༄༅།། ཀརྨ་བསོད་ནམས།

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས། བོད་ཀྱི་སློབ་འབྲིང་དྲ་བ། སྤེལ་དུས། 04-19



  བོད་ཀྱི་སྲོལ་རྒྱུན་རི་མོ་ལས་ཀརྨ་སྒར་བྲིས་གྱི་ཆེད་རམས་པ་ཀརྨ་བསོད་ནམས་ནི། རབ་བྱུང་བཅུ་དྲུག་པའི་ས་ལུགས་སྤྱི་ལོ་1979ལོར་སྨན་ཤོད་ཅི་ཇོ་གྲོང་དུ་འཁྲུངས། ཆུང་ངུའི་དུས་སུ་འཁོར་ཡུག་ཆ་རྐྱེན་ཞན་པའི་དབང་གིས་སློབ་གསོའི་གོ་སྐབས་མ་ཐོབ་པས་གྲོང་པའི་ཟོག་རྫི་བྱས། དུས་དེར་རི་མོ་འབྲི་བ་ཧ་ཅང་དགའ་པོ་ཞིག་ཡིན་སྟབས། རྡོ་ལེབ་དང་བྲག་ཕུག་གི་ཐལ་བའི་ནང་དུ་རི་མོ་སྣ་ཚོགས་བྲིས་ཤིང་། ལོ་ལྟར་བོད་ཀྱི་ལོ་ཐོའི་ནང་གི་གླང་དང་གླང་རྫིའི་གཟུག་ལ་དཔེ་བྱས་ཏེ་སེམས་ཅན་གྱི་གཟུགས་བརྙན་འབྲི་ཚུལ་སྦྱངས། སྐབས་ཤིག་ཁྱིམ་དུ་རྐྱེན་ཟློག་རིམ་གྲོའི་ཆེད་དུ་སྲི་ཟློག་མཆོད་རྟེན་ཆུང་ངུ་ཞིག་བཞེངས་སྐབས་ལྷ་བཟོ་བས་མཆོད་རྟེན་གྱི་གདན་ཁྲིའི་ངོས་སུ་སེང་གེའི་གཟུགས་འབྲི་རྒྱུའི་རི་མོ་རང་སྦྱོང་བྱས་པས་སེང་གེའི་གཟུགས་ཤིན་ཏུ་མཛེས་པ་འབྲི་ཤེས་པ་བྱུང་བས་དགའ་སྤྲོས་བརྟས།

  རང་ལོ་བཅུ་གསུམ་སྐབས་སུ་དཔལ་སྤུང་དགོན་དུ་ཨ་མཆོག་སྤྲུལ་སྐུའི་མདུན་དུ་རི་མོ་སྦྱང་སར་ཕྱིན་ཏེ་ལྷ་རིས་དང་། ཡི་གེ་འབྲི་ཀློག་སྦྱོང་བས་ཡུན་རིང་མ་འགོར་བ་སྦྱོང་འབྲས་ལེགས་པར་ཐོབ། ལྷག་པར་དུ་ལྷ་སྐུ་སོགས་རི་མོའི་རིགས་ལ་ཡར་ཐོན་ཆེན་པོ་བྱུང་བ་དང་། ཀརྨ་སྒར་ལུགས་ཀྱི་ཚོན་རིས་རྣམས་མཐར་ཕྱིན་པ་བསླབ། དེ་ནས་ལྷ་བཟོ་བུ་ཤེ་ལ་དགེ་རྒན་དུ་བསྟེན་ཞིང་དེ་དང་ལྷན་དུ་དཔལ་ལྷ་སྒང་དུ་སོོང་ནས་མཁན་པོ་རྩྭ་ར་ཆོས་གྲགས་ཀྱི་བཤད་གྲྭའི་ལོག་རིས་རྣམས་བྲིས། རང་ལོ་བཅུ་དྲུག་པའི་ཤིང་ཁྱི་ལོ་དཔལ་ཡུལ་དགོན་དུ་རང་སློབ་འགའ་ཞིག་ཁྲིད་ནས་དགོན་པ་དང་གྲོང་པའི་ཁང་ཚོན་བཏང་ནས་ལོ་གཅིག་ཙམ་ཕྱིན། དེ་རྗེས་ཕྱིར་དཔལ་སྤུང་དགོན་དུ་ཕྱིན་ནས་ཨ་མཆོག་སྤྲུལ་སྐུའི་བསྐྱར་བཞེངས་བྱས་པའི་ལྷུ་དིས་བླ་བྲང་ནང་ལོ་གཅིག་ལྷག་ཙམ་ལ་ལོག་བྲིས་དང་མཚོན་མདང་ཡོངས་སུ་རྫོགས་པ་བྱས་སྒར་ལུགས་མཚོན་རིས་མཁས་པའི་མཚན་སྙན་རྒྱས། སྤྱི་ལོ་1999ལོ་དར་མདོ་ཕྱིན་ཏེ་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་ནང་སུམ་རྟག་དག་གསུམ་དང་།

