༄༅།།མཛོ་མོ་རྭ་ལོ་མ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-10


  ཤུའུ------ཀོ་བཤུ་རྒྱུ། 

  བོད་སྐད་དག་མ་བཤད་མཁན་གྱི་མགོ་ལ་ཐོད་ཞྭ་དཀར་པོ་གོན་པའི་མི་དེར་ཞེ་སྡང་གཏིང་ནས་ལངས་པའི་ངང་མཛོ་མོ་རྭ་ལོ་མའི་སྣ་ཐུག་ནས་ཤུགས་ཀྱིས་འཐེན་ཞོར་འཕོངས་ལ་ལྕག་ཚན་གྱིས་བཞུ་བཞིན་དེད་སོང་།  མཛོ་རྒན་ར་བར་བརྒྱུད་ནས་ལྷ་མོ་ཉག་ཁིས་དེད་ནས་བུད་སོང་།

  ས་སྲོད་དེའི་ལྷ་མོ་ཉག་ཁིས་ནི་མཛའ་བོ་བོར་བའི་བུད་མེད་འཁྱམས་པོ་ཞིག་དང་འདྲ་བར།  མཚམས་སྤྲིན་དང་ཉི་ནུབ་ཀྱི་གསེར་སྒྲོས་བར་ནས་འདར་སིག་སིག་མཛོ་རྒན་ར་བར་ན་སྔོ་ལིང་ལིང་དུ་འཕྱུར་བའི་དུད་ཁྱིམ་དང་འབའ་སྒྲ་ལྷང་ལྷང་དུ་དགོད་པའི་ལུག་ཁྱུའི་འཚོ་སྟངས་ལ་མནོ་བསམ་ཞིབ་མོ་གཏོང་བཞིན་ཧད་ཀྱིས་ལུས་འདུག་པ་འདྲ།   

  ཕ་རྒན་ཚེ་ལོ་རྒྱའི་གདོང་ལ་དུ་སྤྲིན་ཞིག་འཁྱུག་བཞིན་ལེ་བདས་མཛུབ་མོ་ཐོད་ལ་འཛུགས་བཞིན།

  སྐྱག་རྫུན་ཁྱོད། མཛོ་མོ་རྭ་ལོ་མ་འདི་ངེད་ཚང་ལ་མཚོན་ན་ཕྱུག་གི་རུ་མ་དང་གཡང་གི་ཟོ་ཞབས་ཤིག་ཡིན་པས། ན་ནིང་ངས་རང་གི་མ་དྲིན་མོ་ཆེའི་སྔོ་རྟེན་དུ་ཨ་ལགས་ཚང་ལ་འབུལ་བསམ་ཡང་་་་་་ཨ་ཤུ་རེ་ཁོ་ཞེས་ཨ་མྱེས་ཚེ་ལོ་རྒྱའི་ཡ་ཆུང་ཁོག་པ་ཆུ་ཡིས་བཀང་ནའང་མགྲིན་པ་བརྣངས་ཏེ་སྐད་ཆའི་མུ་སྐྱོང་མ་ཐུབ།

  སྐབས་དེར་ཨ་མ་དབང་མོ་གོ་འདབས་ནས་ཡར་ལངས་ཏེ་ལག་ཏུ་མེ་ཤིང་བཟུང་སྟེ་བུ་ངན་ཁྱོད།  ཁྱོད་ཀྱིས་ད་རག་བར་དུ་མཛོ་མོ་རྭ་ལོ་མའི་འོ་མ་འཐུང་འཐུང་སྟེ་ཕོ་ལོ་ཉི་ཤུར་བུད་རྗེས་རྒྱ་ཤན་པའི་ལག་ཏུ་འཇོག་དོན་ཅི་ཡིན་ཞེས་བུ་ཆུང་སྐྱ་བྷའི་སྟེང་དུ་ཤོར།

  ཕུ་བོ་ལགས།  ཨ་མས་བཤད་ན་མཛོ་མོ་རྭ་ལོ་མ་ནི་བདག་ལ་བྱུ་རུའི་མགུལ་རྒྱན་ཉོ་སྤྱད་དུ་བསྐྱུར་བ་ཡིན་ཟེར་བ་མིན་ནམ།

  མིན།  ང་རང་སློབ་གྲྭ་ཆེན་པོར་འགྲོ་སྐབས་སློབ་ཡོན་སྤྲོད་པར་གྲ་སྒྲིག་བྱས་པ་ཡིན་ཞེས་ད་ལོ་སོ་མར་སློབ་འབྲིང་དུ་བསྐྱལ་བའི་ནུ་བོ་སྐལ་བཟང་གིས་ཨ་ཅེས་བཤད་པའི་སྐད་ཆར་གནས་ལུགས་མེད་པའི་ཚུལ་གྱིས་བཤད།  

  ཕུ་བོ་སྐྱ་བྷའི་གདོང་ལ་ད་དུང་ཇི་མི་སྙམ་པའི་འཛུམ་ཞིག་ལངས་བཞིན་ནས་ཆང་བསིལ་མ་ཟེར་བའི་ཤེལ་དམ་ཞིག་ལ་ཁ་གཏད་དེ་ཆང་འཐུང་རྩིས་བྱེད། 

  སྐྱ་བྷ་ནི་ཨ་མྱེས་ཚེ་ལོ་རྒྱལ་གྱི་བུ་ཆེ་བ་ཡིན་ལ། ཆུང་དུས་ནས་བཟུང་སློབ་གྲྭར་བསྐྱལ་ཡང་རིག་པ་རྟུལ་ཞིང་པྲ་ཚགས་ཆེ་བས་ཐོས་བསམ་གླིང་གི་ཆོས་སྒོར་ཞུགས་སུ་བཅུག དགོན་པའི་ཆོས་ཚོགས་ཀྱི་འདོན་རྟ་དབྱངས་གསུམ་དང་གྲོང་ཆོག་གི་ཆོ་ག་ཐན་ཐུན་རེ་ཤེས་པ་ནས་བཟུང་མཚོ་སྔོན་པོ་གཡས་རུ་གཡོན་རུ་དང་སྨད་རྒྱ་ནག་རི་བོ་རྩེ་ལྔ་བརྒྱུད་ནས་གྲོང་ཆོག་རྒྱུན་ཆད་མ་མྱོང་ལ་སྒོར་མོ་ཡང་ལག་ཐོགས་མེད་པ་ཞིག་ཡིན། ཨ་ལགས་ཚང་གི་ཐུགས་བཀོད་ལྟར་སྡེ་བས་བཞེངས་གྲབས་བྱེད་པའི་བྱང་ཆུབ་མཆོད་རྟེན་གྱི་འགྲོ་སོང་མ་ལུས་ཁོས་དཔའ་ཁས་ལེན་བྱས་པ་ན་སྡེ་བའི་རྒན་དར་གཞོན་གསུམ་རྣམས་ཀྱིས་ཁོ་བོ་ལ་རྗེས་སུ་ཡི་རངས་བྱེད་བཞིན་འདུག ལོ་དེའི་སྟོན་ཁར། ཐོས་བསམ་གླིང་གི་སྐུ་རྟེན་གཙོ་བོ་སྟེ་ཇོ་སྐུ་མཐོ་གང་མ་ཞེས་པ་བོར་ཉིན་ནས་བཟུང་ཁོ་རང་རྒྱ་ནག་སྦྱིན་བདག་ཅིག་གིས་གདན་འདྲེན་བྱེད་བཞིན་འདུག་ཟེར་བཞིན་ཀོང་ཀྲོའུ་རུ་ཆས་སོང་། དེ་ནས་བཟུང་ཁོས་སྡེ་བ་གཞུང་ལ་མཆོད་རྟེན་བཞེངས་རྒྱུ་ཕར་ཞོག་ལོ་བཞི་ལྔའི་རིང་ལ་ཡུལ་དུ་ལོག་མ་མྱངས། དགུན་ཁ་ཞིག་ལ་ཁོས་རང་གི་ཆུང་མ་ཡིན་ཞེས་རྒྱ་མོ་ཞིག་ཁྲིད་དེ་ཡུལ་ལ་ལོག་ཡོང་། ཨ་མྱེས་ཚེ་ལོ་རྒྱལ་མི་ཨུ་ཚུགས་ཅན་ཞིག་ཡིན་པས་ད་ནས་བཟུང་ཁྱོད་དགོན་པའི་ཆོས་སྒོ་ཟེར་བའི་ཤག་མེད། རང་ཁྱིམ་གྲུ་བཞི་ཟེར་བའི་སྦྲ་མེད་ཟེར་བཞིན་ཁོ་བཟའ་ཟླ་གཉིས་ཀ་རང་ཁྱིམ་ནས་སྒོར་དེད།  དེ་ནས་བཟུང་ཁོས་རང་གི་ཆུང་མ་ཡིན་ཟེར་བའི་རྒྱ་མོ་དེ་ཁྲིད་ནས་རྫོང་མཁར་གྱི་ཁང་པ་གྱན་གཅིག་གཡར་ཏེ་འཚོ་བ་འཁྱོལ་ཐབས་བྱས་མོད། དང་ཐོག་དགོན་པའི་ཇོ་སྐུ་བཙོང་བའི་སྒོར་མོ་འགའ་ཡོད་ནའང་ཁོ་རང་རྒྱུན་དུ་ཤོ་ཁང་དང་རྩེད་ཁང་དུ་སོང་ནས་རྒྱན་འཇོག་པ་དང་སྨད་འཚོང་མ་གླ་བ་སོགས་བྱས་ཏེ་ད་ལྟ་སྒོར་མོ་སྐར་གང་ཡང་མེད་པར་གྱུར་སོང་། ཁ་སང་ཁོ་རང་ཤོ་ཁང་དུ་སོང་ནས་ཁ་ཆེ་ཤོ་རྒྱག་མཁན་ཞིག་ལ་ཁྱོད་ཀྱི་བདག་ལ་སྒོར་མོ་ལྔ་བརྒྱ་བསྐྱིས་དང་སང་ཉིན་བདག་གིས་ཁྱོད་ལ་མཛོ་མོ་ཞིག་སྟེར་ཟེར་བཞིན་ཤོ་བརྒྱབ།

  ཇི་འདྲའི་རྒྱུ་འབྲས་མེད་པའི་གཏམ་རྒྱུད་ཅིག ཇི་འདྲའི་ཡིད་སེམས་ཕངས་པའི་དོན་རྐྱེན་ཞིག ཇི་འདྲའི་སྙིང་རྗེ་བྲལ་བའི་བུ་ཆུང་ཞིག་བཅས་ཨ་མྱེས་ཚེ་ལོ་རྒྱལ་གྱིས་ཆིག་ལབ་རྒྱག་བཞིན་ཞེ་སྤོ་གཏིང་ནས་ལངས་ཏེ་སྐྱ་བྷའི་གདོང་ལ་མཆིལ་མ་ལྷུག་ལྷུག་པོ་ཞིག་འཕངས་རྗེས་ཁ་ཅི་ཡང་མི་གྲག་པར་སྒོར་བུད་སོང་། །


                                        2015ལོའི་《ཁ་བཏགས་དཀར་པོ།》དེབ་3པ་ལས་བཤུས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1