༄༅།། སྨན།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-26


གཅིག

  དགུན་གྱི་དུས་འདིར། ཞོགས་པའི་ཉི་འོད་ནི་ཆུ་འཁྱག་ཅིག་ལུས་སྟེང་དུ་བཞུར་འོང་བ་དང་མཚུངས་མོད། རྡོ་སྐྱིད་ལ་ཉམས་སྣང་སྤུ་ཙམ་ཡང་མེད་པར་མདུན་དུ་སྐྱོད་ཀྱིན་འདུག
  མདང་ནུབ། རྡོ་སྐྱིད་ཡུལ་དུ་སླེབས་འཕྱི་སྟབས། ཚེ་སྐྱབས་ལ་སྨན་དུས་ལྟར་ལྡུད་མ་ཐུབ་པས། ཁོའི་ནད་དེ་གློ་བུར་དུ་ཇེ་སྡུག་ནས་ཇེ་སྡུག་ཏུ་ཕྱིན་སོང་། མདང་ནུབ་རྡོ་སྐྱིད་ཁྱིམ་ལ་སླེབས་རྗེས། འཚབ་འཚུབ་ངང་ཚེ་སྐྱབས་ལ་སྨན་ལྡུད་གྲབས་བྱས་པ་ན། འགྱིག་དམ་དཀར་པོའི་ནང་དུ་སྨན་རིལ་སྨན་གསུམ་མ་གཏོགས་ལྷག་མི་འདུག་པས། རྡོ་སྐྱིད་ཀྱི་སྣང་ངོར་སྨན་པ་ཀྲང་གི་གཟབ་ནན་གྱི་ངོ་གདོང་དེ་འཕོས་པ་དང་། སྣང་བརྙན་དེས་སྨན་འཐུང་བའི་དུས་ཡུན་འདའ་མི་རུང་། འཚལ་མ་རེར་སྨན་རིལ་དྲུག་འཐུང་དགོས་ཞེས་བདམས་པ་ན། རང་ཉིད་ཡུལ་ལ་སླེབས་འཕྱི་སོང་སྙམ་ནས་སེམས་སུ་འགྱོད་གདུང་གི་ན་ཟུག་ལྡང་བྱུང་། 
  སྨན་པ་ཀྲང་གིས་ནག་ཆུ་གྲོང་བརྡལ་དུ་རང་གི་སྒོ་བསྟེན་སྨན་ཁང་ནས་ལས་ཀ་གཉེར་ཏེ་ལོ་འགའ་ཕྱིན་སོང་། ཁོས་རང་གི་ནད་པ་རྣམས་ལ་བཅོས་མིན་སེམས་ཀྱིས་གཅེས་སྐྱོང་བྱེད་པས།  ནད་པ་སུ་ཡིན་ཡང་ཁོང་ཨ་ཁུ་ཀྲང་ཞེས་མི་འབོད་པ་མེད། 
  རི་གཤོང་འགའི་ཕ་རོལ་ཏུ་ཟུག་འདུག་པའི་ལམ་ཕྲན་དེ་དེད་ནས་གྲོང་བརྡལ་དུ་འགྲོ་བཞིན་ཡོད་པ་ནི་ཚེ་སྐྱབས་ཀྱི་ཆུང་མ་རྡོ་སྐྱིད་རེད། མོས་ཚེ་སྐྱབས་ཀྱིས་མདང་ནུབ་དུས་ལྟར་སྨན་འཐུང་ཡོད་ན་ཅི་མ་རུང་སྙམ་ནས་སེམས་སུ་འཚུབ་ཆ་ཞིག་ལངས་ཤིང་། བརྒྱ་ལ་ཚེ་སྐྱབས་ཀྱི་རེག་བྱའི་ཚོར་བ་སླར་གསོ་མ་ཐུབ་ཀྱང་། མ་མཐའ་ཡང་སྨན་པ་ཀྲང་གི་སྨན་གྱིས་ཁོ་རང་གསོན་ནས་འདུག་ཐུབ་དགོས་སྙམ། ཚད་ངེས་ཅན་ཞིག་ནས་བཤད་ན། ཚེ་སྐྱབས་ཀྱི་རེག་བྱའི་ཚོར་བ་སླར་གསོ་རྒྱུ་ནི་རྡོ་སྐྱིད་ཀྱི་སེམས་པའི་མཚོ་ཆུང་ལ་བཞད་པའི་རེ་སྒུག་གི་པདྨོ་ཞིག་ཅི་ལ་མིན་ནམ། 
གཉིས།
