༄༅།། རྒོ་བ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-26


  རྒོ་བའི་གཟུགས་པོའི་རིང་ཚད་ལ་ལི་སྨི་91ནས་ལི་སྨི་105ཡོད་ལ་སོག་མགོའི་མཐོ་ཚད་ལ་ལི་སྨི་54ནས་ལི་སྨི་65ཡོད། ལྗིད་ཚད་ལ་སྤྱི་རྒྱ་13ནས་སྤྱི་རྒྱ་16ཡོད་པ་ཡིན། ལུས་པོ་ལྡེམ་མྱུར་ལྡན་ལ་སུག་བཞི་ཕྲ་ཞིང་རིང་། རྨིག་པ་འབྱར་ནས་ཡད་ཅིང་དཔྲལ་མདུན་མཐོ་ཞིང་འབུར་ནས་ཡོད། མིག་ཆེ་ཞིང་སྒོར་བ་དང་རྣ་དང་རྔ་མ་ཐུང་ཐུང་ཞིག་ལས་མེད། ཕོ་ལ་ལི་སྨི་30ཡས་མས་ཀྱི་རྭ་ཅོ་ཐུང་ཐུང་ཞིག་སྐྱེས་ཡོད་པ་དང་རྭ་རྟིང་ནས་སུམ་ཆའི་གཉིས་ཀྱི་མཚམས་ནས་ལྟག་གར་འཁྱིལ་ནས་ཡོད་ཅིང་ཐོག་ཏུ་ཐེམ་འབུར་མང་པོ་ཡོད། དེའི་ཡན་ཆད་ནས་ཐེམ་འབུར་མེད་པར་འོད་འཁྱུག་འཁྱུག་ཏུ་ཡོད་ཅིང་རྩེ་མོ་འཁྱིལ་ནས་ཡོད། ལུས་ཡོངས་ཀྱི་སྤུ་རྟིང་མཐུག་ཅིང་སྤོམ་ལ་དྲང་ཐད་དུ་སྐྱེས་ཡོད་ཅིང་ཁྱད་པར་དུ་ཨོང་གོང་དང་བརླ་གཡས་གཡོན་གྱི་སྤུ་སྲ་ཞིང་དྲང་མོ་ཡིན། སུག་བཞིའི་མན་ཆད་ཀྱི་སྤུ་ཐུང་ཞིང་རྫུབས་ཆེ་ལ་སྐྱི་པགས་དང་དམ་དུ་འབྱར་ཡོད། ལུས་ཀྱི་ཆ་ཤས་ལས་མཆུ་མགོ་དང་མཇིང་པ། རྒྱབ་གཞུང་། ལྟོ་འགྲམ། སུག་པའི་ཕྱི་ངོས་ཀྱི་སྤུ་མདོག་སེར་སྐྱ་ཡིན་པ་དང་། རྔ་མའི་འོག་དང་བྲང་ངོས། ལྟོ་ངོས་དང་སུག་པའི་ནང་ངོས་བཅས་ཀྱི་སྤུ་མདོག་དཀར་ཤས་ཆེ། མགོ་བོའི་རིང་ཚད་ལ་ཧའོ་སྨི་160ནས་ཧའོ་སྨི་185ཡོད། 

