནས་མར་འབབ་ཞོར་ལག་དུ་ཧ་པཱ་ཆུང་ཆུང་ཞིག་བཟུང་ནས་ཨ་མའི་ལོ་ལོ། ཨ་མའི་གཅེས་ལོ་ཟེར་ཞོར་རུས་ལེས་ཅན་གྱི་རྒན་མོ་དེར་ཁ་པར་གཏོང་འགོ་བརྩམས་སོང་། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1