  ལོ་དེར། ཚེ་སྐྱབས་བྱེ་ལུང་སྡེ་བའི་སྡེ་དཔོན་ཡིན། ཡུལ་ཚོར་འགྲོ་བའི་ལམ་བར་དུ་སྟབས་མ་ལེགས་པར་འཕྲུལ་རྟའི་འཁོར་ཐག་ཆད་ཅིང་། ཆད་དུམ་རྩིབས་རྟར་དཀྲིས་ཏེ་ཁོ་རང་ཐང་ལ་བསྒྱེལ་སོང་། སྨན་ཁང་ནས་གཤགས་བཅོས་བྱས་པར་བརྟེན། ཁོའི་ཀླད་པར་སྐྱོན་མ་བྱུང་མོད། དེ་ནས་བཟུང་། ཁོའི་ཁོག་སྨད་ཧྲིལ་བོ་འགུལ་མི་ཐུབ་པར་གྱུར་ཅིང་། ད་རག་བར་ཆུང་མ་རྡོ་སྐྱིད་ཀྱི་སྙོར་སྐྱོང་དང་སྟན་ཐོག་གི་འཚོ་བ་རོལ་ནས་ཡོང་། 
  ཁོའི་ཁོག་སྨད་ཞ་བོར་གྱུར་རྗེས། རྒྱལ་ཕྱི་མཉམ་འབྲེལ་གྱི་སྨན་ཁང་ཆེ་གྲས་ཁག་ཏུ་ཕྱིན་ནས་ནད་བཅོས་བྱས་ཀྱང་། ཁོག་སྨད་ཀྱི་ན་ཟུག་དེ་འཇགས་པའི་ཐབས་ཤིག་གཏན་ནས་མ་རྙེད། 
  སྐབས་དེར། བླ་མར་ལུང་བསྟན་ཞུས་པས། ད་ནི་བཅོ་ཐབས་ཤིག་མེད་པ་འདྲ་བས་ཕྱིར་རང་ཡུལ་བསྙེག་ནས་ཁ་ཏོན་དགེ་སྦྱོར་ལ་འབུངས་ན་ལེགས། ཕྱི་རུ་གྱར་བ་ལས་ཕྱིར་རང་ཡུལ་དུ་ལོག་ཚེ། ཞ་བོར་གྱུར་པ་ལ་བཅོ་ཐབས་ཤིག་མེད་ཀྱང་། དམ་ཆོས་རེ་བསྒྲུབ་ན་ཚེ་སྲོག་གི་བར་ཆད་ཕྱིར་བཟློག་པས། མཚོ་ཆེན་པོའི་ནང་ལ་རྡོ་འཕེན་པ་ལས་རི་ཡར་ཟུག་གི་རྩེ་རུ་རྡེའུ་བརྩིག་པ་བྱིན་རླབས་ཆེ་གསུང་བར་ཁྱིམ་མིས་ཀྱང་བླ་མའི་གསུང་བཞིན་བསྒྲུབས། 
  ཡུལ་འདིའི་ནད་པ་ཚོ་ནི་རྒྱུན་དུ་འབུ་སྦྲང་ཤ་རུལ་ལ་འཁོར་བ་ལྟར་སྨན་པ་ཀྲང་གི་གམ་དུ་རུབ་ཡོད་ཅིང་།  ངའི་མཁལ་མ་དང་རྐེད་པ་ན་ཡི།  ངའི་སྙིང་དང་ཕོ་ཁ་ན་ཡི།  ངའི་མཆིན་པ་དང་སྒལ་བ་ན་ཡི། ངའི་གྲང་བ་དང་ཚང་ར་ན་ཡི། ངའི་རྐང་བ་དང་བུ་སྣོད་ན་ཡི། ངའི་་་་་་་་་ང་ལ་ཟ་སྔོན་མའི་སྨན་དེ་དགོས། ང་ལ་ཟ་གཅིག་ལ་འཐུང་རྒྱུའི་སྨན་ཞིག་དགོས།  ང་ལ་བདུན་ཕྲག་གཅིག་རིང་འཐུང་རྒྱུའི་སྨན་ཞིག་དགོས།  ང་ལ་འཆིང་མེ་སུའུ་(青霉素)ཡི་གནམ་ཁབ་རྒྱག་དགོས།  ང་ལ་ཉིན་ཉི་ཤུའི་གནམ་ཁབ་རྒྱག་དགོས།  སྐབས་ལ་ལར། སྨན་པ་ཀྲང་ནི་སྨན་ཁོ་ན་སྟེར་མཁན་ཞིག་ཏུ་གྱུར་ཡོད་དེ། ནད་པ་དག་གིས་ རང་ནད་རང་གིས་བཤད་ཐུབ་པས།  སྨན་པ་ཀྲང་གི་བློ་ཡིད་ཀྱང་ཤིན་ཏུ་ཚིམས་ཡོད། 
  ནག་ཆུ་གྲོང་བརྡལ་དུ། ཉིན་རེ་བཞིན་ནད་པ་མང་པོ་སྨན་པ་ཀྲང་གི་སྒོ་བསྟེན་སྨན་ཁང་དུ་འཚང་གིན་ཡོད་ཅིང་། སྒོས་སུ་རྡོ་སྐྱིད་དང་འདྲ་བའི་བོད་ལྭ་ཚི་སྟུག་གྱོན་པའི་ནད་པ་དང་སྨན་ལེན་མཁན་ཧ་ཅང་མང་བས། ད་ལྟའི་དུས་སུ་མཐོ་སྒང་གི་མི་ཚང་མའང་ནད་པ་ཡིན་པའི་སྣང་བ་སྟེར། 
གསུམ། 
