༄༅།། ཨ་རིས་བྱིས་པ་བློ་རིག་ཅན་གསོ་སྐྱོང་བྱས་ཚུལ་དང་དེ་ལས་ཐོབ་པའི་བློ་སྐྱེད་རགས་བསྡུས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 04-13


དེང་རབས་སློབ་གསོ།
    ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་ཕྱོགས་ཀྱིས་བློ་རིག་ཅན་གྱི་བྱིས་པ་ལ་མཚན་ཉིད་ཇི་ལྟར་བཞག་ཡོད་ཅེ་ན། ལོ་ཚོད་མཉམ་པ་ཚོའི་ཁྲོད་ནས་མངོན་གསལ་དོད་ལ་ཁྱད་དུ་འཕགས་པའི་ནུས་པ་ལྡན་མཁན་གྱི་བྱིས་པ་ལ་གོ་སྟེ། འདིའི་ཁོངས་སུ་རིག་སྟོབས་དང་གསར་གཏོད་ནུས་པ་ལྡན་མཁན་འདུ་བར་མ་ཟད་ལྷན་སྐྱེས་ཀྱི་སྒྱུ་རྩལ་ནུས་པ་དང་མགོ་ཁྲིད་བྱེད་པའི་ནུས་པ། གཞན་ངེས་གཏན་གྱི་རིག་གཞུང་ཁྱབ་ཁོངས་ཀྱི་ནུས་པ་ཡང་འདུ་བ་རེད། བྱིས་པ་དང་ན་གཞོན་འདི་དག་ལ་སློབ་གྲྭའི་སྤྱིར་བཏང་གི་བསླབ་ཚན་བཀོད་སྒྲིག་དང་དེ་ལས་གཞན་པའི་རོགས་རམ་ཡང་གནང་དགོས། ཨ་རིས་དུས་རབས་གོང་མའི་ལོ་རབས་70པ་ནས་བཟུང་བློ་རིག་ཅན་གྱི་བྱིས་པ་གསོ་སྐྱོང་བྱེད་པ་དེ་ཞིབ་འཇུག་གི་ཁ་ཕྱོགས་འགངས་ཆེན་ཞིག་ཏུ་བཟུང་ཡོད་པར་མ་ཟད། རྒྱལ་ཕྲན་མཉམ་འབྲེལ་དང་ཀྲོའུ་སྲིད་གཞུང་གིས་ཀྱང་ཆེད་དུ་བྱིས་པ་བློ་རིག་ཅན་གསོ་སྐྱོང་བྱེད་པའི་འགན་ཁུར་མི་སྣ་བཀོད་སྒྲིག་བྱེད་བཞིན་ཡོད། ད་དུང་ཀྲོའུ་གང་མང་ཞིག་གིས་བཅའ་ཁྲིམས་བཟོས་ནས་སྤྱི་གཉེར་སློབ་གྲྭ་སོ་སོས་བྱིས་པ་བློ་རིག་ཅན་གསོ་སྐྱོང་བྱེད་པའི་འཆར་གཞི་ངེས་པར་བཟོ་དགོས་པ་གཏན་ལ་ཕབ་ཡོད། ཀྲོའུ་སོ་སོར་10% ཡས་མས་ཀྱི་བྱིས་པས་བློ་རིག་ཅན་གྱི་བྱིས་པ་གསོ་སྐྱོང་བྱེད་པའི་དམིགས་བསལ་སློབ་གསོ་ལོངས་སུ་སྤྱོད་བཞིན་ཡོད་པ་རེད།
    དུས་རབས་གོང་མའི་ལོ་རབས60པའི་ཨ་རི་དང་སུའུ་ལེན་གྱི་འཇམ་འཐབ་དུས་སྐབས་སུ་སློབ་གསོ་ཡིས་འགོག་སྲུང་རོགས་རམ་བྱེད་པའི་ཁྲིམས་གཞི་བཏོན་ཏེ་ཤུགས་ཆེན་པོས་བྱིས་པ་བློ་རིག་ཅན་གསོ་སྐྱོང་བྱེད་པའི་ལམ་ལ་ཞུགས་ཡོད་པ་རེད།