  ཐིག་ཚོན་སོགས་ལྷ་བཟོའི་རི་མོའི་གཞུང་ལུགས་ལ་སློབ་གཉེར་གནང་བཞིན་གཞན་གྱིས་མངགས་བཅོལ་བྱས་པའི་ཐང་ག་གང་མང་བྲིས། སྤྱི་ལོ་2005 ལོར་ཀརྨ་བི་ཤྭོའི་གེ་སར་སྟོང་ཐང་གི་ལས་རའི་ནང་དུ་ཞུགས་ནས་ལོ་གཉིས་ལྷག་ཙམ་ལ་ལས་གཞིའི་ཡན་ལག་གི་དབུ་འཛིན་བྱེད་རིང་། གེ་སར་ཞལ་ཐང་བདུན་བཅུ་ལྷག་ཙམ་ཞིག་ཡོངས་སུ་གྲུབ་པར་བྱས། དེ་ནས་ལྷ་སར་ཕྱིན་ཏེ་ཡོན་ཏན་བཟང་པོ་དང་ལྷན་དུ་ས་སྐྱའི་གྲགས་ཆེན་བཅོ་བརྒྱད་ཀྱི་དབུ་ལྷའི་ཞལ་ཐང་རྣམས་བྲིས་པ་དང་།   གཞན་གྱིས་མངགས་བཅོལ་བྱས་པའི་ཀརྨ་སྒར་བྲིས་ཀྱི་ཞལ་ཐང་གསལ་བཞེངས་བྱེད་པའི་ལས་ཞོར་དུ་བོང་ཀྱི་མི་རབས་རྗེས་མ་གསོ་སྐྱོང་གི་ཆེད་དུ་སློབ་གྲྭ་ཆུང་འབྲིང་གི་སློབ་མ་རྣམས་གཙོར་བྱས་པའི་བོད་རིགས་གཞོན་ནུ་རྣམས་ལ་རང་རིགས་ཀྱི་ལོ་རྒྱུས་ཤེས་རྟོགས་སླ་བའི་ཆེད་དུ་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་པར་སྐྲུན་འགྲེམ་སྤེལ་བྱས་པའི་((བོད་ཀྱི་ལོ་རྒྱུས་བྱིས་པའི་དགའ་སྟོན།) (དེབ་བཞི།)) བཅས་དཔེ་དེབ་ཁག་གི་བར་འཇུག་རི་མོའི་གཟུགས་བརྙན་གསར་སྐྲུན་གནང་བ་དང་། ལྷག་པར་དུ་བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོ་ནས་གླང་དར་མའི་བར་གྱི་སྣང་བརྙན་གསར་སྐྲུན་དང་། ཆོས་རྒྱལ་སྲོང་བཙན་སྒམ་པོས་གཏན་འབེབས་བྱས་པའི་བཀའ་རྟགས་ཀྱི་ཕྱག་རྒྱ་དྲུག་དང་། དམག་གི་རུ་ཆེན་བརྒྱད་ཀྱི་དམག་དཔོན། རུ་དར། རུ་རྟ་སོགས་ཡིག་རྙིང་རྣམས་སུ་ཇི་ལྟར་གསལ་བ་བཞིན་ཁུང་བཅོལ་ནས་གཟུགས་བརྙན་གསར་འབྲི་གནང་བ་འདིས་བོད་ཀྱི་སློབ་གྲྭ་ཆུང་འབྲིང་གི་སློབ་མ་གཙོ་བོར་བྱས་པའི་གཞོན་ནུ་ཤེས་ཡོན་ཅན་རྣམས་ལ་ཕན་སྐྱེད་རྒྱ་ཆེན་པོར་ཡོང་བར་ངེས་སོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1