  ཆུ་འཁྱག་དང་མཚུངས་པའི་དགུན་གྱི་ཉི་འོད་ཀྱིས་ནག་ཆུ་གྲོང་བརྡལ་གྱི་སྲང་ལམ་སྟེང་གི་ཚེ་སྲོག་ཀུན་ལ་འགུལ་སྐྱོད་བྱེད་པའི་བཀའ་བསྩལ་བྱུང་། ཡིན་ཡང་། རྒྱུན་དུ་གྲོང་བརྡལ་འདིའི་ཉེན་རྟོགས་པར་འཛེམ་དོགས་བྱས་ཡོད་པའི་སྨན་པ་ཀྲང་གིས་ཁ་སང་ནས་སྒུག་ཀྱང་སླེབ་རྒྱུ་མ་བྱུང་བའི་རྡོ་སྐྱིད་ལ་སྒུག་འདུག་ལ། ཡང་སྙིང་དོན་དག་ཅི་ཞིག་བྱུང་བ་ཡིན་ནམ་སྙམ་པ་དང་། སྐབས་ཤིག་ལ། ཁོས་རྡོ་སྐྱིད་ཀྱིས་སྨན་ལེན་རན་ཡང་ད་དུང་མི་སླེབ་པ་འདིས་མོས་ཁྱོ་ག་ཚེ་སྐྱབས་བསྐྱུར་ནས་སྐྱ་ཡ་གཞན་ཞིག་འཚོལ་དུ་ཕྱིན་པ་མིན་ནམ་སྙམ། 
  སྨན་པ་ཀྲང་།  ཁྱོད་སུ་ཡིན།  ཁྱོད་སུ་ཡིན།  ང་སུ་རེད། 
  ང་གང་ནས་ཡོང་བ་རེད་དམ།  ཁྱོད་གང་ནས་ཡོང་བ་ཡིན་ནམ། 
  སྨན་པ་ཀྲང་གིས་རྡོ་སྐྱིད་ཀྱི་ཕྱོགས་ལ་བསམ་བློ་གཏོང་སྐབས། བར་ཁྱམས་ཀྱི་བྱིས་པ་ནད་པ་དེས་འཁྲུལ་བཤད་བྱས་བྱུང་། བྱིས་པ་དེར་གློ་ཚ་རྒྱས་པ་དྲགས་ཤིང་། ཁ་སང་ཕྱི་དྲོ་ནས་ཟ་མ་ཁམ་གང་ཡང་མ་ཟོས་པས། སྨན་པ་དང་བྱིས་པའི་ཨ་མ་གཉིས་སེམས་ཁུར་ལ་གཏད་ཡོད། བྱིས་པ་ནད་པ་དེས་ཁྱོད་གང་ནས་ཡོང་བ་ཡིན་ནམ་ཞེས་དྲིས་པ་དེས་སྨན་པ་ཀྲང་ལ་སྐྲག་སྣང་ཚབས་ཆེན་ཞིག་བསླངས་སོང་། སྨན་པ་ཀྲང་གིས་བྱིས་པ་དེའི་ཨ་མའི་གདོང་ལ་ལྟ་ཙམ་བྱེད་ཅིང་། རང་གི་གདོང་གི་མིག་ཤེལ་ཡར་ལ་འདེད་ཙམ་བྱས་རྗེས། 
  ཅུང་ཙམ་སྒུགས་རོགས། ངས་སྨན་ཞིག་སྦྱོར་ཡོང་ཞེས་བཤད་པ་དང་། གཞུང་ལས་ཁང་དུ་འཛུལ་སོང་། 
  རྡོ་སྐྱིད་སྒོ་བསྟེན་སྨན་ཁང་དུ་འབྱོར་དུས། དེ་རིང་གི་ཉིན་གུང་སྔར་ནས་ཡོལ་འདུག རྡོ་སྐྱིད་ཀྱིས་སྨན་ཁང་གི་སྒོ་ཕྱེས་པ་ན། སྨན་ཁང་གི་བར་ཁྱམས་སུ་ཡོད་པའི་ནད་པ་དག་གིས་མོའི་སེམས་པ་འཁྱག་སིབ་སིབ་ཏུ་བཏང་སོང་། མི་ཚེ་ཧྲིལ་བོར་སྟན་ལ་འབྱར་བའི་ཁྱོ་ག་ཚེ་སྐྱབས་ཀྱི་ལས་དབང་ནི་ཁོ་ཚོ་ལས་ཀྱང་བཙོག་པས་སྡུག་པ་ལ་ཨང་སྙམ། 
  ཟླ་སྔོན་མ་དང་བསྡུར་ན།  སྨན་པ་ཀྲང་གི་སྨན་ཁང་གི་ནད་པའི་གྲངས་ཀ་ཇེ་མང་ལ་སོང་འདུག། བར་ཁྱམས་ཀྱི་རྐུབ་སྟེགས་སྣ་རིང་དང་། པང་ལེབ་དང་སོ་ཕག་གི་མལ་ཁྲིའི་སྒང་དུ། རལ་བའི་ནང་དུ་ཚི་དྲེག་ཆགས་པའི་ནད་པ་མང་པོ་གཡས་འགྱེལ་གཡོན་ལོག་གིས་འདུག་ཅིང་། ཁྱམས་ཀྱི་བར་སྣང་གི་ལྕགས་སྐུད་ཕྲ་མོའི་སྟེང་བཀལ་བའི་འགྱིག་ཟེའུ་ལས་འགྱིག་གི་སྦུ་གུ་ཕྲ་མོ་རེ་ནད་པ་སོ་སོའི་ལག་འགོར་ཟུག་འདུག རྡོ་སྐྱིད་ཀྱིས་སྒོ་ཕྱེས་པས།  ནད་པ་ཚོས་བར་སྣང་གི་འགྱིག་ཟེའུ་དེར་ཅེར་བའི་མིག་དབང་ཕྱིར་བསྡུས་ནས་རྡོ་སྐྱིད་ཀྱི་གདོང་ལ་ལྟས་བྱུང་། 