    ཨ་རིའི་ལོ་རབས་80པའི་ཞིབ་འཇུག་གྲུབ་འབྲས་ལས་མངོན་པ་ལྟར་ན། དུས་སྐབས་འདིར་ཚན་རིག་དང་གསར་གཏོད་ཐད་བླ་ན་མིད་པའི་འཕེལ་རྒྱས་བྱུང་ཞིང་། ཚད་ངེས་ཅན་ཞིག་གི་སྟེང་ནས་ཁོ་ཚོས་ལྷན་སྐྱེས་ཀྱི་ནུས་པ་ལྡན་པའི་བྱིས་པར་དང་དོད་ཆེན་པོ་བྱས་ཡོད་པ་རེད། འདི་ལས་ཀྱང་དེ་ནི་ཅི་འདྲའི་དོ་སྣང་བྱེད་རིན་ཡོད་པའི་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་ཞིག་ཡིན་པ་རྟོགས་ཐུབ་བོ།།
    Javisཐེབས་རྩ་ཚོགས་པས་ནན་ཁྭ་ལོ་ལེ་ནཱ་ཀྲོའུ་ཡི་སྤྱི་གཉེར་སློབ་གྲྭ་ཞིག་ཏུ་དུས་ཡུན་ལོ་ངོ་གསུམ་གྱི་རིང་ལ་ཐོལ་བརྒལ་འཆར་གཞི་ཞིག་ཚོད་ལྟ་བྱས་པ་རེད།
    ཚོད་ལྟ་དེའི་ནང་དུ་ཡོང་སྒོ་ཉུང་བའི་དུད་ཁྱིམ་གྱིས་སློབ་མའི་90%ཡན་ཟིན་ཡོད་པར་མ་ཟད། གྲངས་ཉུང་མི་རིགས་གཙོ་བོ་ཡིན་པའི་སྤྱི་གཉེར་སློབ་གྲྭ་གསུམ་བདམས་ཡོད། དེ་ལྟར་བྱེད་དོན་ནི་རིག་པ་ཅན་གྱི་བྱིས་པ་དེ་དག་ངེས་གཏན་གྱི་ཁྱིམ་ཚང་ཁོ་ནར་སྐྱེ་བར་འདོད་པའི་ལྟ་སྟངས་ལ་དགག་བཞག་དང་བྱིས་པ་བློ་རིག་ཅན་གསོ་སྐྱོང་བྱས་པ་དེས་མི་ཐམས་ཅད་ལ་ཕན་ནམ་མི་ཕན་པར་འདོད་པའི་དོགས་པ་དེ་ཡང་སེལ་འདོད་པའི་ཆེད་དུ་རེད།
    འཆར་གཞི་འདིའི་ཐད་ཀྱི་དགེ་རྒན་གྱིས་སྐད་བརྡ་དང་ཚན་རིག་ཕྱོགས་གཉིས་ནས་སློབ་མ་ཚོར་བློ་རིག་ཅན་གྱི་བྱིས་པའི་ཆེད་དམིགས་བསླབ་གཞི་ཁ་སྣོན་བྱས་ཏེ་སྤྱི་མཚན་གྱི་ཆ་རུ་གཏོགས་པའི་གོ་དོན་རྙོག་འཛིང་ཆེ་བའི་བསམ་གཞིག་ཐབས་རྩལ་སྤྱད་ནས་གནད་དོན་ཞིག་ལ་གཏིང་ཟབ་པའི་འཚོལ་ཞིབ་བྱེད་དགོས་པའི་རེ་བ་འདོན།
    ཆེད་དམིགས་བསླབ་གཞི་དེ་དག་ནི་སྤྱིར་བཏང་གི་བསླབ་ཚན་སྟེང་དུ་ཡོད་པའི་སློབ་ཐུན་ཉུང་ངུ་ཞིག་སྟེ་ལོ་རེའི་ནང་སློབ་ཚན་རེ་རེར་གཟའ་འཁོར་3ནས་6གི་སློབ་སྦྱོང་དུས་ཚོད་ལས་མེད་ན་ཡང་སློབ་མ་ཚོའི་སློབ་སྦྱོང་གི་གྲུབ་འབྲས་ལ་མངོན་གསལ་གྱི་མཐོར་འདེགས་བྱུང་ཡོད། དེ་དང་མཉམ་དུ་སློབ་གྲྭའི་ནང་སློབ་མ་རིག་པ་ཅན་སྔོག་འདོན་བྱུང་བའི་ཁ་གྲངས་ལ་ཡང་གློ་བུར་དུ་མཐོར་འདེགས་བྱུང་ཡོད་ལ།དགེ་རྒན་གྱིས་སློབ་མའི་སྟེང་ནས་ནུས་པ་སྣ་ཚོགས་གསར་རྙེད་བྱུང་ཞིང་ཚང་མས་སྟོབས་ཤུགས་གཙོ་བོ་འདོན་ས་དེ་བློ་རིག་ཅན་གྱི་བྱིས་པ་འདེམ་སྒྲུག་བྱེད་པ་ནས་མར་བབས་ཏེ་བསླབ་གཞི་དང་སློབ་ཁྲིད་ཕྱོགས་ཡོངས་ནས་མཐོར་འདེགས་གཏོང་བའི་ཕྱོགས་སུ་བསྒྱུར་ཡོད། དབུལ་ཕོངས་སློབ་མ་མང་པོ་ཞིག་གིས་ཚན་རིག་གི་སློབ་གསོ་ལོངས་སུ་སྤྱོད་དུས་ད་གཟོད་ཁོ་ཚོའི་རིག་པ་ལྷང་ངེར་མངོན་ནུས་སོ།།
    བྱེད་ཐབས་དེ་ལྟ་བུ་ཨ་རིའི་ཝོར་ཅི་ནི་ཡ་དང་ཝ་ཧྲིན་ཐོན་དམིགས་བསལ་ཁུལ་གྱི་ཧྥོ་ཧྥ་ཁུ་སུའུ་རྫོང་གི་གཞུང་ཕྱོགས་སློབ་གྲྭའི་སློབ་ཆུང་སློབ་མ་ལའང་ལག་བསྟར་བྱས་ཏེ། རིམ་པ་མཐོ་བའི་སློབ་སྦྱོང་གི་འཆར་གཞིའི་དུས་རིམ་དང་པོར་ཐོན་ཡོད། དུས་རིམ་དེ་ནི་སློབ་ཆུང་གི་རིམ་པར་ཁྱབ་ཡོད་ལ་དེར་བསམ་གཞིག་གཏོང་སྟངས་དང་འབྲེལ་བའི་སློབ་ཚན་ཁྱོན་བསྡོམས་9ཡོད་པ་དེ་དག་རྒྱུན་ལྡན་གྱི་ཚད་ལྡན་སློབ་ཁྲིད་ཁྲོད་འདྲེས་ཏེ་སྤྱིར་བཏང་གི་སློབ་དེབ་ལ་ཕུན་སུམ་ཚོགས་པའི་ནུས་པ་དང་རྒྱུན་མཐུད་ཀྱི་ནུས་པ་ཐོན་ཡོད་པ་རེད།དཔེར་ན་སྤྱི་ཚོགས་རིག་པ་དང་ལོ་རྒྱུས།སྐད་བརྡ།ཚན་རིག་སོགས་སློབ་ཁྲིད་དག་ལ་ཞིབ་བསྡུར་དང་དོགས་སློང་། འཐབ་ཇུས་འདོན་པ། བསམ་བློ་བརྗེ་རེས་སོགས་ཀྱི་བྱ་ཐབས་སྤྱད་ཡོད་པ་རེད། བསླབ་ཚན་དེ་དག་གི་ཁྲོད་དུ་དགེ་རྒན་གྱིས་སློབ་མ་རེ་རེའི་ཆ་འཕྲིན་བསྡུ་གསོག་བྱས་ནས་རང་རང་གང་ལ་འཚམ་ན་དེར་ཆེད་དུ་སྣ་རྐྱང་གི་རྒྱུན་མཐུད་སློབ་གསོ་བཀོད་སྒྲིག་གནང་ལ་དེའི་རྨང་གཞིའི་སྟེང་ནས་སློབ་མ་ཉུང་ཤས་ཤིག་གདམ་གསེས་སྒོས་དེ་དག་ལ་མཐོ་འབྲིང་མཐར་ཕྱིན་པའི་བར་ཚད་རིམ་མཐོ་བའི་སློབ་སྦྱོང་གི་གོ་སྐབས་སྦྱིན་པ་ཡིན།
    བསླབ་ཚན་དེ་དག་གིས་ངས་བྱིས་དུས་སུ་ཚོད་ལྟའི་སློབ་གྲྭའི་ནང་སློབ་སྦྱོང་བྱས་པ་དབང་མིད་དུ་དྲན་དུ་བཅུག དཔེར་ན་ལོ་རིམ་དང་པོའི་མཚན་ཉིད་རིག་པའི་སློབ་ཁྲིད་སྐབས་སུ་དགེ་རྒན་གྱིས་ང་ཚོར་མི་ནི་ཅིའི་ཕྱིར་ཐེངས་གཉིས་ལ་གཙང་པོར་བརྒལ་མི་ཆོག་པའི་གླེང་གཞི་ལ་གྲོས་བསྡུར་བྱེད་དུ་འཇུག་པར་མ་ཟད་ད་དུང་རྟོག་པ་འོག་འགྱུའི་བརྩམས་སྒྲུང་དང་དེང་རབས་སྙན་ངག་ཀློག་ཏུ་འཇུག