  རྒོ་བ་ནི་ཚབ་མཚོན་དུ་རུང་བའི་མཐོ་སྒང་གི་རི་སྐྱེས་སྲོག་ཆགས་ཤིག་ཡིན་པ་དང་རྒྱུན་དུ་ཁྱུ་སྒྲིག་ནས་འཚོ་བ་ཡིན། མཚོ་ངོས་ལས་སྨི་3000ནས་སྨི་100ལྷག་གིས་མཐོ་བའི་ས་རུ་འཚོ་ལ་ཕལ་ཆེར་རྩྭ་ཐང་གི་ཁོར་ཡུག་གང་རུང་དུ་འཚོ་སྡོད་བྱེད་ཐུབ་མོད། སྤྱི་བཏང་དུ་གྲང་ངར་ཆེ་བའི་རྩྭ་ཐང་ལས་མཐོ་སྒང་གི་བྱེ་གཞུང་ནས་འཚོ་བ་ཅུང་ཉུང་། རྩྭ་ལྗང་སྟུག་པོ་སྐྱེས་ཡོད་ཅིང་འཐུང་ཆུ་མོད་པའི་ས་ཁུལ་ནས་འཚོ་བ་རོལ་བར་དགའ་ལ་འགུལ་སྐྱོད་ཀྱི་ཁྱབ་ཁོངས་ངེས་གཏན་གྱི་རང་བཞིན་ལྡན་པ་ཡིན། རྒོ་བའི་ཁ་ཟས་གཙོ་བོ་ནི་རྩྭ་རིགས་སྣ་ཚོགས་ཡིན་པ་དང་ནངས་དགོང་གཉིས་ནི་ཁ་ཟས་འཚོལ་བའི་དུས་སྐབས་ལེགས་ཤོས་ཡིན་ཞིང་མཚེའུ་དང་ཆུ་འགྲམ་དུ་ཡོང་ནས་ཆུ་འཐུང་བ་ཡིན། དུས་ཚིགས་མི་འདྲ་བ་དང་བསྟུན་ནས་ཆེ་ཆུང་མི་འདྲ་བའི་ཁྱུ་སྒྲིག་པ་ཡིན་ལ་དགུན་དུས་ཀྱི་ཁྱུ་ཅུང་ཆེ་བ་སྟེ་བཅུ་གྲངས་དང་མཚམས་ལན་རེར་བརྒྱ་ལྷག་ཁྱུ་སྡེབ་པ་ཡིན། དབྱར་དུས་སུ་ཁ་ཤས་དང་བཅུ་གྲངས་ཙམ་རེ་ཁྱུ་སྒྲིག་པའམ་ཡང་ན་ཁེར་རྐྱང་གིས་འགྲོ་བའམ་ཡོད་སྲིད། རྒོ་བའི་སྣ་ཤེས་དེ་འདྲའི་རྣོན་པོ་ཞིག་མིན་རུང་རྣ་ཤེས་དང་མིག་ཤེས་ཤིན་ཏུ་རྣོ་ལ་རྣམ་རིག་ཧ་ཅང་གྲིམ་པོ་ཡིན། གཉན་པོ་དང་འཕྲད་ན་དེ་མ་ཉིད་དུ་བྲོས་འགྲོ། རྒྱུགས་རྩལ་ཤིན་ཏུ་མགྱོགས་ཤིང་རྒྱང་རིང་རྒྱང་རིང་ལ་ཐོན་ན་ད་གཟོད་མཚམས་བཞག་ནས་ངལ་གསོ་ཞིང་སོ་ལྟ་བྱེད་ཞོར་དུ་ཡང་བསྐྱར་རྩྭ་ཆུར་རོལ་བ་ཡིན། 

རྒོ་བ་སྦྱིག་པའི་དུས་སྐབས་ནི་ཟླ་བཅུ་གཉིས་པ་ནས་ཟླ་བ་དང་པོའི་ནང་ཡིན་པ་དང་མངལ་སྦྲུམ་པའི་དུས་ཡུན་ཟླ་བ་དྲུག་ཡིན། རྒོ་ཕྲུག་གཅིག་རེ་དང་ཡང་ན་གཉིས་རེ་བཙའ་ལ་ཉིན་གཉིས་གསུམ་ཙམ་འགོར་ན་ཨ་མར་འགྲོགས་ནས་རྒྱུགས་ཐུབ་པ་ཡིན། 

  རྒོ་བ་ནི་མདོ་དབུས་མཐོ་སྒང་ན་མ་གཏོགས་ས་ཆ་གཞན་ན་མང་པོ་མཐོར་རྒྱུ་མེད་པའི་རི་དྭགས་ཤིག་ཡིན་པས་ཚན་རིག་ཞིབ་འཇུག་གི་རིན་ཐང་ངེས་ཅན་ཡོད། སྔོན་ཆད་ང་ཚོའི་ཕ་གཞིས་འདི་རུ་རྒོ་བ་མང་དུ་མཐོང་རྒྱུ་ཡོད་མོད་མི་རྣམས་ཀྱིས་འཛེམས་མེད་ཀྱིས་རྔོན་རྒྱག་དང་། རྩྭ་ས་བྱེ་ཐང་དུ་གྱུར་པ། གཏེར་ཁ་རྔོག་འདོན་བྱས་པ་སོགས་ཀྱི་དབང་གིས་རྒོ་བའི་གྲགས་ཀ་ཇེ་ཉུང་དུ་སོང་ནས་རྒྱུད་ཆད་ལ་ཉེ་བས་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོབ་སྲོག་ཆགས་ཡིན་ལ་བྱེད་ཐབས་རབས་དང་རིམ་པ་སྤེལ་བ་ལ་བརྟེན་ནས་གྲངས་འབོར་ཇེ་མང་དུ་འགྲོ་བཞིན་ཡོད། །

 སྐལ་བཟང་ནོར་བུ་དང་སྐལ་བཟང་རིན་ཆེན་གྱིས་བསྒྲིགས་པའི་མདོ་དབུས་མཐོ་སྒང་གི་རྩ་ཆེའི་རི་སྐྱེས་སྲོག་ཆགས་རིས་འགྲེལ།ལས་བཤུས། 


རྩོམ་ཡིག་སྔོན་མ།
༄༅།། གཞི་རིང་དགོན།
རྩོམ་ཡིག་རྗེས་མ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1