  སྨན་པས་སྨན་སྦྱོར་གྱིན་འདུག
  བར་ཁྱམས་ཀྱི་ནད་པ་ཞིག་གིས་རྡོ་སྐྱིད་ལ་དེ་ལྟར་བཤད། 
  འོ་ཡ། རྡོ་སྐྱིད་ཀྱིས་ནད་པར་ལན་སྟབས་བདེ་ཞིག་བསྐྱོན་པ་དང་། ནག་ཅིང་སྟུག་པོའི་སྐྲའི་ལན་བུ་གཅིག་པོ་ཕྲག་པ་བརྒྱུད་ནས་རོ་སྟོད་རྒྱབ་ལ་གཡུག་རྗེས། བར་ཁྱམས་ཀྱི་ཤེལ་སྒོ་ཆེན་པོར་ཁ་གཏད་ནས་རྐུབ་སྟེགས་སྣ་རིང་དེའི་སྟེང་དུ་བསྡད། 
  སྨན་པ་ཀྲང་གིས་སྨན་སྦྱོར་བའི་དུས་སུ། ཁོའི་གཞུང་ལས་ཁང་དུ་ནད་པ་ཡིན་ཡང་ཡོང་མི་ཆོག་པ་ནི་སྨན་ཁང་འདིའི་སྒྲིག་ལམ་ཁོ་ན་ཡིན། 
  རྡོ་སྐྱིད་ཀྱིས་བར་ཁྱམས་ཀྱི་ཤེལ་སྒོ་ལས་སྲིང་ལམ་ཕར་ཁའི་རྔ་ཚོད་ཚོང་ཁང་ནང་གི་སྔོ་སེར་དམར་སྨུག་གི་རྔོ་ཚོད་དེ་དག་མཐོང་ཐུབ། ལོ་དེའི་དགུན་ཁར། ཚེ་སྐྱབས་སྨན་ཁང་ནས་ཕྱིར་ཕ་ཡུལ་དུ་ལོག་སྐབས། རྡོ་སྐྱིད་ཀྱིས་སྔོ་ཚོད་ཚོང་ཁང་དེ་ནས་རྔོ་ཚོད་རྒྱ་མ་བཅུ་ཕྲག་ཅིག་ཉོས་པ་དང་། ཚེ་སྐྱབས་ཀྱིས་སྨན་དྲི་བྲོ་སྔོ་ཚོད་དེ་དག་ཟོས་པ་ནས་བཟུང་། ལུས་ཟུངས་ལྷག་ཏུ་ཟད་ཅིང་། ལུས་ངན་དང་ཁྱི་ངན་ལམ་ཕྲད་ཅེས་པ་ལྟར་ཁོའི་ལུས་པོའི་ཕྱི་ཚུལ་ན་ཡི་ཡོད་པའི་སྟེང་ལ་ནང་གི་ཕོ་མཆིན་ལའང་ན་ཟུག་ལྡང་འགོ་བརྩམས་པ་རེད། དེ་རིང་རྡོ་སྐྱིད་ཀྱི་མིག་མདུན་ནས་སྔོ་ཚོད་འདི་དག་འགད་ལ་ཉེ་བའི་འགད་རྫས་ཤིག་དང་འདྲ་བྱུང་། དེ་ལྟ་ནའང་། རྔོ་ཚོད་ཚོང་ཁང་དེའི་ནང་དུ་ཇ་ཡུན་ཙམ་ལའང་། མི་རྣམས་རྒྱུན་ཆད་མེད་པར་ཕར་འགྲོ་ཚུར་འོང་བྱེད་ཅིང་། ནང་དུ་འཛུལ་དུས་ལག་སྟོང་མཆན་ལ་བཙིར་ཡོད་ཀྱང་། ཕྱིར་ལོག་དུས་སྔོ་ཚོད་འགྱིག་ཁུག་གང་རེ་བསྣམས་ཡོང་བས། རྡོ་སྐྱིད་ཀྱི་སེམས་སུ་ད་ལྟ་མི་རང་ཉིད་ནས་རང་གི་ཚེ་སོག་ལ་ཨ་བྲའི་ཚེ་སོག་གི་རིན་ཐང་ལྟ་བུ་ཞིག་ཀྱང་མེད་པར་བྱེད་ཀྱི་འདུག་སྙམ་ཞིང་། ཨ་བྲས་ཀྱང་རང་གི་ཚེ་སྲོག་ལ་གཅེས་སྤྲས་དང་འཛེམ་དོགས་བྱེད་ཁོ་ཐག་ཡིན་སྙམ། 
  མདང་ནུབ་ཚེ་སྐྱབས་ཀྱི་ལུས་པོའི་ཕྱི་ནང་གཉི་ཀར་རྒྱུན་ལྡན་ལས་ན་ཟུག་ལྡབ་བཅུ་ཕྲག་ཅིག་གིས་མཐོ་རུ་ཕྱིན་པས། དེ་རིང་རྡོ་སྐྱིད་ལ་འདས་དོན་ཕྱིར་དྲན་ཁོམ་མེད་པར་གྱུར་འདུག