གར་སྟེགས་སུ་སྙན་ངག་རྩོམ་པ་དང་རྩོད་པ་སོགས་ཀྱང་བྱེད་དུ་འཇུག་པ་རེད། ཕྱིར་འདང་ཞིག་བརྒྱབ་ན་ང་རང་ལོ་རིམ་དང་པོའི་བྱིས་པ་དག་གི་ཤེས་རྟོག་ནུས་པར་ཧ་ལས་ཡོང་། པྲ་ཆལ་དང་ཁ་སྐྱེངས་སླ་བའི་བྱིས་པ་གང་ཡིན་རུང་ཚང་མ་སློབ་ཁྲིད་འདིར་སྤྲོ་བ་ཡོད། མཚན་ཉིད་རིག་པའི་སློབ་ཚན་གྱིས་ང་ལ་མཛེས་སྡུག་གིས་ཕྱུག་ལ་སྤྲོ་སྣང་གིས་བརྟས་པའི་བག་ཆགས་ཤིག་བཞག་ཡོད། སློབ་འབྲིང་གི་རིག་ཚན་བྱེད་སྒོའི་སྟེང་ཧྲང་ཧེ་རྟེན་རྫས་བཤམས་སྟོན་ཁང་གི་འགྲེལ་བརྗོད་པ་རྣམས་ཀྱིས་བྱིས་པ་ཚོར་རྫ་ཆས་དང་ཟངས་ཆས། མཛེས་རྩལ་སོགས་ལ་མྱོང་རོལ་བྱེད་དུ་བཅུག་པར་མ་ཟད། རྟེན་རྫས་ཁང་དུ་ཁྲིད་དེ་ལོ་རྒྱུས་དགེ་རྒན་གྱིས་ཤེས་བྱ་གསབ་ཁྲིད་བྱེད་པ་རེད། ད་དུང་སྐད་ཡིག་དགེ་རྒན་གྱིས་རིག་དངོས་ལ་བལྟས་རྗེས་ཀྱི་མྱོང་ཚོར་འབྲི་བར་མཛུབ་སྟོན་གནང་བ་རེད། སློབ་འབྲིང་སློབ་མ་ཞིག་ལ་ཆ་མཚོན་ན་ཉན་པ་ཙམ་གྱིས་ཤེས་བྱའི་ཕྱེད་ཀ་མ་གཏོགས་རྒྱུས་མི་ལོན་ན་ཡང་དེས་ང་ཚོ་རིག་གནས་ལོ་རྒྱུས་རྟེན་མཛོད་ཁང་ལ་དགའ་སྣང་སྐྱེ་རུ་བཅུག་པ་རེད།
    དེ་ལས་རྟོགས་ཐུབ་པ་ནི་ད་ལྟ་ཀྲུང་གོ་ཡིས་ཐེག་པ་ཕྲག་པའི་སྟེང་དང་མི་ཐེག་ཀླད་པའི་གཙིགས་ཀྱིས་སློབ་གསོའི་འགན་ཁུར་ཇེ་ཡང་དུ་གཏོང་བཞིན་པ་དེ་རེད། ཚད་ལྡན་རྒྱུགས་གཞིའི་གནོན་ཤུགས་ཇེ་ཡང་དུ་གཏོང་བ་ནི་ཡང་དག་པའི་ཁ་ཕྱོགས་ཤིག་ཡིན་མོད། གོ་རིམ་དེའི་ཁྲོད་དུ་ཅི་ཞིག་ཁ་སྣོན་བྱས་ཡོད་པ་དང་མི་འདྲ་འམ། འགྱུར་མེད་སྲ་བརྟན་གྱི་རྒྱུགས་ལེན་ལམ་ལུགས་དེས་ཀྱང་སྔར་ལས་མང་བའི་བསམ་གཞིག་དང་། དབྱེ་ཞིབ། གསར་གཏོད་ཀྱི་གོ་སྐབས་མང་པོ་བསྐྲུན་ཡོད་པ་མ་ཡིན་ནམ། ཨ་རིས་བྱིས་པ་བློ་རིག་ཅན་གསོ་སྐྱོང་བྱ་ཚུལ་དེར་ང་ཚོས་ཀྱང་མིག་ལྟོས་བྱས་ཚེ་སློབ་མ་གང་མང་ཞིག་ལ་ཕན་ཐོགས་འབྱུང་ངེས་སོ།།

               2016ལོའི་ཟླ་4པའི་ཚེས་8ཉིན་གྱི་《མཚོ་སྔོན་བོད་ཡིག་གསར་འགྱུར།》ལས་བཤུས། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1