  སྨན་པ་ཀྲང་གི་གདོང་དུ་རྒྱུན་པར་འཛུམ་ཆུང་ཞིག་དཔྱངས་འདུག་ཅིང་།  འཛུམ་ཆུང་དེའི་གཏིང་དུ་ཐེ་ཚོམ་གྱི་འོད་མོག་ཅིག་ཀྱང་འཚེར་ཡོད། སྨན་པ་ཀྲང་ནག་ཆུ་གྲོང་བརྡལ་དུ་འབྱོར་རྗེས། ད་གཟོད་ཁོའི་གདོང་དུ་འཛུམ་ཆུང་གི་མེ་ཏོག་དེ་བཞད་པ་ཡིན་ཞིང་། མེ་ཏོག་དེའི་གསེང་དུ་ཐེ་ཚོམ་གྱི་ཟེའུ་འབྲུ་དེའང་འཛུམ་པ་རེད། ཁོའི་སེམས་ཀྱི་མེ་ལོང་ངོས་སུ། ནམ་རྒྱུན་ཉེན་རྟོགས་པས་གྲོང་བརྡལ་གྱི་ཟ་ཁང་དང་ཚོང་ཁང་། དངུལ་ཁང་དང་སྨན་ཁང་སོགས་ལ་ཞིབ་བཤེར་བྱེད་པའི་སྣང་བརྙན་ཞིག་འཕོ་ཡོང་བས། ཁོས་ནད་པ་ཚོའི་རྩ་ལ་བརྟག་སྐབས། རང་ནི་ནད་པའི་རྩ་ལམ་ནས་གནད་དོན་ཅི་ཞིག་བཤེར་བའི་ཉེན་རྟོགས་པ་ཞིག་དང་འདྲ་སྙམ། 
  དམག་ལྭ་གྱོན་པའི་ཉེན་རྟོག་པས་མིའི་ཤ་གསེང་རུས་གསེང་གི་ནད་ཀྱི་ཉེན་ཁ་མི་རྟོགས་པས། ཉེན་རྟོག་པ་ངོ་མ་ནི་ང་ཚོ་སྨན་པ་ཚོ་ཡིན། སྨན་པ་ཀྲང་གིས་རྒྱུན་པར་ནད་པ་ཚོར་དེ་སྐད་ལབ་ཀྱི་ཡོད། 
  སྨན་ཁང་དུ་ནད་པ་ཉུང་བའམ་མེད་པའི་སྐབས་སུ། ཁོས་རང་ཉིད་མིའི་ཉེན་རྟོག་པ་ངོ་མ་ཡིན་པས། དོན་དམ་པར་རང་གིས་ནད་ལ་བརྟག་པར་འོང་བའི་ནད་པ་འདི་དག་གི་ལུས་སྟེང་ནས་ནད་ཀྱི་ཉེན་ཁ་ཏིལ་འབྲུ་ཙམ་ཡང་མ་ལུས་པར་རྙེད་ཀྱི་ཡོད་དམ་སྙམ།  འོན་ཀྱང་། ཁོས་རང་གི་སྨན་སྦྱོར་གྱི་ནུས་པར་ནམ་ཡང་གོང་བཀུར་དང་ཡིད་ཆེས་བྱེད་ཀྱི་ ཡོད་ཅིང་། མ་འོང་བ་ནས་ཆུང་མ་དང་ཕྲུ་གུ་ཡང་གྲོང་བརྡལ་དུ་འཁྲིད་ཡོང་དགོས་སྙམ་གྱི་ཡོད། 
  རྡོ་སྐྱིད་ཀྱིས་འཁོན་སེམས་དང་ཆགས་འཛིན་གྱིས་ཁེངས་པའི་མིག་འོད་སྔོ་ཚོད་ཚོང་ཁང་ནས་ཕྱིར་བསྡུས་ཤིང་། གྱོང་རིད་དུ་གྱུར་པའི་ལག་པས་ཟི་ཚར་གྱི་ཐུ་བའི་སྣེ་གཅིག་ཡར་བསྒྲིགས་ནས་སྨན་པ་ཀྲང་གི་གམ་དུ་ཕྱིན། རྡོ་སྐྱིད་སྨན་པ་ཀྲང་གི་གཞུང་སྒྲུབ་ཁང་དུ་འབྱོར་དུས། སྨན་པ་ཀྲང་གི་མིག་ནང་དུ་འཚུབ་ཆའི་འོད་ཅིག་འཚེར་འདུག་ལ། 
  སྒོའི་གྲུ་ཟུར་གྱི་སྙིགས་གཞོངས་དུ་ཡོད་པའི་སྨན་གྱི་འགྱིག་དམ་དེ་དག་ལ་མིག་ཟུར་གྱིས་ལྟ་ཞོར། ཁྱོད་ཐོན་བྱུང་ངམ། ཁྱོད་དེ་རིང་ཐོན་དགོས་པ་རེད་དམ། དེ་རིང་ཚེས་པ་གཉིས་རེད།  ཁོའི་སྨན་མ་ཚར་བ་ཡིན་ནམ། ཞེས་ལྡོག་འབྲི་ཞིག་བྱེད་པ་ལས། ནམ་རྒྱུན་ལྟར་སྨན་སྦྱོར་དུས།  གཞུང་སྒྲུབ་ཁང་ལ་ཡོང་ཆོག་པའི་བརྡ་མེད་པར་རྡོ་སྐྱིད་ནང་དུ་སླེབས་པར་གཤེ་གཤེ་ཡང་ བཏང་མ་སོང་། 
  སྨན་པ་ལགས།  ངས་གནམ་སྟོང་(བོད་ལུགས་ལྟར་རྩིས་པའི་ཚེ ས་པ་སུམ་ཅུ་ཐམ་པ ) མེད་པ་བརྗེད་སོང་། དེ་རིང་ཚེས་གཅིག་ཡིན་རྒྱུ་རེད་སྙམ། རྡོ་སྐྱིད་ཀྱིས་ཅི་ཞིག་ཡིན་མདོག་གིས་ལབ། 
  ཁོའི་ནད་བབ་ཅི་འདྲ་འདུག་གམ། སྨན་པ་ཀྲང་གི་གདོང་ལ་བསུབ་ཐབས་བྲལ་བའི་སྐྱོ་ཉམས་ཤིག་སྒོ་སམ་ངོས་ཀྱི་རི་མོ་ལྟར་བབས་འདུག
  ཞག་གང་བོར་གཉིད་ཐུབ་མ་སོང་།  རྡོ་སྐྱིད་ཀྱི་ངོ་མདངས་རྦད་དེ་ཤོར་འདུག
  ངས་ཁྱོད་རང་ཟླ་རེའི་ཚེས་གཅིག་ལ་སྨན་ལེན་དུ་ཤོག་ཅེས་ཐེངས་ག་ཚོད་ལ་སྐུལ་མྱོང་། 
  སྨན་པ་གྲང་གི་ངོ་མདངས་དམར་སྨུག་ཏུ་གྱུར་འདུག

  སྨན་པ་ཀྲང་། ལོ་འདི་ཚོར་ཚེ་སྐྱབས་སྨན་གྱིས་གསོས་པ་ཡིན་པས། ཉིན་གཅིག་ལ་ཁོར་སྨན་ཆད་ཀྱང་སྐྱོན་ཆེན་པོ་མེད་སྙམ། རྡོ་སྐྱིད་ནི་ནད་ཀྱི་ཕྱོགས་ལ་ཉམས་མྱོང་གིས་བརྟས་པའི་སྨན་པ་ཞིག་དང་མཚུངས། 

  རེམ། སྨན་འདི་འཁྱེར་ནས་མྱུར་མོར་སོང་ཞིག

  སྨན་པ་ཀྲང་གིས་ད་སོ་མར་སྡེབ་སྦྱོར་བྱས་པའི་སྨན་འགྱིག་དམ་གང་རྡོ་སྐྱིད་ལ་གཏད་བྱུང་། 
བཞི་བ།
  དགུན་ཁ་དེའི་ནམ་ཟླ་ཧ་ཅང་འཁྱག གྲང་གདུག་ཤིན་ཏུ་ཆེ་བས་ས་མཐོའི་རི་གྲོང་གི་དབུགས་ལྡན་ཀུན་གྱི་ཤ་གསེང་རུས་ཁོག་ལ་དུག་འབུ་གདུག་ཅན་ཞིག་གིས་སོས་བསྣུན་པ་དང་མཚུངས། ཁངས་ཆགས་དེ་ལྷུང་རྗེས། རིམས་ནད་ཞིག་ཀྱང་གང་ཞིག་ནས་ཁངས་སྐྱ་ལྟར་ལྷབ་ལྷུབ་བབས་པས།  བྱེ་ལུང་སྡེ་བའི་མི་མང་ཆེ་བར་རིམས་ནད་ཕོག་སོང་།  ལོ་དེར། རྡོ་སྐྱིད་ཀྱིས་ཧུར་བརྩོན་བྱས་ཀྱང་། སྒོ་ཕྱུགས་འབྲུ་མོ་གསུམ་མ་གཏོགས་གཞན་རྣམས་ཁངས་གནོད་ཀྱིས་དེད་སོང་། 
  གྲོང་བརྡལ་གྱི་སྨན་པ་ཀྲང་ལ་རིམས་ནད་འགོག་པའི་སྨན་མཆོག་ཅིག་འདུག བྱེ་ལུང་སྡེ་བའི་མི་རྣམས་ཀྱིས་དེ་ལྟར་བཤད། 

  ཁངས་གནོད་ཀྱིས་བརྙས་པའི་སྐབས་དེར། ཚེ་སྐྱབས་ལའང་རིམས་ནད་དེ་འགོས་པས་ཁོའི་མཆུ་ནས་ཝུ་བ་ཙར་ཙར་བྱེད་པས། སྡེ་མའི་ངག་བཞིན་རྡོ་སྐྱིད་གྲོང་བརྡལ་དུ་སྨན་ལེན་དུ་ཐོན། 

  སྨན་པ་ཀྲང་ལགས། ང་རང་བྱེ་ལུང་སྡེ་བའི་ཡིན། ང་ཚོའི་སྡེ་བའི་ནང་རིམས་ནད་ཅིག་ཁྱབ་སྟེ་ད་ལྟ་ངའི་ཁྱོ་ག་ཞ་བོར་ཡང་རིམས་ནད་འགོས་འདུག་པས། ང་ལ་སྨན་ཞིག་སྟེར་རོགས་ཞུ། 
  རིམས་ནད་ཀྱི་དོན་དེ་ངས་གོ་ཡོད།  ཁྱོད་ཀྱིས་ང་ལ་ནད་པའི་གནས་ཚུལ་ཤོད། 
  ཁོག་སྨད་ཞ་ནས་ལོ་མང་འགོར་བའི་ནད་པ་ཞིག་ཡིན། ཁོག་སྨད་ཀྱི་ན་ཟུག་འཇགས་ཀྱི་མེད་པའི་ཁར་རིམས་ནད་ཅིག་ཀྱང་མཆེད་པས་ངོ་མ་ལས་ངན་རེད། 
  ཁྱེད་ཀྱིས་བར་ཁྱམས་ནས་ཅུང་ཙམ་སྒུགས། ངས་ཁྱོད་ལ་སྨན་ཞིག་སྡེབ་ཡོང་། སྨན་པ་ཀྲང་གཞུང་ལས་ཁང་དུ་འཛུལ། 
  ཅུང་ཙམ་གྱི་རྗེས་སུ།  སྨན་པ་ཀྲང་གིས་འགྱིག་དམ་དཀར་པོ་ཞིག་བསྲིངས་ནས། སྨན་འདི་ན་ཟུག་འཇོམས་པར་ཕན་ཐོགས་ཡོད། ཞོར་དུ་བྱིན་པ་ཡིན། སྨན་འདི་འཚལ་མ་རེར་རིལ་བུ་དྲུག་འཐུང་དགོས་ལ་འཐུང་བའི་དུས་ཡུན་སྐར་མ་གང་ཡང་བཟུར་མི་རུང་།  ཟླ་རེའི་ཚེས་གཅིག་ཉིན་སྨན་འདི་ལེན་དུ་ཡོང་དགོས། ཞེས་བདམས། 
  དེ་ནས་བཟུང་། ཚེ་སྐྱབས་སྨན་པ་ཀྲང་གིས་བྱིན་པའི་འགྱིག་དམ་དཀར་པོའི་ནང་གི་སྨན་དེ་དང་ཁ་བྲལ་མ་མྱོང་། རྒྱུ་མཚན་ནི་སྨན་དེས་ཁོའི་སྨད་ཀྱི་ན་ཟུག་མ་ལུས་རྨང་ནས་སྦྲིད་པར་བྱས་སོང་། རྡོ་སྐྱིད་ཀྱང་ད་ལྟའི་བར་ཟླ་གཅིག་རེའི་རྗེས་ནས་སྨན་པ་ཀྲང་ཡོད་སར་སྨན་ལེན་དུ་ཡོང་བ་རེད། 
ལྔ་བ།
  དགུན་ཁའི་ཉི་འོད་གསལ་ཞིང་འོད་འཚེར་ན་ཡང་། གྲང་ངར་གྱིས་བསྐྱོམས་པའི་ཉི་འོད་ནི་འཁྱག་སིབ་སིབ་བྱེད། 
  རྡོ་སྐྱིད་ཀྱིས་སྨན་པ་ཀྲང་གིས་བྱིན་པའི་སྨན་འགྱིག་དམ་གང་བོ་ཨམ་ཕྲག་ཏུ་བསྣམས་ནས་ཡུལ་ཕྱོགས་སུ་མགྱོགས་པོར་འགྲོ་ཡི་ཡོད་མོད། ལམ་ཧྲིལ་བོར་མོའི་མིག་ལྕིབས་ལྡིང་བས་སྙིང་གི་གཏིང་སར་ན་ཟུག་ཅིག་ལྡང་ཞིང་། སེམས་ཧྲིལ་བོ་ནས་ཅི་ཞིག་བོར་འགྲོ་བའི་སྐྲག་སྣང་ཞིག་ལྷོག་ལྷོག་གིས་འགུལ། 
  ཉི་མ་ནུབ་རིར་ལྷུང་ལ་ཉེ་དུས། ད་ལྟའི་བར་རྡོ་སྐྱིད་ཀྱིས་ཁྱེར་བའི་འགྱིག་དམ་ནང་གི་སྦྲིག་སྨན་དེ་དག་དང་། ཚེ་སྐྱབས་ཀྱིས་རྡོ་སྐྱིད་ལ་གཏན་དུ་བདེ་མོ་དང་ཁ་ཆེམས་འཇོག་གི་ཡོད་པའི་རྟོག་བཅས་ཀྱི་རྣམ་པ་ཞིག་སྨན་པ་ཀྲང་གི་མིག་ལམ་ལ་གསལ་བོར་མངོན་བྱུང་བས། སྣང་བ་ཞིག་ལ། ས་སྲོད་འདིར་རྡོ་སྐྱིད་ཀྱི་ངུ་རྒྱངས་ཀྱིས་གནམ་སའི་འདྲེས་མཚམས་ཀྱི་ཉི་ཟེར་དེ་ལའང་གདུང་སེམས་དང་སྡུག་བསྔལ་གྱི་ཁ་དོག་དམར་པོ་ཞིག་བསྒོས་འདུག མོའི་འོ་དོད་དང་འགྱོད་གདུང་གི་སྨེ་ངག་རིང་མོ་དེས་བྱེ་ལུང་སྡེ་བའི་ཁྱིམ་ཚང་སོ་སོའི་སྒོ་ཁར་ན་ཟུག་གི་ས་རྡུལ་ཞིག་འགྲེམ་ཡོང་ལ། ཡུགས་སར་བུད་པའི་རྡོ་སྐྱིད་ཀྱི་ངུ་རྒྱངས་དེ་དེ་ལྟར་ཐག་ཉེ་ནས་རྒྱང་རིང་ཞིག་ལ་མཆེད་ཀྱི་ཡོད་པ་འདྲ། 
  རྡོ་སྐྱིད་འདི་ལྟར་ཡུགས་སར་ཕུད་སོང་། 
  ནག་ཆུ་གྲོང་བརྡལ་དུ་མུན་རུབ་པ་དང་བསྟུན་ནས། སྨན་པ་ཀྲང་གིས་རྒྱབ་ཁུག་ནག་པོ་ཞིག་ཁུར་ནས་སྒོ་བསྟེན་སྨན་ཁང་དེ་ལས་སྒོར་བུད་བྱུང་། ཁོས་མགོ་བོ་ཡར་དགྱེ་ནས་སྟོང་བའི་དབྱིངས་སུ་ཅེར་ཙམ་བྱེད། མུན་པའི་ཁྲོད་དུ། ཁོའི་གདོང་གི་མིག་ཤེལ་དང་འཛུམ་མདངས་ཀྱང་མུན་པར་འདྲེས་འདུག
  ལོ་འགའི་ཡར་སྔོན་དུ། ཡིག་ཚད་ཐེངས་གསུམ་ལ་སྤྲད་ཀྱང་སྨན་པའི་ཚད་ལྡན་འཛིན་ཡིག་ལག་ཏུ་མ་རེག་པའི་སྨན་པ་ཀྲང་དེ་དོ་ནུབ་སྨན་པ་ཀྲང་གི་སེམས་སུ་དྲན་འོང་ལ། འགྱིག་དམ་ནང་གི་སྦྲིད་སྨན་དེ་དག་དང་འཆིང་མེ་སུའུ་དང་ཆུ་མང་པོ་བསྲེས་ཏེ་ནད་པ་ཚོར་གནམ་ཁབ་རྒྱབ་ནས་ཉིན་འགའ་རེར་ན་ཟུག་འཇོམས་ཐབས་བྱས་པའང་ཡིད་དུ་གསལ་བོར་འཁོར་བྱུང་། སྦྲིད་སྨན་ལོ་འགར་བསྟེན་མྱོང་བ་ཞིག་གིས་གློ་བུར་དུ་བསྟེན་མཚམས་བཞག་ཚེ། སྲོག་ཉེན་ཡོད། སྲོག་ཉེན་ཡོད། སྨན་པ་ཀྲང་གིས་རང་སེམས་ཀྱི་རི་ལུང་དུ་དེ་ལྟར་ཀི་བཏབ་ནས་བཤད། 
  དོ་ནུབ། སྨན་པ་ཀྲང་གི་སྣང་ངོར་གྲོང་བརྡལ་གྱི་ཉེན་རྟོག་པ་དེ་ཚོའི་འཇིགས་འཇིགས་ཀྱི་གཟུགས་བརྙན་དེའང་འཕོས་འོང་ལ། གཟུགས་བརྙན་དེས་ཁོར་སྨན་པའི་ཚད་ལྡན་འཛིན་ཡིག་སྟོན་ཞེས་སྐུལ་བྱུང་བས། ཁོའི་ལུས་པོའི་གཏིང་ས་ནད་དངངས་འདར་ཞིག་ལངས་བྱུང་། 
  ནམ་གུང་ཡོལ་ལ་ཉེ་དུས། གྲོང་བརྡལ་འདིའི་ཁང་བ་ཞིག་གི་གྲུ་ག་ནས་མི་ཞིག་གི་རྒྱབ་གཟུགས་མུན་པའི་གསེང་ལ་འཐོམ་སོང་།  དེ་ནི་སྨན་པ་ཀྲང་ཡིན་ནམ། 
  མཚན་གུང་གི་ནག་ཆུ་གྲོང་བརྡལ་སྔར་བཞིན་ཁུ་སིམ་མེར་འདུག་མོད། ཁུ་སིམ་དེ་ནི་འཇིགས་སུ་རུང་བའི་གཅན་གཟན་གཏུམ་པོ་ཞིག་དང་འདྲ། 

                                         2016ལོའི་《གངས་ལྗོངས་ཉི་གཞོན།》དེབ་དང་པོ་ལས་བཤུས། 



རྩོམ་ཡིག་རྗེས་མ།
༄༅།།སྐབས་འདི་ལ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1